མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2026-04-29
ཀློག་གྲངས།:
སྤྱི་ཟླ༤པའི་ཚེས༢༨ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི༢༠༢༦ལོའི་ལྔ་གཅིག་དུས་ཆེན་དང་ཡིག་གཟུགས་དུས་ཆེན་བསུ་བའི་བྱེད་སྒོ་སྟེ། ཡིག་གཟུགས་སྒྱུ་རྩལ་ཁམས་སུ་བསྐྱོད། ཤུལ་བཞག་རིག་པས་ཡིད་སེམས་མགུ་ཞེས་པའི་ཡིག་གཟུགས་འགྲེམ་སྟོན་དེ་མགོ་ལོག་ཁུལ་རིག་གནས་ཁང་དུ་བདེ་བླག་ངང་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་མགོ་ལོག་ཁུལ་རིག་གནས་ཁང་དང་། རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུས། རྨ་ཆེན་རྫོང་ཡིག་གཟུགས་མཐུན་ཚོགས་སོགས་ལས་ཁུངས་ཁག་གིས་མཉམ་དུ་སྒྲུབ་གཉེར་བྱས་པ་དང་། གཙོ་བོ་སྣག་སྨྱུག་གི་ལམ་ནས་མི་རིགས་རིག་གནས་ཀྱི་མཚར་སྡུག་ངོམ་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་སྟོབས་ཤུགས་མཚོན་པར་བྱས་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་མཛེས་སྡུག་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་རེད།

བྱེད་སྒོའི་ཡུལ་དངོས་སུ་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དུས་རབས་ཀྱི་སྙིང་སྟོབས་མངོན་པར་གསལ་བའི་བོད་པའི་ཡིག་གཟུགས་ཀྱི་བརྩམས་ཆོས་ཀྱིས་རྒྱ་ཆེའི་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད་ལ། བྲིས་རྒྱུན་གྱི་ཆ་ནས་དབུ་ཅན་དང་དབུ་མེད་གཙོས་པའི་ཡིག་གཟུགས་ཀྱི་རིགས་མང་བ་དང་། ནང་དོན་གྱི་ཆ་ནས་སྲོལ་རྒྱུན་སྙན་ངག་དང་ལེགས་བཤད། གཏམ་དཔེ་སོགས་དང་། དེ་མིན་མི་རིགས་མཐུན་སྒྲིལ་དང་འཚོ་བའི་རེ་སྨོན་མཚོན་པ་སོགས་ཧ་ཅང་གྱ་ནོམ་པས། ལོ་ངོ་སྟོང་གི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་རིམ་དང་། མི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚར་སྡུག། དུས་རབས་གསར་པའི་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་སོགས་ལ་རྒྱུས་ལོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་རེད།

ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་སྟེང་ལ་རྨ་ཆེན་རྫོང་གི་ཡིག་གཟུགས་མཐུན་ཚོགས་ལ་སྒོ་བྱང་འགེལ་བ་དང་། ཕུལ་བྱུང་བྲིས་པ་ལ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་མ་ཟད། ད་དུང་འབྲེལ་ཡོད་ལས་སྒྲུབ་པ་དག་གིས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ་དང་། བྲིས་རྒྱུན། ཁྱད་ཆོས། དོན་སྙིང་སོགས་ལ་འགྲེལ་བཤད་བྱས་ནས་རྒྱ་ཆེའི་ལྟད་མོ་བ་དང་ཡིག་གཟུགས་ལ་དུང་བ་ཡོད་མཁན་རྣམས་ལ་ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་། སྒྱུ་རྩལ་གསར་རྩོམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། བོད་པའི་ཡིག་གཟུགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འདི་འཛིན་སྐྱོང་གང་ལེགས་བྱེད་པར་དྲན་སྐུལ་བཏང་བ་རེད།

ཐེངས་འདིའི་བྱེད་སྒོ་ཡིས་ད་དུང་རྒྱ་ཆེའི་བོད་ཀྱི་ཡིག་གཟུགས་ལ་དུང་བ་ཡོད་མཁན་ཚོར་རང་གི་སྒྱུ་རྩལ་གྱི་འཇོན་ཐང་ངོམ་པ་དང་། ཕན་ཚུན་བར་སློབ་སྦྱོང་བྱེད་པ། ཡིག་རྩལ་འགྲན་བསྡུར་བྱེད་པ་སོགས་ཀྱི་སྟེགས་བུ་ཡག་མོ་ཞིག་བསྐྲུན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་ལ་རིག་གནས་ཀྱི་སྟོབས་ཤུགས་མཁོ་འདོན་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
