༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས“རྩོམ་པ་པོ་ཆུང་ཆུང”རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་བཅུ་དགུ་བ་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་
དུས་ཚོད།:2026-04-24
ཀློག་གྲངས།:
རྩོམ་པ་ནི་ཡི་གེའི་བརྡ་ལ་བྱང་བ། ཚིག་གི་རྒྱན་ལ་འབྱོར་བ། བརྗོད་བྱའི་དོན་གྱིས་ཕྱུག་པའི་ཡོན་ཏན་རྨད་དུ་བྱུང་བ་ཞིག་ཡིན་པས་ན། མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་སྟེ་རིག་པའི་དཔའ་བོ་རྣམས་ཀྱི་ངག་ན་ཡང་ཡང་ཟློ་བཞིན་ཡོད་ལ། སྒོས་སུ་བོད་སྐད་ཡིག་ལ་སྦྱོང་བ་གནད་དུ་སྨིན་པ་ཞིག་བྱེད་པར་འབྲི་ཀློག་ཉན་གསུམ་གྱི་རྩ་བའི་ཐབས་ལམ་ཡ་མ་བྲལ་བར་རིམ་པ་ལྟར་ལག་ལེན་དངོས་ཀྱིས་ཉམས་མྱོང་གསོག་འཇོག་དང་འཇོན་ནུས་ཇེ་མཐོར་གཏང་རྒྱུ་ཤིན་ཏུ་གལ་ཆེ་བ་དང་། སློབ་བུ་རྣམས་ཀྱི་བསམ་གཞིག་གི་ནུས་རྩལ་དང་རྟོག་དཔྱོད་ཀྱི་བློ་གྲོས། རྩོམ་ཡིག་གི་འབྲི་རྩལ་ལ་ཚད་འཇལ་དང་། སློབ་སྦྱོང་གི་སྤྲོ་བ་དང་མོས་པ་བསྐྱེད་པ། རྩོམ་འབྲིའི་ནུས་པ་གསོ་སྐྱོང་གི་སྡིངས་ཆ་གསར་སྐྲུན་བཅས་ཀྱི་སླད་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་བོད་སྐད་ཡིག་ཁྲིད་དཔྱོད་ཁག་གིས་སློབ་རའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་བོད་སྐད་ཡིག་གི་རྩོམ་ཡིག་འགྲན་སྡུར་སྐབས་བཅུ་དགུ་པ་སྤེལ།

འགྲན་སྡུར་གྱི་ཡུལ་དངོས།
ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱེད་སྒོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་གྱི་སློབ་བུ་སྟོང་ཕྲག་གསུམ་ལ་ཉེ་བ་ཞུགས་ཤིང་། ཤོག་བུ་དང་རྩོམ་ཡིག་གི་རྒྱུ་ཆ། རྩོམ་འབྲིའི་དུས་ཚོད་བཅས་ལོ་རིམ་གསུམ་ལ་གཅིག་གྱུར་སྒོས་གཏན་ཁེལ་བྱས་ཏེ། འཛིན་གྲྭ་སོ་སོའི་སྐད་ཡིག་དགེ་རྒན་གྱི་ལྟ་རྟོག་གི་འོག་ནས་འགྲན་སྡུར་དངོས་སུ་སྤེལ་བ་ཡིན།

ལོ་རིམ་ནང་ཁུལ་ནས་བསལ་འདེམས་བྱེད་བཞིན་པ།
སློབ་མ་རྣམས་ཀྱི་འགྲན་ཞུགས་བརྩམས་ཆོས་སྟོང་གསུམ་ལ་ཉེ་བ་ལས། བོད་སྐད་ཡིག་གི་དགེ་རྒན་རྣམས་ཀྱིས་རྗོད་བྱེད་ཚིག་གི་འགྲོས་དང་བརྗོད་བྱ་དོན་གྱི་གཏིང་། རྣམ་དག་ལྟ་བའི་ཚུལ་བཅས་ལ་བརྟག་ཅིང་དཔྱད་དེ་བསལ་འདེམས་ཀྱི་རིམ་པ་མི་འདྲ་བ་དྲུག་བརྒྱུད་ནས་ཨང་རིམ་བཀར་བ་ཡིན་ཏེ། རིམ་པ་དང་པོ། འཛིན་གྲྭ་ནང་ཁུལ་གྱི་བསལ་འདེམས། རིམ་པ་གཉིས་པ། ལོ་རིམ་ནང་ཁུལ་གྱི་བསལ་འདེམས། རིམ་པ་གསུམ་པ། ལོ་རིམ་གསུམ་གྱིས་འོས་སྦྱོར་བྱས་པའི་ལེགས་རྩོམ་ལས་རྩོམ་ཡིག་ཉིས་བརྒྱ་རྟིང་རྩོད་དུ་འདེམས་པ། རིམ་པ་བཞི་བ། རྩོམ་ཡིག་ཉིས་བརྒྱ་ལས་ཕུལ་བྱུང་བྱ་དགའ་ཐོབ་མཁན༩༦བསལ་བ། རིམ་པ་ལྔ་བ། ཕུལ་བྱུང་བྱ་དགའ་ཐོབ་མཁན༩༦བླངས་རྗེས་ཀྱི་རྩོམ་ཡིག༡༠༤ལས་ཨང་གསུམ་པ༦༠བསལ་བ། རིམ་པ་དྲུག་པ། ཨང་གསུམ་པའི་རྩོམ་ཡིག༦༠བླངས་རྗེས་ཀྱི་རྩོམ་ཡིག༤༤ལ། རྩོམ་རིག་གཞུང་ལུགས་ལ་བློ་སྦྱོང་ལྡན་ཞིང་རྩོམ་འབྲིའི་ལག་ལེན་ལ་ནང་བྱན་ཆུད་པ། བརྩམས་ཆོས་འབྲི་སྦྱོང་གི་མཛུབ་སྟོན་ལ་ཉམས་མྱོང་མོད་པའི་ལོ་རིམ་སོ་སོའི་དགེ་རྒན་ལྔ་ཡིས་རིས་སུ་མ་ཆད་པའི་སྐར་གྲངས་བཀོད་རྗེས་ཨང་གཉིས་པ༣༢དང་། ཨང་དང་པོ༡༡དང་། རྩོམ་པ་པོ་ཆུང་ཆུང༡བཅས་གཏན་ཁེལ་བྱས་ཤིང་། འཛིན་གྲྭ་སོ་སོའི་རྟིང་རྩོད་དུ་ཚུད་པའི་རྩོམ་གྱི་གྲངས་ཀ་གཞིར་བཟུང་ནས་ལོ་རིམ་རེ་ནས་འཛིན་གྲྭ་གཅིག་རེར་ཐུན་མོང་གི་བྱ་དགའ་བྱིན་པ་ཡིན།

ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་སློབ་མ་རྣམས།

ཨང་གསུམ་པ་ཐོབ་མཁན་གྱི་སློབ་མ་རྣམས།

ཨང་གཉིས་པ་ཐོབ་མཁན་གྱི་སློབ་མ་རྣམས།

ཨང་དང་པོ་ཐོབ་མཁན་གྱི་སློབ་མ་རྣམས།

རྩོམ་པ་པོ་ཆུང་ཆུང་གི་མཚན་རྟགས་ཐོབ་མཁན་སློབ་གྲོགས་ཀརྨ་གནམ་པོ།
སྐབས་འདིའི་རྩོམ་ཡིག་འགྲན་སྡུར་དུ་ཞུགས་པའི་བརྩམས་ཆོས་ལ། ཐ་སྙད་ཀྱི་ཞུན་བརྡར་ལེགས་ཤིང་སྤྱོད་སྟངས་ལ་བོད་ཀྱི་བརྡ་སྤྲོད་དང་སྐད་ཆའི་རྩམ་དྲི་དང་མར་དྲི་འཐུལ་བ། དཔེ་དོན་ཆུ་ལ་ཆུ་བཞག་དུ་སོང་བ། བརྩམས་ཆོས་ཧྲིལ་བོའི་བློས་བསླངས་ཁྱད་མཚར་ལ་རྒྱུ་འབྲས་ཀྱི་རྣམ་གཞག་དང་མཐུན་པ་བཅས་རྩོམ་པ་ལེགས་པའི་ཁྱད་ཆོས་དུ་མ་མཐོང་ཞིང་། དེ་ལས་བློ་དང་ལྡན་པའི་སློབ་བུ་རྣམས་ཀྱིས་ནམ་རྒྱུན་བརྩོན་པའི་བང་མི་ལྷོད་པའི་སློབ་སྦྱོང་ལ་གཡུར་ཟའི་འབྲས་བུ་སྨིན་ཞིང་། ཁོ་ཚོའི་ཤེས་རབ་ཀྱི་བློ་རྣོ་ལ་བསམ་གཞིག་གི་འགྲོས་མྱུར་བ། ཡང་དག་གི་ལྟ་བར་སེལ་མ་ཞུགས་པའི་དུས་རབས་གསར་བའི་མི་རབས་ཤིག་གི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་མངོན་དུ་གསལ།

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལས་བྱ་དགའ་ཐོབ་པའི་སློབ་གྲོགས་ཡོངས་ཀྱི་མཉམ་པར།
བྱེད་སྒོ་འདི་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ངང་བསྡུས་པ་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་བུ་རྣམས་ཀྱི་གནོན་ཤུགས་ལྕི་ཞིང་འཚུབ་ཆེ་བའི་སློབ་སྦྱོང་གི་རྣམ་པ་ཅུང་བག་ལྷོད་པར་བྱས་ཤིང་། སློབ་གསེང་གི་འཚོ་བར་དབུགས་དབྱུང་གི་སྐལ་བ་ལན་གཅིག་བྱིན་པར་མ་ཟད། སློབ་བུ་གང་མང་ཞིག་ལ་བྱ་དགའི་གཟིགས་བཟོས་སོགས་ཀྱིས་རྩོམ་ཡིག་འབྲི་སྦྱོང་ལ་མོས་འདུན་ཆེ་ཆེར་སྐྱེས་སུ་བཅུག་ནས་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་སུ་གཏང་བར་ནུས་པ་བླ་ལྷག་ཐོན་ཅིང་། སློབ་སྦྱོང་ལ་སྔར་ལས་ལྷག་པའི་སྤོབས་པ་དང་སྙིང་སྟོབས་ཆེན་པོས་འཇུག་པའི་ངར་ཤུགས་བསྐྱེད་དོ། །
འབྲེལ་ཡོད་འོས་སྦྱོར།
