མཚར་སྡུག་ཀོས་ནན་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གསུམ་པའི་བྱ་དགའི་གཟེངས་སྐྱེས་སྩོལ་བའི་དགོང་ཚོགས་བདེ་བླག་ངང་མཇུག་བསྒྲིལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-11-17
ཀློག་གྲངས།:
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་ལེན་མཐིལ་ཕྱིན་དང་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་ཀྲུང་གུང་ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚར་སྡུག་ཀོས་ནན་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གསུམ་པའི་བྱ་དགའི་གཟེངས་སྐྱེས་སྩོལ་བའི་དགོང་ཚོགས་བདེ་བླག་ངང་མཇུག་བསྒྲིལ།

ཐེངས་འདིའི་མཚར་སྡུག་ཀོས་ནན་རྟགས་མའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གསུམ་པ་ལ་མཚོན་ན། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། བསྐྱར་འགྲན་འཕར་མ། རྟིང་རྩོད་བཅས་ཀྱི་གོ་རིམ་རེ་རེ་བརྒྱུད་ནས། བོད་འབྲེལ་ས་ཁུལ་སོ་སོ་ནས་ཐོན་པའི་འགྲན་ཞུགས་གླུ་བ་གླུ་མ་ཞེ་བརྒྱད་ཀྱི་ཁྲོད་དུ། མི་དྲུག་སྤྱིའི་རྟིང་རྩོད་ཁྲོད་ཚུད་པ་དང་། སྤྱིའི་རྟིང་རྩོད་ཁྲོད་དུ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་འགྲན་རིམ་རྟིང་ཐག་བཅད་རྗེས། ཚེས་བཅུ་དྲུག་གི་དགོང་མོ་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས་པ་རེད།

ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་གླུ་མ་དབྱངས་ཅན་ལྷ་མོ་དང་། ཨང་གཉིས་པ་ཐོབ་མཁན་ནི་གླུ་བ་དགྲ་འདུལ་སྐྱབས་དང་གླུ་མ་སྒྲོལ་མ་མཚོ། ཨང་གསུམ་པ་ཐོབ་མཁན་ནི་གླུ་བ་དམེ་དབང་རྒྱལ་དང་སྐལ་བཟང་དར་རྒྱས། སྙིང་འབུམ་བྱམས་བཅས་རེད། ཐེངས་འདིའི་འགྲན་སྡུར་ལ་བོད་འབྲེལ་ས་ཁུལ་གྱི་གླུ་བ་གླུ་མ་མང་པོ་ཞུགས་ཤིང་། ཁོ་ཚོས་ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་དམངས་གླུའི་འགྱུར་ཁུགས་སྣ་ཚོགས་ངག་ལ་དྲངས་པས། ཡུལ་དངོས་དང་དྲ་ལམ་ཀུན་ཏུ་དགའ་བསུ་ཆེན་པོ་ཐོབ་སོང་ལ། ལྷག་དོན་འགྲན་སྡུར་ཁྲོད་ན་གཞོན་དང་སྐྱེས་མ་ཞུགས་མཁན་གྱི་ཁ་གྲངས་ཀྱང་ལོ་སྔོན་མ་དག་ལས་ཇེ་མང་དུ་སོང་འདུག་པས། ཀུན་གྱིས་བསྟོད་བསྔགས་བྱེད་ཀྱིན་མཆིས།

ཨང་དང་པོ་ཐོབ་མཁན། གླུ་མ་དབྱངས་ཅན་ལྷ་མོ།

ཨང་གཉིས་པ་ཐོབ་མཁན། གླུ་བ་དགྲ་འདུལ་སྐྱབས་དང་གླུ་མ་སྒྲོལ་མ་མཚོ།

ཨང་གསུམ་པ་ཐོབ་མཁན། གླུ་བ་དམེ་དབང་རྒྱལ་དང་སྐལ་བཟང་དར་རྒྱས། སྙིང་འབུམ་བྱམས།
བྱ་དགའི་གཟེངས་སྐྱེས་སྩོལ་བའི་དགོང་ཚོགས་སྟེང་དུ་ཁྱོན་བསྡོམས་འཁྲབ་ཚན་བཅོ་བརྒྱད་བཀོད་སྒྲིག་བྱས་འདུག་ལ། དབུས་གཙང་དང་ཡུན་ནན། སི་ཁྲོན། ཀན་སུའུ་སོགས་ཞིང་ལྗོངས་ལྔའི་དམངས་ཁྲོད་གླུ་གར་ལ་མཁས་པའི་མི་སྣ་མང་པོ་གདན་ཞུ་བྱས་པ་དང་། འཁྲབ་ཚན་རེ་རེ་ལས་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་སྲོག་ཏུ་བྱས་ཤིང་། དེང་གི་བདེ་སྐྱིད་འཚོ་བ་བརྗོད་བྱར་བཟུང་ནས། གླུ་གར་སྒྱུ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་འཁྲབ་སྟོན་བྱས།

འབྲེལ་ཡོད་འོས་སྦྱོར།
