སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་ལེགས་སྒྲིག་པར་སྐྲུན་གྲུབ་འབྲས་འགྲེམས་སྟོན་དང་དཔེ་སྦྱིན་མཛད་སྒོ་མཚོ་སྔོན་དུ་བསྐྱོད་པ་ཞེས་པ་གནའ་མཁར་ཟི་ལིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་ཉི་གཞོན་དྲ་བ།
དུས་ཚོད།:2026-09-11
ཀློག་གྲངས།:
སྤྱི་ཟླ༩པའི་ཚེས༦ཉིན། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་ལེགས་སྒྲིག་པར་སྐྲུན་གྲུབ་འབྲས་འགྲེམས་སྟོན་དང་དཔེ་སྦྱིན་མཛད་སྒོ་མཚོ་སྔོན་དུ་བསྐྱོད་པ་ཞེས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོའི་གནའ་དཔེ་སྲུང་སྐྱོབ་མཐུན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མཛུབ་ཁྲིད་འོག །སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་དང་ནང་སོག་མིང་ཕུའུ་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་། ནང་སོག་ཏཱ་ཞིན་མ་རྐང་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། སི་ཁྲོན་མེས་པོའི་གནའ་དཔེ་རིག་གནས་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་བོད་ཡིག་གནའ་དཔེ་ཞིབ་འཇུག་ཚོགས་པས་མཉམ་སྒྲུབ་མཛད་པ་ཞིག་རེད།

པེ་ཅིན་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ནང་སོག །ཡུན་ནན། ཀོང་ཏུང་སོགས་ནས་ཕེབས་པའི་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། རིག་གནས་ལས་ཁུངས་ཀྱི་སྐུ་ཚབ། དེ་བཞིན་བྱམས་སེམས་ཅན་གྱི་དགེ་ལས་མི་སྣ་སོགས་ཁྱོན་བསྡོམས་སྐུ་མགྲོན་ཉིས་བརྒྱ་ལྷག་ཐེངས་འདིའི་བྱེད་སྒོར་དངོས་སུ་ཞུགས་ཤིང་། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་ལེགས་སྒྲིག་པར་སྐྲུན་གྲུབ་འབྲས་འགྲེམས་སྟོན་ཡང་ཆབས་ཅིག་ཏུ་སྤེལ།
ཐེངས་འདིར་དཔེ་སྦྱིན་མཛད་པའི་དཔེ་ཆའི་ནང་དོན་ལ་མཚན་ཉིད་རིག་པ་དང་། ཚད་མ་རིག་པ། གསོ་བ་རིག་པ། སྐད་བརྡ་རིག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རིག་པའི་གནས་མང་པོ་འདུས་ཡོད་ཅིང་། མཛད་སྒོའི་ཡུལ་དངོས་སུ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་། ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་། མཚོ་ནུབ་ཁུལ་དཔེ་མཛོད་ཁང་། མཚོ་ལྷོ་ཁུལ་དཔེ་མཛོད་ཁང་། རྨ་ལྷོ་ཁུལ་དཔེ་མཛོད་ཁང་། མགོ་ལོག་ཁུལ་དཔེ་མཛོད་ཁང་། ཡུས་ཧྲུའུ་ཁུལ་དཔེ་མཛོད་ཁང་། མཚོ་སྔོན་སློབ་ཆེན་དཔེ་མཛོད་ཁང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཡིག་ཚང་ལྟེ་གནས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་གསུང་རབ་ཙིནྟ་མ་ཎིའི་གན་མཛོད། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས། མཚོ་སྔོན་ཞིང་ཆེན་བོད་ཡིག་གནའ་དཔེ་ཞིབ་འཇུག་ཚོགས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ(ཡུས་ཧྲུའུ)ཁུལ་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས། སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོ་དང་དེའི་ཡན་ལག་སློབ་གླིང་དྲུག་ལ་སོགས་པའི་ལས་ཁུངས་སུམ་ཅུ་ལྷག་ལ་དཔེ་སྦྱིན་མཛད།

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་ལས་འཛིན་དབུ་གཙོ། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་པ་མཁན་པོ་འཇམ་དབྱངས་ལགས་ཀྱིས་གནའ་དཔེ་ལེགས་སྒྲིག་བྱེད་པ་ནི་རིག་གནས་ཀྱི་སྲོག་རྒྱུན་ཆད་མེད་རིང་དུ་གནས་པ་དང་། དེ་དག་པར་དུ་བསྐྲུན་པ་ནི་དེང་གི་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་ཆེད་དང་། ཞལ་འདེབས་སུ་ཕུལ་བ་ནི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས། རིན་ཐང་གཞལ་དུ་མེད་པའི་གསུང་རབ་རིན་པོ་ཆེ་དེ་དག་གི་གཟི་མདངས་རྣམ་པར་བཀྲ་བའི་ཞལ་རས་ཀྱི་དཀྱིལ་འཁོར་ལེགས་པར་མཇལ་ཐུབ་པའི་ཆེད་དུ་ཡིན་ཞེས་དང་། མེས་པོ་རྣམ་དཔྱོད་ཅན་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ཤེས་རིག་གི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་འདི་དག །ཡིག་ཚང་གཅེས་ཉར་ཁང་དུ་བཞུགས་སུ་གསོལ་བ་ཙམ་མ་ཡིན་པར། དཔེ་མཛོད་ཁང་དང་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་དང་། ལྷག་པར་དུ་གཞི་རིམ་གྱི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་ཐུབ་པར་བྱེད་དགོས་ཞེས་གསུངས།
སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་དབུ་འཛིན། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱི་ཁྱབ་ལག་བསྟར་གཙོ་སྒྲིག་པ་ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས། སྤོས་ལྡན་བོད་ཡིག་གཙུག་ལག་ལས་དོན་ཚོམས་ཀྱི་གནའ་དཔེ་ལེགས་སྒྲིག་པར་སྐྲུན་དང་སྲུང་སྐྱོབ་བེད་སྤྱོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་མཚམས་སྦྱོར་གནང་བ་ལྟར་ན། ལས་དོན་ཚོམས་དེ་ནི་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་དང་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་། མི་རིགས་ཡིག་ཚངས་འགྲེམས་སྟོན་ཁང་། མ་ལ་ཡ་དཔེ་མཛོད་ཁང་། བོད་ཀྱི་རིག་གནས་མངོན་མིན་ཤུལ་བཞག་བརྒྱུད་སྤེལ་མྱོང་རོལ་ལྟེ་གནས། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་ཏང་ཀྲི་པུའུ་བཅས་ལས་གྲུབ་པ་དང་། ལས་དོན་སྒྲུབ་ཕྱོགས་ཐད་གནའ་དཔེ་ལེགས་སྒྲིག་དང་སྲུང་སྐྱོབ། བེད་སྤྱོད། གསུང་རབ་འགྲེམས་སྟོན། དཔེ་ཀློག་ཁྱབ་གདལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཏང་འཛུགས་ལས་ཀ་སོགས་བརྗོད་བྱ་སྣ་མང་འདུས་ཡོད།
དེ་ནས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཟུར་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། ཀྲུང་གོའི་གནའ་དཔེ་སྲུང་སྐྱོབ་མཐུན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཅི་སི་ཁྲེང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཟུར་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཟུར་པ་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་བསོད་ནམས་དབང་རྒྱལ། མཚོ་སྔོན་བོད་ཡིག་གནའ་དཔེ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་རིང་སོགས་ཀྱིས་སྔ་རྗེས་སུ་གསུང་བཤད་གནང་ཞིང་། ཁོང་རྣམ་པས་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་པར་སྐྲུན། དཔེ་སྦྱིན་བྱེད་པ་ནི་གནའ་དཔེའི་ཁྲོད་ཀྱི་ཡིག་འབྲུ་ལ་གསོན་ཤུགས་རྒྱས་པར་བྱེད་པའི་ལག་ལེན་དངོས་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཡང་དོན་སྙིང་ཆེན་པོ་ལྡན་པར་ངོས་འཛིན་གནང་།

དཔེ་སྦྱིན་གནང་མཁན་གྱི་སྐུ་ཚབ། མིང་ཕུའུ་རིག་གནས་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ལིའུ་ཆང་གིས། ཐེངས་འདིའི་དཔེ་སྦྱིན་གྱི་མཛད་སྒོ་ནི་དགེ་སེམས་ཅན་གྱི་ཁེ་ལས་པ་སོགས་མི་སྣ་མང་པོས་མཉམ་འབྲེལ་གྱིས་སྤེལ་བ་ཡིན་ལ། དཔེ་ཆ་འདི་དག་གིས་སློབ་གྲྭའི་སློབ་ཁྲིད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། དེ་བཞིན་རིག་གཞུང་ཞིབ་འཇུག་བཅས་ཀྱི་ཐད་ལ་ཕན་པ་མི་དམན་པ་ཞིག་ཡོང་བའི་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ད་དུང་གཞན་ཕན་གྱི་ལྷག་བསམ་དཀར་པོ་རྒྱན་དུ་འཆང་བའི་ཁེ་ལས་པ་དང་། རྣམ་དཔྱོད་ཀྱི་བློ་མིག་རབ་ཏུ་ཡངས་པའི་ཤེས་ལྡན་དག་གིས་གནའ་དཔེ་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན་གྱི་བྱ་གཞག་ལ། སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུས།
ཡུས་ཧྲུའུ་ཁུལ་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་ཉིའུ་ཡུང་ཧྲེང་གིས། དཔེ་སྦྱིན་གནང་ཡུལ་ལས་ཁུངས་ཀྱི་སྐུ་ཚབ་མཛད་དེ་གཏམ་བཤད་གནང་། ཁོང་གིས་དཔེ་ཆ་འདི་དག་ལ་གཅེས་སྤྲས་དང་བེད་སྤྱོད་ལེགས་པོ་བྱ་རྒྱུ་ཡིན་པ་དང་། དཔེ་ཆ་དེ་དག་ལ་ཐོ་འགོད་ཞིབ་ཚགས་གནང་སྟེ། དཔེ་ཀློག་ཞབས་ཞུའི་ལས་དོན་ཡག་པོ་གཉེར་རྒྱུ་མ་ཟད། དཔེ་ཆ་དེ་དག་གིས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག །སྤྱི་པའི་དཔེ་ཀློག །གནའ་དཔེ་སྲུང་སྐྱོབ་བཅས་ལ་ཕན་འབྲས་དངོས་སུ་ཐོན་པར་བྱ་རྒྱུ་ཡིན་ཞེས་གསུངས།
དེ་ཡང༢༠༢༦ལོ་ནི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས།»དངོས་སུ་བསྒྲགས་པའི་ལོ་དང་པོ་དེ་ཡིན་ལ། བཅའ་ཁྲིམས་འདིའི་ནང་དུ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་ལེགས་སྒྲིག །ཞིབ་འཇུག །བེད་སྤྱོད་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་དགོངས་དོན་གསལ་པོ་གཏན་ལ་ཕབ་ཡོད་པ་དང་། དེ་བཞིན«དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག»ཅེས་པའི་ནང་དུའང་མི་རིགས་ས་ཁུལ་གྱི་དམངས་ཡོངས་དཔེ་ཀློག་ལ་རོགས་སྐྱོར་བླ་ལྷག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་གཤིས། ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་དང་དཔེ་སྦྱིན་མཛད་སྒོ་ཡང་གོང་གསལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དག་དོན་འཁྱོལ་མཐར་ཕྱིན་བྱས་པ་ཞིག་ཡིན་ཞིང་། དཔེ་སྦྱིན་གནང་ཡུལ་གྱི་ལས་ཁུངས་སུ་ཞིང་ཆེན་རིམ་པའི་ལས་ཁུངས་ཡོད་ལ། ཁུལ་དང་རྫོང་རིམ་པའི་གཞི་རིམ་ལས་ཁུངས་ཀྱང་ཡོད་པས། དེས་ནི་མི་རིགས་ས་ཁུལ་གྱི་སྤྱི་སྤྱོད་དཔེ་ཆའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་མཐུན་རྐྱེན་མི་དམན་པ་ཞིག་བསྐྲུན་ཡོད།

ཐེངས་འདིའི་མཚོ་སྔོན་དུ་བསྐྱོད་པ་ཞེས་པའི་བྱེད་སྒོ་འདི་ནི་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་དཔེ་སྦྱིན་འཆར་གཞི་སྟེ། སྤྱི་ལོ༢༠༢༥ལོར་སི་ཁྲོན་དུ་བསྐྱོད་པ་ཞེས་པའི་རྗེས་ཀྱི་ས་ཚིགས་གཉིས་པ་དེ་ཡིན་ལ། སི་ཁྲོན་དང་མཚོ་སྔོན་བར་ལ་རི་ཆུ་སྟོང་གིས་བཅད་རུང་། དེ་གཉིས་གཅིག་ཏུ་སྦྲེལ་བྱེད་ནི་རིག་གནས་ཀྱི་གསེར་ཐག་དེ་ཡིན་པས། སླད་ཕྱིན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དང་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོའི་དབར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་ནས། མཉམ་དུ་གནའ་དཔེ་སྲུང་སྐྱོབ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། གྲངས་འཛིན་ཅན་གྱི་ལས་གཞི་འཛུགས་སྐྱོང་། དམངས་ཡོངས་དཔེ་ཀློག་སོགས་ཀྱི་བྱ་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། གནའ་དཔེ་གསུང་རབ་དེ་བས་མང་བ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་རང་ནུས་ཅི་ཡོད་ཀྱིས་ལེགས་སྐྱེས་འབུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
