logo

2026ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-12 ཀློག་གྲངས།:
       ཁྱོན་ཡོངས་ནས་དུས་སྐབས་གསར་བའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་ལོ་ཙཱའི་བྱ་བ་གཉེར་མཁན་གྱི་ལས་སྒོའི་ནུས་པ་དང་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་གཏོང་བ་དང་། གཞུང་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་གཤིས་སྤྱོད་ལེགས་ཤིང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པ། ལོ་ཙཱའི་ནུས་རྩལ་ལ་བྱང་ཆུབ་པའི་སྤྱི་སྤྱོད་རང་བཞིན་གྱི་སྐད་གཉིས་མི་སྣ་གསོ་སྐྱོང་བྱེད་ཆེད། མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་མཉམ་སྒྲུབ་བྱས་པའི2026ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ཟླ6པའི་ཚེས8ཉིན་གྱི་སྔ་དྲོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས་མགོ་བརྩམས།
       མཚོ་ལྷོ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཅུའུ། རིག་གནས་ཡུལ་སྐོར་ཅུའུ་སོགས་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དང་རྫོང་གི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་ཤང་གྲོང་གི་ལོ་ཙཱའི་བྱ་བ་གཉེར་མཁན་གྱི་རྐང་འཛིན་པ40ཐེངས་འདིའི་གསོ་སྦྱོང་ཁྲོད་ཞུགས་ཤིང་། གསོ་སྦྱོང་དུས་ཡུན་ཉིན5ཡིན།
       མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་མགོ་ཁྲིད་གཙོ་བོ་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་བྱ་བའི་ཁ་ཕྱོགས་གསལ་བོར་ངེས་པ་སྟེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས། སྐད་ཡིག་བཅས་ཀྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་གཙོ་ཐིག་ཏུ་བཟུང་སྟེ། “ནུས་པ་གསུམ”མཐོར་འདེགས་དང་། འགྱུར་ཡིག་གི་ཆབ་སྲིད་དང་སྤུས་ཚད་འགག་སྒོ་ནན་སྲུང་། སྤྱི་ཡོངས་ལ་གཞིགས་ནས་འགན་འཁྲི་སྒྲུབ་པ། “གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས། གཉིས་ནས་ཆེད་ལས་ཀྱི་ནུས་པ་ཟབ་སྦྱོང་དང་བྱང་ཚད་མཐོ་རུ་གཏོང་བ་སྟེ། གསོ་སྦྱོང་གོ་སྐབས་ལ་གཅེས་འཛིན། ཁེངས་སྐྱུང་སྒོས་ལོ་ཙཱའི་གཞུང་ལུགས་དང་། ཐ་སྙད་ཚད་ལྡན། དངོས་སྤྱོད་རྩལ་ནུས་སོགས་ཀྱི་ནང་དོན་ཞིབ་འཇུག་སློབ་སྦྱོང་བྱེད་པ། སྐད་གཉིས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། གཞུང་ཡིག་ལོ་ཙཱ་དང་རིག་གནས་བརྒྱུད་སྒྲོག་ལས་སྒོར་བརྩོན་ཞིབ་བྱེད་པ། བཟོ་བོའི་སྙིང་སྟོབས་བསྣམས་ནས་ལེགས་ཐོག་ལེགས་འཚོལ་ལ་བརྩོན་དགོས། གསུམ་ནས་གསོ་སྦྱོང་སྒྲིག་ལམ་ནན་སྲུང་དང་སྦྱངས་པ་མཐའ་འཁྱོངས་བྱེད་པ་སྟེ། གསོ་སྦྱོང་གི་དོ་དམ་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་སློབ་སྲོལ་ལེགས་པོ་སྐྱོང་བ། ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་སློབ་སྦྱོང་གི་གྲུབ་འབྲས་གཞི་རིམ་དུ་སྤྱད་དེ་མཚོ་ལྷོ་འཕེལ་རྒྱས་གཏོང་བར་དམིགས་པ་དང་། མཚོ་ལྷོའི་གཏམ་རྒྱུད་ཡག་པོ་བརྗོད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རོགས་ཤུགས་འདོན་དགོས།
       གསོ་སྦྱོང་འཛིན་གྲྭས་ཞིང་ཆེན་ནང་ཁུལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་སྐོར་ཞིག་གདན་དྲངས་ནས“ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་ལག་ལེན”གྱི་བྱེད་ཐབས་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཙོ་བོ་འཆད་འགྲེལ། སྐད་ཡིག་ཞབས་ཞུ་དང་རྒྱ་བོད་སྤྱི་བསྒྲགས་ཡི་གེའི་ཡིག་སྒྱུར། བོད་ཀྱི་གཏམ་དཔེ་ལོ་ཙཱ་བྱེད་ཐབས། རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་སོགས་ཀྱི་ཐད་འཐུས་སྒོ་ཚང་བའི་འཆད་ཁྲིད་གནང་། དུས་ཐོག་ཏུ་ལོ་ཙཱའི་ལག་ལེན་དང་ཡུལ་དངོས་སློབ་ཁྲིད་རྩ་འཛུགས་བྱས་ཤིང་། སྲིད་འབྲས་ཀྱི་ལྟ་བ་ཡང་དག་སྐྱེད་པ་དང་། སྤུས་ཚད་མཐོ་བའི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་བྱེད་ཐབས་ཐད་འཁྲུག་ཆ་དོད་པའི་བགྲོ་གླེང་བྱས།
       རྣམ་པ་མང་ཞིང་ཕྱོགས་ཡོངས་ནས་གསོ་སྦྱོང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེས་ཆེར་བསྐྱེད་དེ། གསོ་སྦྱོང་དུ་ཞུགས་མཁན་རྣམས་ལ་ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཆེད་ལས་ལོ་ཙཱའི་ཐབས་རྩལ་ཇེ་ལེགས་སུ་གཏོང་བ། རྒྱ་བོད་བརྡ་ཆད་ཚད་ལྡན་དུ་གཏོང་བ། ལས་སྒོའི་བསམ་ཕྱོགས་ཆེར་བསྐྱེད་པ་བཅས་བྱས་ཏེ་རྒྱུན་གཏན་གྱི་ཡིག་སྒྱུར་བྱ་བའི་ཞན་ཆ་ཁྱོན་ཡོངས་ནས་གསབ་ཅིང་། སྲིད་ཇུས་ཡིག་ཆར་ལོ་ཙཱ་གནད་ཁེལ་དང་གཞི་རིམ་ཞབས་ཞུའི་འགན་སྒྲུབ་ནུས་པ་མཐོར་འདེགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་མི་རིགས་སྐད་ཡིག་ལོ་ཙཱའི་ལས་སྒོ་སོ་སོའི་ཁྲོད་ཁྱབ་པར་བྱས་ཏེ། མཚོ་ལྷོ་ཁུལ་གྱི་མི་རིགས་སྐད་ཡིག་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྐང་འཛིན་དཔུང་སྡེ་སྟོབས་ལྡན་འཛུགས་སྐྱོང་ལ་རྨང་གཞི་བཏིང་།
འབྲེལ་ཡོད་འོས་སྦྱོར།