logo

སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་བྱ་འགུལ་ཡག་པོ་ཞིག་སྤེལ་འདུག

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། དུས་ཚོད།:2025-09-16 ཀློག་གྲངས།:
       ཉེ་སྔོན། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་དག་སྒྲིག་པར་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་དང་དཔེ་དེབ་ལེགས་འབུལ་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་སུ་གཉེར་ཡོད། བྱེད་སྒོ་འདི་ནི་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་མི་རིགས་འཕྲིན་ལམ། ཧོ་ཞང་དཔེ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། སི་ཁྲོན་མེས་པོའི་གནའ་དཔེ་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་སྒྲུབ་འགན་འཁུར་ཞིང་། ཀྲུང་གོའི་གནའ་དཔེ་སྲུང་སྐྱོང་མཐུན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག་སྤེལ་བ་ཞིག་རེད།
       སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་ནི་སི་ཁྲོན་ཞིང་ཆེན་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་བཙུགས་པ་ཞིག་ཡིན་ཞིང་། ད་ཆ་ཀྲུང་གོའི་གནའ་དཔེ་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་ཚན་པ་ཞིག་ཡིན། དེས་ཐོག་མཐའ་བར་གསུམ་དུ་རྒྱ་བོད་རིག་གནས་སྔོག་འདོན་དང་ལེགས་སྒྲིག་ཁྱབ་སྤེལ་བྱ་རྒྱུའི་ལས་ལ་གཞོལ་ནས། བརྒྱུད་རིམ་ལྡན་ཞིང་དང་ཆེད་ལས་ཅན་གྱི་ཚད་མཐོ་བ། སྤུས་ཀ་དག་པ་བཅས་ཀྱི་མི་རིགས་རིག་གནས་ཞིབ་འཇུག་དང་ཞབས་ཞུའི་སྟེགས་བུ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། དུས་ཡུན་རིང་པོའི་ནང་གནའ་དཔེ་ལེགས་སྒྲིག་ཁང་དེས་བོད་ཡིག་གནའ་དཔེ་ཕྱོགས་ཡོངས་ནས་འཚོལ་བསྡུ་དང་། ལེགས་སྒྲིག རྩོམ་སྒྲིག ཞུ་དག པར་སྒྲིག དཔེ་སྐྲུན། གྲངས་གཞི་ཅན་བཅས་དང་དེ་བཞིན་རྒྱ་བོད་ཡིག་བསྒྱུར་སོགས་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག དཔེ་དེབ་སྡེབ་ཚོང་སིལ་ཚོང་གི་ཞབས་ཞུ་ཡང་སྒྲུབ་བཞིན་ཡོད། མ་ཚད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རིག་གནས་རྗེས་ཤུལ་སྲུང་སྐྱོབ། རིག་གནས་སྒྱུ་རྩལ་སྤེལ་རེས་སོགས་ཀྱི་རྣམ་གྲངས་ནང་ཧུར་ཐག་ཞུགས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་གསར་གཏོད་ཐད་སྟོབས་ཤུགས་ཟམ་མི་ཆད་པར་ལེགས་སྐྱེས་འབུལ་བཞིན་ཡོད།
       བྱེད་སྒོའི་ཡུལ་དངོས་སུ་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་གནའ་དཔེ་དག་སྒྲིག་པར་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད། དཔེར་ན«ཤེས་བྱ་ཀུན་ཁྱབ»ཅེས་པ་པོད་གསུམ་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི«བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཤེས་བྱའི་བང་མཛོད»ཅེས་པ་པོད་དྲུག དེ་བཞིན«ཚད་མ་རིག་པའི་ཕྱོགས་བསྒྲིགས་ཆེན་མོ»ཞེས་པོད་ལྔ་བཅུ། དེ་བཞིན་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་པའི«རོལ་མོའི་བསྟན་བཅོས་རྩ་འགྲེལ་དཔེ་བསྡུར་མ»ཞེས་པ་དང«གསོ་རིག་རྒྱུད་བཞིའི་དཔེ་བསྡུར་མ»ཞེས་པ་སོགས་དཔེ་དེབ་རིགས་བཅུ་ལྷག་རེ་རེ་བཞིན་འགྲེམ་སྟོན་བྱས་ཡོད། དེ་རྗེས་ཀྱི་དཔེ་དེབ་ལེགས་འབུལ་ཞུ་བའི་ལྷུ་ཚིགས་སུ་ལེགས་སྒྲིག་དང་དཔེ་སྐྲུན་ཞིབ་ཚགས་གནང་བའི་དཔེ་དེབ་ཁག་གཅིག་མི་རིགས་ས་ཁུལ་དུ་ཞལ་འདེབས་བརྒྱབ་ཅིང་། གཞི་རིམ་གྱི་རིག་གནས་སྡེ་ཁག་དང་མི་རིགས་ས་ཁུལ་གྱི་སློབ་གྲྭ་དང་དཔེ་མཛོད་ཁང་སོགས་ལ་སྤུས་ལེགས་རིག་གནས་ཐོན་ཁུངས་མཁོ་འདོན་གནང་ཡོད།
       བྱེད་སྒོའི་ནང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་བོད་རིག་པའི་རིགས་གཅིག་མཁས་ཅན། ཞལ་འདེབས་དང་ལེན་ཞུ་མཁན་ཕྱོགས་ཀྱི་འཐུས་མི་སོགས་བོད་ཀྱི་རིག་གནས་དང་གནའ་དཔེ་སྲུང་སྐྱོང་ལ་དོ་ཁུར་བྱེད་མཁན་མི་སྣ་མང་པོ་ཞིག་ཚོགས་འདུར་ཞུགས་ཡོད་ལ། ཚང་མས་ས་གནས་ས་ཐོག་ཏུ་བོད་ཡིག་གནའ་དཔེའི་རིན་ཐང་དང་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བརྗོད་གཞིར་དམིགས་ནས་རིག་གཞུང་བགྲོ་གླེང་ཡང་གནང་ཡོད།
       ད་ཐེངས་ཀྱི་བྱེད་སྒོ་འདིའི་ཐོག་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་འདས་སོང་གི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་ལ། སླད་ཕྱིན་གྱི་བོད་ཡིག་གནའ་དཔེ་དག་སྒྲིག་དཔེ་སྐྲུན་ལས་དོན་ལ་དེ་བས་ཀྱང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། བོད་ཡིག་གནའ་དཔེ་ནི་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་འདུས་པའི་བང་མཛོད་ལྟ་བུ་ཡིན་པ་མ་ཟད། ཀྲུང་ཧྭའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཁྲོད་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུའང་ཡིན་པས། དེའི་ནང་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དྲན་ཤེས་ཡོད་ལ་ཀྲུང་ཧྭ་བུ་ཕྲུག་གི་ཐུན་མོང་གི་རིག་གནས་བློ་གྲོས་ཀྱང་འདུས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།