logo

རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་བསྡུས་པ།

རྩོམ་པ་པོ།: ཡོང་ཁུངས།:རྨ་ལྷོ་མཉམ་འདྲེས་སྨྱན་སྦྱོར། དུས་ཚོད།:2026-08-28 ཀློག་གྲངས།:
       ཟླ8པའི་ཚེས25ཉིན། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་སློབ་གསོ་ཅུས་དང་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས། རྨ་ལྷོ་ཁུལ་དཔེ་མཛོད་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་བསྡུས།
       མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་རྟ་མགྲིན་རྡོ་རྗེ་དང་། རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་རྡོ་ལྷ་ཐར། རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཡུས་ཧྭ། རྨ་ལྷོ་ཁུལ་དཔེ་མཛོད་ཁང་གི་མགོ་གཙོ་ལི་ཞའོ་མའེ། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན། གཅན་ཚ་རྫོང་རིག་གནས་ཁང་གི་མགོ་གཙོ་གཞོན་པ་ཉི་མ་ཐར་སོགས་འབྲེལ་ཡོད་མགོ་ཁྲིད་དང་། འབྲོང་བུ་རྡོ་རྗེ་རིན་ཆེན་དང་ཁྱུང་ཐར་རྒྱལ། ཁྱུང་བཟང་སོགས་རྩོམ་པ་པོ། གཞན་རྨ་ལྷོ་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་གཙོ། བྱ་དགའ་ཐོབ་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན། སློབ་མའི་ཁྱིམ་བདག་བཅས་མི་བརྒྱ་ལྷག་མཛད་སྒོར་ཞུགས་ཡོད།
       མཛད་སྒོའི་སྟེང་། ཕུལ་བྱུང་རྩོམ་སྒྲིག་པའི་འཐུས་ཚབ་སྒང་སྐྱེས་རྡོ་རྗེ་ཚེ་བརྟན་གྱིས་རྨ་ལྷོ་ཁུལ་གྱི་ལྷུག་རྩོམ་འགྲན་བསྡུར་སྐབས་ལྔ་པའི་འགྲན་ཞུགས་རྩོམ་ཡིག་གི་སྤྱིའི་གནས་ཚུལ་དང་དཔྱད་འདེམ་གྱི་གོ་རིམ་སྙན་ཞུ་ཕུལ་བ་དང་། རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་དཔྱད་འདེམས་པའི་ཚབ་བྱས་ཏེ་འགྲན་ཞུགས་རྩོམ་ཡིག་གི་བརྗོད་གཞི་གསལ་ཞིང་དམིགས་ཡུལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་ཞིབ་ཕྲའི་གནས་ཚུལ་གསོན་ཉམས་དོད་པ། སྐད་ཆའི་མཛེས་པ་དང་ཚིག་སྦྱོར་ཕུན་སུམ་ཚོགས་པའི་གདེང་འཇོག་མཐོན་པོ་གནང་ཞིང་། རྩོམ་འབྲིའི་ལམ་བུར་རྒྱུན་མཐུད་མདུན་སྐྱོད་བྱ་དགོས་ལ། ལོ་ན་ཆུང་དུས་ནས་འཚོ་བར་ལྟ་ཞིབ་དང་བརྗོད་གཞི་འཚོལ་ཞིབ་བྱ་རྒྱུར་འབད་དགོས་པའི་རེ་བ་ཡང་བཏོན། ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་འཐུས་ཚབ་དཔལ་ཆེན་རྡོ་རྗེ་ཡིས་བྱ་འགུལ་འདིའི་དོན་སྙིང་དང་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་གི་གལ་ཆེན་རང་བཞིན་བཅས་དཔེ་དང་སྦྱར་ནས་གསལ་བཤད་བྱས་པ་དང་། ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པའི་ལས་ཁུངས་ཐུན་རིན་གྲོང་ཁྱེར་གཉན་ཐོག་རིག་འབྱུང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཤ་བོ་ནམ་མཁས་སློབ་མའི་ནུས་པ་སྐྱེད་སྲིང་གི་གོ་རིམ་ཁྲོད་རྩོམ་འབྲིའི་ནུས་པ་ནི་ཤིན་ཏུ་གལ་ཆེན་ཡིན་ཚུལ་རྒྱས་བཤད་བྱས།
དཔྱད་འདེམས་པའི་དཔང་ཡིག་སྤྲོད་པ།
ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་རྩ་འཛུགས་བྱ་དགའ་འཐོབ་མཁན།
       རེབ་འདིའི་འགྲན་བསྡུར་ལ2025ལོའི་ཟླ9པའི་ཚེས26ཉིན་ནས2026ལོའི་ཟླ7པའི་ཚེས30ཉིན་བར་འགྲན་ཞུགས་རྩོམ་ཡིག170ལྷག་འབྱོར་བ་ལས་ལེགས་འདེམས་བྱས་པ་བརྒྱུད། བརྩམས་ཆོས90ཙམ«རྨ་ལྷོ་ཚགས་པར»དང«རྨ་ལྷོ་བོད་ཡིག་ཚགས་པར»དུ་བཀོད་པ་དང་། དཔྱད་འདེམས་ཨུ་ལྷན་གྱིས་སྔ་ཕྱི་ཐེངས་གསུམ་ལ་དཔྱད་འདེམས་བྱས་པ་བརྒྱུད་བརྩམས་ཆོས24ལ་བྱ་དགའ་སྤྲད།
       བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི“སློབ་མའི་རྩོམ་འབྲིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྩོམ་ལ་འཇུག་པའི་དགའ་སྣང་སྐྱེད་པ། རིག་གནས་ཀྱི་རང་རྟོན་ཆེ་རུ་བསྐྱེད་པ་དང་སློབ་མའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱེད་རྒྱུ”དེ་ཡིན་ཞིང་། རང་ཁུལ་གྱི་སློབ་འབྲིང་སློབ་མ་རྣམས་ལ་རྩོམ་པའི་འཇོན་ནུས་ངོམ་པའི་གར་སྟེགས་འདི་ལྟ་བུ་ཞིག་བསྐྲུན་པ་ལ་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་དང་རྒྱབ་སྐྱོར་མི་དམན་པ་ཐོབ་ཡོད།
རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་རྟ་མགྲིན་རྡོ་རྗེ་ཡིས་གཏམ་བཤད་གནང་བ།
       བྱ་འགུལ་གྱི་མཇུག་ཏུ། རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་རྟ་མགྲིན་རྡོ་རྗེ་ཡིས་གཏམ་བཤད་གནང་སྐབས་བསྟན་དོན། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་དང་པོ་ནས་སྐབས་ལྔ་པའི་བར་ཐོག་མའི་བསམ་འདུན་ལ་གཡོ་བ་མེད་པར་འགྲན་བསྡུར་འདི་བསྟུད་མུར་སྤེལ་ཅིང་། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཚགས་པར་དང་འཕྲིན་སྟེགས་ཀྱི་སྡིངས་ཆ་ལེགས་པར་སྤྱད་ནས་རང་ཁུལ་གྱི་སློབ་མ་རྣམས་ལ་རྩོམ་ཡིག་འགྲན་བསྡུར་གྱི་གར་སྟེགས་ལེགས་པོ་བསྐྲུན་པ་ཡིན། རྨ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ནི་བསམ་བློ་དྲིལ་སྒྲོག་གི་འཐབ་ར་དང་པོ་ཡིན་པའི་ཆ་ནས། རྗེས་ཕྱོགས་མུ་མཐུད་དུ་རྨ་ལྷོའི་ན་གཞོན་སློབ་མ་རྣམས་ཀྱིས་ཕ་ཡུལ་དང་འཚོ་བ་ལ་བཅངས་པའི་བརྩེ་བ་མཚོན་པའི་རྩོམ་ཡིག་ལེགས་པོ་དག་སྡིངས་ཆ་འདི་བརྒྱུད་ནས་ཕྱི་ལ་སྟོན་པ་དང་། རྨ་ལྷོའི་ལོ་ཆུང་གཞོན་ནུའི་ཉམས་འགྱུར་བཟང་པོ་ཕྱིར་མཚོན་བྱ་རྒྱུ་ཡིན་པ་དང་།  མུ་མཐུད་དུ་འགྲན་བསྡུར་འདི་ཇེ་ལེགས་ཇེ་རྒྱས་སུ་བཏང་ནས་རྨ་ལྷོའི་གཞོན་ནུ་སློབ་མ་རྣམས་ཀྱི་འཚར་ལོངས་ལ་སྔར་ལས་ལྷག་པའི་གར་སྟེགས་བཟང་པོ་བསྐྲུན་རྒྱུ་ཡིན། རེ་བར་གཅིག་ནས་སྨྱུ་གུ་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དྲིལ་སྒྲོག་བྱེད་པའི་ཕ་ཡུལ་གྱི་སྒྲོག་སྤེལ་མཁན་ཆུང་ཆུང་བྱེད་པ་དང་། གཉིས་ནས་སེམས་ལ་མེས་རྒྱལ་དང་ཕུགས་བསམ་བཅངས་ཏེ་ཁུར་ཆེན་འདེགས་བཟོད་པའི་ཀུན་སྤྱོད་སྐྱེད་སྲིང་བྱེད་པ། གསུམ་ནས་རྒྱུན་མཐུད་འགྱུར་མེད་ངང་དགའ་ཕྱོགས་བརྟན་སྲུང་བྱས་ཏེ་རྩོམ་ཡིག་གིས་འཚོ་བ་མཚོན་པ་དང་སེམས་འདུན་མཚོན་པ། ཡ་རབས་ལང་ཚོ་ཡི་མིག་དཔེ་སྟོན་དགོས་ཞེས་ཟེར།
       རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་བྱེད་སྒོ་འདི་ཉིད་ས་ཁུལ་གྱི་ཁྱབ་ཁོངས་རྒྱ་ཆེ་ལ་འགྲན་བསྡུར་ནང་ཞུགས་མཁན་སློབ་མ་མང་ཤོས་ཡིན་པ་དང་། རྩོམ་སྒྲིག་དཔྱད་འདེམས་ཀྱི་ཆེད་ལས་རང་བཞིན་ཆེ་བ་དང་ཤུགས་རྐྱེན་ཐེབས་ཤུགས་དང་དོ་ཁུར་བྱེད་ཚད་རིམ་བཞིན་ཆེ་རུ་འགྲོ་བ་དེས་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བློ་གྲོས་དང་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱེད་པ། སློབ་མའི་རྒྱུད་ཀྱི་ཤེས་བྱ་ཇེ་ཟབ་ཏུ་གཏོང་བ། སློབ་མའི་གསར་རྩོམ་སྙིང་སྟོབས་དང་ལག་ལེན་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ལ་ཕན་པ་རྒྱ་ཆེན་པོ་ཐོན་ཡོད།
བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་མ།
བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མ།
བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མ།
ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་མ།
ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་འཐོབ་མཁན།
འབྲེལ་ཡོད་འོས་སྦྱོར།