logo

༄༅། །དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དེབ་གསར་བཞི་འགྲེམ་སྤེལ་གྱི་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་སྤེལ།

རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-27 ཀློག་གྲངས།:
       ཟླ8པའི་ཚེས24ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(དཔའ་རིས་གླེགས་བམ)»དང«དཔའ་རིས་ས་མིང་རིག་གནས་ཁུངས་སྙེག» «དཔའ་རིས་ཁ་སྐད་ཕྱོགས་བསྒྲིགས།» «དཔའ་རིས་གཉེན་སྟོན་བཀྲ་ཤིས་ཀུན་འཛོམས»ཞེས་པའི་དེབ་གསར་བཞིའི་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ་དཔའ་རིས་རྫོང་དཔེ་མཛོད་ཁང་དུ་འཚོགས། དཔའ་རིས་རྫོང་ཨུ་རྒྱུན་ཨུའི་དྲིལ་གྲགས་པུའུ་ཡི་པུའུ་ཀྲང་ཀྲིང་ཧུང་ཡུའུ་དང་ལས་ཁག་སོ་སོའི་འགན་ཁུར་བ། དཔའ་རིས་རྫོང་ཁོངས་ཀྱི་ཆེད་མཁས་མི་སྣ་དང་རིག་རྩལ་དགའ་ཞེན་པ་སོགས་མི་ལྔ་བཅུ་ལྷག་ཚོགས་འདུར་ཞུགས། །
       ཚོགས་འདུའི་ཁྲོད་དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་འགན་ཁུར་བ་འཇའ་མོ་གནས་བརྟན་ཚེ་རིང་གིས་དེབ་གསར་བཞི་བོ་སྒྲིག་པའི་བརྒྱུད་རིམ་སོགས་ངོ་སྤྲོད་གསལ་བོ་བྱས་ཤིང་། དེབ་བཞི་བོའི་འགྲེམ་སྤེལ་གྱི་དོན་སྙིང་དང་ལྷག་པར་དུ་ནང་དོན་གྱི་ཐད་དཔེར་བརྗོད་དང་བཅས་གསལ་བཤད་བྱས། ཚོགས་ཞུགས་ཆེད་མཁས་པ་འགའ་ཡིས་རིམ་པ་ལྟར་དཔེ་དེབ་བཞི་བོ་པར་སྐྲུན་གྱི་དགོས་མཁོ་དང་དོན་སྙིང་། ས་གནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། དྲིལ་བསྒྲགས་སོགས་ཀྱི་ཆ་ནས་བསམ་འཆར་ལྷུག་པོར་བརྗོད། །
       མཐར་དཔའ་རིས་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲིང་ཧུང་ཡུའུ་ཡིས་དེབ་གསར་བཞི་བོ་འགྲེམ་སྤེལ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་བ་དང་ཆབས་ཅིག རང་ཅག་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་ཞིང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྙིང་བཅུད་སྔོག་འདོན་དང་གོང་སྤེལ་གང་ལེགས། རིག་གནས་དང་ཡུལ་སྐོར་གཅིག་ཏུ་འདྲེས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཀ་མཐོན་པོའི་ངང་གོང་དུ་སྤེལ་བ་ལ་ནུས་ཤུགས་གདོན་དགོས་པའི་བླང་བྱ་ནན་གྱིས་བསྐུལ། །
       དེང་ཕྱིན་ཆད། དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གིས་བཀོད་སྒྲིག་ལྟར། དུས་དང་རྣམ་པ་ཀུན་ཏུ་བོད་སྐད་ཡིག་བྱ་བ་ཐམས་ཅད་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་དམ་པོར་འབྲེལ་ནས་རང་སྐྱོང་རྫོང་མི་རིགས་འགྲིག་མཐུན་གྱི་འཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། རྫོང་བྱིངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་ནས་གོང་དུ་སྤེལ་བར་ནུས་ཤུགས་ཅི་ཡོད་འདོན་ངེས་ཡིན། །
ཚོགས་ཞུགས་མི་སྣའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།