logo

བོད་སྐད་ཡིག་དན་གྲངས་མཛོད་འཛུགས་སྐྲུན་སྐོར་གྱི་བགྲོ་གླེང་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2025-11-03 ཀློག་གྲངས།:
བོད་སྐད་ཡིག་དན་གྲངས་མཛོད་འཛུགས་སྐྲུན་དར་སྤེལ་དང་ཐེངས་དང་པོའི་བོད་ཀྱི་སྤྱི་སྐད་བགྲོ་གླེང་ཁྲེང་ཏུའུ་ནས་འཚོགས།
 
       ༢༠༢༥ལོའི༡༡པའི་ཚེས༡ཉིན་གྱི་ཕྱི་དྲོར་བོད་སྐད་ཡིག་དན་གྲངས་མཛོད་འཛུགས་སྐྲུན་དར་སྤེལ་དང་ཐེངས་དང་པོའི་བོད་ཀྱི་སྤྱི་སྐད་བགྲོ་གླེང་ཁྲེང་ཏུའུ་ནས་འཚོགས་པ་རེད།
       བགྲོ་གླེང་ཚོགས་འདུའི་ཐོག་འབྲེལ་ཡོད་ལས་རིགས་ཆེད་མཁས་པ་དང་། མཁས་དབང་། ཁེ་ལས་འཐུས་ཚབ་པ་སོགས་ལྷན་དུ་འཛོམས་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་འཕྲུལ་ཤེས༼AI༽དན་གྲངས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་བབ་དང་། ལག་རྩལ་གསར་གཏོད། ཆེད་ལས་མི་སྣ་གསོ་སྐྱོང་། མ་འོངས་པའི་ཁ་ཕྱོགས་བཅས་བརྗོད་གཞིར་བཟུང་སྟེ་ཚང་མས་རང་རང་སོ་སོའི་ལྟ་ཕྱོགས་དང་བསམ་ཚུལ་གླེང་བ་དང་། ཉམས་མྱོང་བརྗེ་རེས་བྱས་པ་རེད།
       ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་ཆེད་མཁས་པ་དང་འབྲེལ་ཡོད་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ལ་གཟུགས་ལྡན་གྱི་རིག་གནས་ཤུལ་བཤག་དང་གཟུགས་མེད་ཀྱི་རིག་གནས་ཤུལ་གཞག་གཉིས་འདུས་ཤིང་། འདི་དག་ཚན་རིག་དང་མཐུན་ཞིང་གསར་གཏོད་ལྡན་པའི་ལམ་ནས་རྒྱུན་འཛིན་དར་སྤེལ་གཏོང་དགོས་ཞེས་གསུངས་པའི་དགོངས་དོན་གལ་ཆེན་གཞིར་བཟུང་ནས། རིག་གནས་དན་གྲངས་ཅན་གྱི་རླབས་རྒྱུན་འོག་བོད་སྐད་ཡིག་དན་གྲངས་མཛོད་འཛུགས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་ཏུ་ཆགས་ཡོད་པར་མ་ཚད། འདི་ནི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་པར་ཅིས་ཀྱང་བསྐྱོད་དགོས་པའི་ལམ་བུ་ཞིག་ཏུ་ཆགས་ཡོད་པའི་འདོད་ཚུལ་བསྟན་པ་རེད།
       བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་ཧྥན་ལའེ་ཝུའུ་ཚོགས་པ་དང་ཡུན་ཀྲུང་ཡུན་ཚན་རྩལ་ཚད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་ལས་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་ཅིང་། མ་འོངས་པར་ཁོང་ཚོས་འབད་པ་ཆེན་པོས་ལག་གདང་སྦྲེལ་ནས་བོད་སྐད་ཡིག་གི་འཕྲུལ་ཤེས༼AIདན་གྲངས་མཛོད་འཛུགས་སྐྲུན་བྱེད་པ་བརྒྱུད་སྐད་དང་རིག་གནས་དར་སྤེལ་གྱི་ལེའུ་གསར་པ་གཏོད་རྒྱུ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བགྲོ་གླེང་འདི་འདྲ་ཞིག་འཚོག་དགོས་པའི་དམིགས་ཡུལ་གཙོ་བོ་ནི་དན་གྲངས༼AIལག་རྩལ་ལ་བརྟེན་ནས་མ་ལག་རང་བཞིན་གྱིས་འཚོལ་བསྡུ་དང་ཚན་ལྡན་ཅན་གྱིས་ལེགས་སྒྲིག། རིག་ནུས་ཅན་གྱིས་ཉར་ཚགས་བྱེད་པ་བཅས་ཀྱི་ལམ་ནས་མི་རིགས་ཀྱི་སྐད་དང་ཡི་གེའི་ཤུལ་བཞག་རིག་གནས་གཏན་དུ་གནས་པ་བྱེད་པའི་དན་གྲངས་མཛོད་འཛུགས་གཉེར་བྱེད་ནས་ལོ་ངོ་སྟོང་གི་ཤེས་རིག་ལ་གྲངས་འཛིན་དུས་རབས་ཁྲོད་དུ་གསོན་ཤུགས་རྒྱས་པར་བྱེད་རྒྱུ་དེ་རེད།
འབྲེལ་ཡོད་འོས་སྦྱོར།