logo

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གནའ་དཔེ་ཨང་ཀི་ཅན་གྱི་ལས་གཞི་གཉེར་འགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-01-23 ཀློག་གྲངས།:
       ཉེ་ཆར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་སི་ཁྲོན་གསེར་ལྡན་ཨང་ཅན་ཚན་རྩལ་གསར་གཏོད་ལྟེ་གནས་གཉིས་ཀྱིས་ལག་རྩལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆོད་ལ་མཚན་རྟགས་འགོད་པ་དང་གནའ་དཔེ་ཨང་ཀི་ཅན་གྱི་ལས་གཞིའི་འགོ་ཚུགས་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད།
       ཐེངས་འདིའི་ལས་གཞི་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གཞུང་ཕྱོགས་དྲ་བ་ཇེ་རྒྱས་ཇེ་ལེགས་སུ་གཏང་རྒྱུ་རྨང་གཞིར་འཛིན་པ་དང། དོན་ཚན་གཙོ་བོ་དྲུག་ལ་དམིགས་ནས། གནའ་དཔེ་ཨང་ཀི་ཅན་དུ་བསྒྱུར་བ་དང་ཕྱོགས་བསྡུས་སློབ་ཞིབ་ཞབས་ཞུ་ཇེ་ལེགས་གཏོང་བ་གཙོ་གནད་དུ་བཟུང་ཡོད། དེ་ཡང་ཆོས་གཞུང་དང་ལོ་རྒྱུས་ཡིག་ཚང་སོགས་བོད་ཡིག་གནའ་དཔེ་མང་པོ་དག་སྒྲིག་བྱེད་པ་དང་། ཨང་ཀི་ཅན་གྱི་བཤེར་འབེབས་དང་རིག་ནུས་གཞི་གྲངས་དབྱེ་ཞིབ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཡུན་རིང་གསོག་འཇོག་དང་། རིག་གཞུང་ཞིབ་འཇུག རིག་གནས་འགྲེམ་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་སྣ་འཛོམས་རང་བཞིན་གྱི་ཨང་ཀིའི་སྟེགས་བུ་བསྐྲུན་ནས། སྲོལ་རྒྱུན་གྱི་གནའ་དཔེ་ལ་གཏོར་བརླག་ཐེབས་སླ་བ་དང་འཛིན་སྐྱོང་ཡག་པོ་མི་ཐུབ་པའི་ཚད་བཀག་མང་པོ་ལས་ཐར་ཐུབ་པ་བྱ་རྒྱུ་རེད།
       བོད་ཡིག་གི་གནའ་དཔེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གཅེས་ནོར་ཡིན་ཞིང་། མི་རིགས་ཁག་གི་རིག་གནས་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་ཀྱི་འབྲས་བུ་ཡིན། ཨང་ཀི་ཅན་དུ་བསྒྱུར་རྒྱུ་ནི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྐུལ་བའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཡག་པོ་ཤིག་ཀྱང་ཡིན་པ་རེད།
       འབྲེལ་ཡོད་འགན་འཁུར་པས་བསྟན་དོན། ལས་གཞི་འདི་ཡིས་ཆབ་སྲིད་ཀྱིས་སྣེ་ཁྲིད་དང་། རིག་གནས་རྒྱུན་འཛིན། སློབ་ཁྲིད་ལ་རམ་འདེགས། སྤྱི་ཚོགས་ལ་ཞབས་ཞུ་སོགས་སྲོག་ཤིང་དུ་བཟུང་ནས། སྲིད་ཇུས་ཁྲིམས་སྲོལ་བརྩི་སྲུང་ཡག་པོ་བྱེད་པ་དང་། གནའ་དཔེའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གཞུང་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ནུས་པ་གང་ལེགས་འདོན་པ་དང་། སྒོ་འབྱེད་མཉམ་སྤྱོད་རྒྱུན་འཁྱོངས་དང་དམངས་ཀྱི་རིག་གནས་ངོས་འཛིན་གཅིག་མཐུན་ལ་སྐུལ་མ་གཏོང་རྒྱུ་རེད།
       མ་འོངས་པར་ཕྱོགས་གཉིས་ཀྱིས་ད་དུང་མཉམ་ལས་ཞིབ་ཕྲ་ཅན་དང་། ཕན་ཚུན་མཉམ་སྐུལ་གྱི་སློབ་གསོའི་སྟེགས་བུ་གསར་སྤེལ་སོགས་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་དང་དེང་རབས་སྤྱི་ཚོགས་བར་མཐུན་སྦྱོར་ཟབ་མོ་ཡོང་བར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྩལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།