logo

རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་རེབ་གོང་དྲུག་པའི་ཀླུ་རོལ་གྱི་སྐབས་དང་པོའི་འཁྲབ་སྟོན་བྱེད་སྒོ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-08-14 ཀློག་གྲངས།:
       2025ལོའི་ཟླ8པའི་ཚེས8ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལུས་རྩལ་ར་བ་རུ་རྔ་སིལ་གྱི་སྒྲ་དབྱངས་དང་མི་ཚོགས་ཀྱི་འདུ་འཛི་ལང་ལོང་ཁྲོད་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་རེབ་གོང་དྲུག་པའི་ཀླུ་རོལ་གྱི་སྐབས་དང་པོའི་འཁྲབ་སྟོན་བྱེད་སྒོ་སྤེལ་མགོ་བརྩམས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མང་ཚོགས་དང་ཡུལ་སྐོར་པའི་ཚོགས་རྣམས་གཅིག་ཏུ་འདུས་ནས། སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དགའ་ཞེན་དང་རྒྱུན་འཛིན་གྱི་འགན་འཁྲི་ཁུར་ཏེ། ལོ་ངོ་སྟོང་ལ་བརྒྱུད་འོང་པའི་དམངས་སྲོལ་རིག་གནས་ཀྱི་དགྱེས་སྟོན་ལ་མཉམ་དུ་རོལ།
       སྔ་དྲོའི་ཆུ་ཚོད11པའི་སྟེང་། འཁྲབ་སྟོན་བྱེད་སྒོ་དེ་དམིགས་བསལ་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་གྱིས་སྒོ་འཕར་ཕྱེ་བ་དང་། སྡེ་བ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་རུ་ཁག་གིས་འགྲོས་མཉམ་པའི་གོམ་སྟབས་སྒྱུར་བཞིན་སྔ་གཞུག་བྱས་ནས་ཚོགས་རར་བསྐྱོད། ཁོ་ཚོས་ལུས་ལ་གྱོན་པའི་གཟབ་འཕྱོར་གྱི་སྲོལ་རྒྱུན་ཤོམ་ལྭ་ཡིས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་བརྩེ་བ་དང་ལོ་རྒྱུས་མཚོན་ཡོད།
       བྱེད་སྒོའི་ཡུལ་དངོས་སུ། འཁྲབ་སྟོན་པ་རྣམས་ཀྱིས་གདེངས་ཀྱིས་ཁྱོགས་པའི་རོལ་མོའི་འགྲོས་དང་བསྟུན་ནས་འཁྲབ་སྟོན་བྱས་པ་དང་། ལན་རེར་གསོལ་མཆོད་ཀྱི་རྣམ་པ་དང་ལན་རེར་ཞིང་ལས་ངལ་རྩོལ་གྱི་རྣམ་པ་མངོན་པར་བཤམས་ནས། སྟོབས་དང་མཚར་ཉམས་ཀྱིས་ཕྱུག་པའི་འཁྲབ་སྟོན་གྱིས་མི་སེམས་རབ་ཏུ་བཀུག
       རེབ་གོང་དྲུག་པའི་ཀླུ་རོལ་ནི་ཐུན་རིན་གྲོང་ཁྱེར་གྱི་བོད་རིགས་དང་ཧོར་རིགས་ཀྱི་སྡེ་བར་དམིགས་སུ་ཡོད་པའི་སྲོལ་རྒྱུན་རིག་གནས་དུས་སྟོན་ཞིག་ཡིན་ལ། ད་ལྟའི་བར་དུ་ཧ་ལམ་ལོ་ངོ1400ལྷག་གི་ལོ་རྒྱུས་ཡོད། ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པར། རེབ་གོང་ས་ཆའི་སྡེ་བ་སོ་སོར་དམངས་ཁྲོད་ཀྱི་གསོལ་མཆོད་བྱེད་སྒོ་སྤེལ་བ་རེད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ། རེབ་གོང་དྲུག་པའི་ཀླུ་རོལ་དེ་སྐོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པ་རེད།
       “ད་ལོར། ང་ཡང་འཁྲབ་སྟོན་རུ་ཁག་ནང་ཚུད་ནས་སྐབས་དང་པོའི་འཁྲབ་སྟོན་བྱེད་སྒོར་ཞུགས་པའི་སྐལ་བ་བྱུང་། ངས་རང་གི་ཕ་ཡུལ་གྱི་རིག་གནས་འདི་ཉིད་སྔར་ལས་མང་པོ་ཞིག་གིས་མཐོང་ཐུབ་པར་རེ་ལྟོས་འཆང་བཞིན་ཡོད”ཅེས་སོག་རུ་སྡེ་བའི་སྡེ་མི་ཞིག་གིས་བཤད་པ་དང་། དེའི་འགྲམ་དུ་ཡོད་པའི་སྡེ་བ་གཞན་པའི་མི་ཞིག་གིས་ཀྱང་དགོད་བཞིན་དུ“དེ་རིང་གྲོང་ཁྱེར་གྱི་ལུས་རྩལ་ར་བ་ནས་འདི་འདྲའི་མི་མང་པོར་འཁྲབ་སྟོན་བྱེད་ཐུབ་པ་བྱུང་བས། སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད”ཟེར།
       ཐེངས་འདིའི་བྱེད་སྒོ་འདི་ནི“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི”འཐབ་ཇུས་དང་རྒྱལ་ཁབ་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དུས་རབས་གསར་པར་ཕྱོགས་པའི་མངོན་མཚོན་རི་མོ་ཡིན་པ་དང་། མི་རིགས་ཀྱི་སྙིང་སྟོབས་སྤེལ་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་སྨྲ་མེད་ཅིག་རེད།
       ཐུན་རིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རེབ་གོང་དྲུག་པའི་ཀླུ་རོལ་གྱི་དམངས་སྲོལ་བྱེད་སྒོ་འདི་ཟླ8པའི་ཚེས9ཉིན་ནས་བཟུང་སྟེ་ཚེས18ཉིན་བར་དུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་སྡེ་བ་སོ་སོས་རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་སྣ་ཚོགས་བྱེད་རྒྱུ་རེད་ཟེར། །
འབྲེལ་ཡོད་འོས་སྦྱོར།