མཚོ་ལྷོ་ཁུལ་གྱིས་ཁུལ་སྟོན་གྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-07-27
ཀློག་གྲངས།:
ཉེ་ལམ། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཀྱིས་སྣེ་ཁྲིད་དེ་ཁུལ་སྟོན་གྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་ཞིང་། ཞོར་དུ་ཁུལ་སྟོན་གྱི་གྲ་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ནས་བྱ་བའི་ཚན་ཆུང་སོ་སོའི་སྙན་ཞུར་ཉན་ལ་ཞིབ་ཕྲའི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱས།
ལིས་ཀང་དང་ཀརྨ་ཕུན་ཚོགས་འཁོར་དང་བཅས་པས་ཁུལ་བོད་སྨན་ཉམས་ལེན་ལྟེ་གནས་ཀྱི་འགྲེམ་སྟོན་ཁང་དང་ཁུལ་མི་རིགས་ལུས་རྩལ་ར་བ། ཁུལ་མི་རིགས་རིག་གནས་ཐོན་ལས་གླིང་། ཁུལ“ས་ཁུལ་བཞིའི”ཐོན་ལས་སྐྱེད་སྲིང་ཉམས་ལེན་རྟེན་གཞི་དང་གུང་ཧོ་རྫོང་སྲིད་དོན་ལམ་ཆེན་སོགས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་ཡོད་འགན་འཁུར་ལས་ཁུངས་ཀྱིས་ཕུལ་བའི་སྙན་ཞུར་ཉན་རྗེས། འབྲེལ་ཡོད་སྡེ་ཁག་དང་ཁུལ་སྟོན་མཛད་སྒོའི་འཁྲབ་ཁྲིད་པའི་ཚན་ཆུང་། ལས་གཞི་འཛུགས་སྐྲུན་ལས་ཁུངས་སོགས་ཀྱི་འགན་འཁུར་བློ་མཐུན་དང་ངོ་འཕྲད་དེ་འབྲེལ་ཡོད་ཀྱི་བྱ་བར་གྲོས་མོལ་བྱས་ཏེ། ས་གནས་ཀྱི་གཞུང་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱས། ལས་ཀའི་མྱུར་ཚད་དང་རྒྱུ་སྤུས་ལ་དམ་འཛིན། བདེ་འཇགས་དང་ཕན་འབྲས་གཙོར་བཟུང་སྟེ་དུས་བཅད་ལྟར་ལས་གཞི་སོ་སོའི་གྲ་སྒྲིག་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ཁུལ་སྟོན་གྱི་བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས་པར་བསྟན།
རྟོག་ཞིབ་བྱ་བ་མཇུག་སྒྲིལ་རྗེས། ལིས་ཀང་གིས་ཁུལ་སྟོན་གྱི་གྲ་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུར་མགོ་འཛིན་བྱས་ཏེ་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དེ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་དང་འཚོ་བའི་ཁྲོད་དགའ་འོས་པ་དང་གལ་ཆེ་བའི་དོན་ཆེན་ཞིག་ཡིན་ལ། རང་ཁུལ་གྱི་སྣང་བརྙན་གསར་བ་ཕྱིར་ངོམ་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན་པས། ཞིབ་ཕྲའི་རྩ་འཛུགས་དང་བཀོད་སྒྲིག་འོག་དུས་རབས་ཀྱི་རྣམ་པ་མངོན་དགོས་ལ། ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་མཚོ་ལྷོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་མཚར་སྡུག་གི་གྲུབ་འབྲས་གསར་བ་འཇོག་དགོས།
ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པས་ཁུལ་སྟོན་ལ་མཐོང་ཆེན་བྱ་དགོས་ཏེ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། སྤོབས་སེམས་ཡོད་པ་དང་ལས་འགན་ཡོད་པ། འགན་འཁྲི་ཡོད་པར་ཁུལ་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། ས་ཁོངས་རང་བཞིན། མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་ཏེ། རང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་པ་ཏང་ལ་ཕྱོགས་པ་དང་ཏང་གི་དྲིན་ཚོར་བ། འབད་འབུངས་ཡར་བརྩོན་གྱི་ལག་ཟུང་སྦྲེལ་ཏེ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དགོས།
སྤྲོའི་སེམས་འཁོལ་བས་ངང་ནས་ཁུལ་སྟོན་བསུ་དགོས་ཏེ། ནང་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱ་འགུལ་དང་། བརྗོད་བྱ་གསལ་བའི་དྲིལ་སྒྲོག་འགྲེམས་སྟོན། སྒྲིག་བཀོད་ཡོད་པའི་ལྗང་སྒྱུར་མཛེས་བཟོ། ཁྱད་ཆོས་ལྡན་པའི་བསྒྱུར་བཀོད་ཀྱི་རྣམ་པ་བཅས་ལ་བརྟེན་ནས་དཔལ་ཡོན་དང་འཆམ་མཐུན། བརྗིད་ཉམས་ལྡན་པ། སྤྲོ་སེམས་འཁོལ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་བསྐྲུན་དགོས་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་ཁུལ་གྱི་མི་རྣམས་རང་གི་ཕ་ཡུལ་ལ་དགའ་ཞེན་ཆེ་བ་དང་སྤྲོ་སེམས་འཁོལ་བས་ཕྱོགས་ཡོང་མགྲོན་པོ་བསུ་དགོས།
ཟབ་ཞུགས་པ་ཡིས་ཚུལ་གྱིས་ཁུལ་སྟོན་ལ་ཞུགས་དགོས་ཏེ། མགོ་ཁྲིད་ཚན་ཆུང་དང་བྱ་བའི་ཚན་ཆུང་སོ་སོའི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་ཁུལ་སྟོན་བྱ་འགུལ་ཁྲོད་ཞུགས་པ་དང་། མི་ཚང་མའི་ཕྲག་ཏུ་བབས་པའི་འགན་འཁྲི་དེ་སྤྱོད་སྟངས་ལས་མཐོང་ཐུབ་པར་བྱ་དགོས་ཤིང་། དུས་ཚོད་དམ་འཛིན་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་དང་ཚོགས་ར་བཀོད་སྒྲིག་བྱེད་པ། བསྐོར་སྐྱོད་རུ་ཁག་དང་མགོ་རྩོམ་མཛད་སྒོའི་འཁྲབ་སྟོན་པའི་ནང་སྦྱོང་དམ་འཛིན་བྱས་ཏེ། ཁོར་ཡུག་གི་གཙང་སྦྲ་ཇེ་ལེགས་སུ་གཏོང་བ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། གཙང་ཞིང་གྲལ་དག་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
བདག་པོའི་ཚུལ་གྱིས་ཁུལ་སྟོན་ལ་འགན་སྲུང་བྱ་དགོས་ཏེ། སྤྲོ་སེམས་འཁོལ་བས་སྐུ་མགྲོན་སྣེ་ལེན་བྱེད་པའི་ཞབས་ཞུའི་འགན་ལེན་བྱ་བ་ཡག་པོར་བསྒྲུབ་སྟེ། སྐུ་མགྲོན་ཚོར་མཚོ་ལྷོའི་བརྩེ་སེམས་དང་མཚོ་ལྷོའི་མཛེས་སྡུག་ཚོར་ཐུབ་པར་བྱ་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་བྱ་བ་སོ་སོའི་བདེ་འཇགས་འགན་ལེན་ནན་མོ་བྱེད་པ་དང་། ཕྱོགས་གཅིག་ནས་གྲ་སྒྲིག་དང་ཕྱོགས་གཅིག་ནས་སྐུལ་འདེད། ཕྱོགས་གཅིག་ནས་ཕྱོགས་བསྡོམས་བྱ་དགོས་པ་དང་། ཁུལ་སྟོན་མཇུག་རྫོགས་རྗེས་ཕྱོགས་བསྡོམས་ཚོགས་འདུ་འཚོགས་ནས་ཉམས་མྱོང་བསྡུ་ལེན་བྱ་དགོས་པར་བསྟན། ཀརྨ་ཕུན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཁུལ་སྟོན་མགོ་ཁྲིད་ཚན་ཆུང་གི་བྱ་བའི་རུ་ཁག་གིས“སྒུག་མི་ཐུབ་པ་དང་། དལ་མི་ཉན་པ། སྡོད་མི་ཐུབ་པ”བཅས་ཀྱི་འགན་འཁྲིའི་བསམ་པ་དང་བྲེལ་འཚུབ་ཀྱི་བསམ་པ་མཐའ་འཁྱོངས་བྱས་ཏེ། ཁུལ་སྟོན་གྱི་གྲ་སྒྲིག་ཆེས་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པས་བྱ་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། རྒྱུན་གཏན་ལས་བརྒལ་བའི་བསམ་ཕྱོགས་དང་ཤུགས་ཚད། བྱ་ཐབས་བཅས་ལ་བརྟེན་ནས་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ལྷག་པར་དུ་ལས་གཞི་འཛུགས་སྐྲུན་དང་མཇུག་བསྡུའི་འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་ནས། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཚོད་དམ་འཛིན་དང་། མྱུར་ཚད་དམ་འཛིན། སྤུས་ཚད་འགན་ལེན། བདེ་འཇགས་འགན་སྲུང་བཅས་བྱས་ཏེ་ལས་གཞི་འཛུགས་སྐྲུན་གྱི“མཚོ་ལྷོའི་མྱུར་ཚད”ལས་བརྒལ་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དམངས་ཚིས་བཟོ་བཀོད་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐུབ་པའི་སྤུས་ལེགས་བཟོ་བཀོད་ཅིག་བསྐྲུན་དགོས་པའི་བླང་བྱ་བཏོན།
ཝང་ཀྲུང་དབྱི། ཆན་གོ་ཆིན། ཧྥན་རུན་ཡོན། ཀྲང་ཧྥེང་། ལིས་ཡན། ལན་ཧྲེང་ཧྥེང་། ལི་གོ་ཞུང་བཅས་རྟོག་ཞིབ་ཁྲོད་ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།