logo

“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས། ༡

རྩོམ་པ་པོ།:ལུང་རྟོགས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-20 ཀློག་གྲངས།:
མེ་ཏོག་པད་མའི་མཚེའུ།
སུན་ལི་ཡིས་བརྩམས།
ལུང་རྟོགས་ཀྱིས་བསྒྱུར།

 
       ཟླ་བ་རིམ་གྱིས་ཡར་འཕགས་པ་ན། ར་སྐོར་ནང་དུ་བསིལ་ཉམས་གྲལ་དག་གི་རྣམ་པ་ཞིག་མངོན། ཉིན་མོར་འཐུས་པའི་འདམ་སྨྱུག་དག་བརླན་ཤིག་གེར་ཡོད་པས། དེ་ནི་སྨྱུག་གདན་སླེ་བར་ཆེས་འོས་འཚམ་གྱི་དུས་ཡིན། ར་སྐོར་ནང་གི་སྐྱེས་མ་དེའི་ལག་པའི་མཛུབ་མོས་མཉེན་ཞིང་ལྕུག་པའི་འདམ་སྨྱུག་སླེ་བཞིན་ཡོད་ལ། འདམ་སྨྱུག་རེ་རེ་ནི་སྲབ་ཅིང་ཕྲ་ལ། ཁོ་མོའི་པང་དུ་ལྡེམ་གྱུག་གྱུག་བྱེད།
       པའེ་དབྱང་ཏེན་དུ་འདམ་རྩྭའི་ས་ཁྱོན་ཅི་འདྲ་ཞིག་ཡོད་ཅེ་ན། དེ་ནི་ཤེས་པར་མ་གྱུར་ལ། ལོ་རེར་འདམ་རྩྭ་ག་ཚོད་ཅིག་ཕྱིར་གཏོང་བྱེད་ཀྱིན་ཡོད་ཅེ་ན། དེའང་ཆ་མི་འཚལ། གསལ་ཆ་ཞིག་ཡོད་པ་ནི་འདམ་རྩྭའི་མེ་ཏོག་ཡར་མར་སྤུར་ཞིང་འདམ་རྩྭའི་ལོ་མ་སེར་པོར་གྱུར་དུས། ཡུལ་ཕྱོགས་དེའི་འདམ་རྩྭ་ཡོད་ཚད་བྲེགས་ཏེ་པའེ་དབྱང་ཏེན་མཐའ་འཁོར་གྱི་བཀོད་ཐང་དུ་ཡར་མར་སྤུངས་པ་ན། འདམ་རྩྭའི་ལྕགས་རི་རིང་བོ་ལྟ་བུ་ཞིག་གྲུབ་འདུག སྐྱེས་མ་ཚོས་ར་སྐོར་གྱི་ཕྱི་ནང་ཀུན་ཏུ་སྨྱུག་གདན་སླེ་བཞིན་ཡོད་ལ། སྨྱུག་གདན་ག་ཚོད་ཅིག་བསླེས་ཡོད་ཅེ་ན། ཟླ་དྲུག་པའི་ནང་དུ་གཙང་བོར་བོགས་ཐོན་སྐབས། མཚོ་གྲུ་གྲངས་མེད་ཅིག་གིས་དངུལ་དཀར་གཙང་དག་གི་སྨྱུག་གདན་སྐྱེལ་འདྲེན་བྱེད་ཅིང་། ཅང་མི་འགོར་བར་ཡུལ་ཕྱོགས་སོ་སོའི་གྲོང་དང་གྲོང་ཁྱེར་ཀུན་ཏུ་རི་མོ་གསལ་ཞིང་ཚགས་དམ་པའི་སྨྱུག་གདན་མཐོང་རྒྱུ་ཡོད། “རྒྱུ་སྤུས་གཙང་དག་གང་ཐད་ནས། པའེ་དབྱང་ཏེན་གྱི་སྨྱུག་གདན་བཟང་།”ཞེས་ཀུན་གྱིས་རྩོད་པ་བྱེད་ཀྱིན་ཉོ་བ་ཡིན།
       སྐྱེས་མ་དེས་སྨྱུག་གདན་སླེ་བཞིན་རིང་བོར་མ་ཐོགས་པར་ཁོ་མོའི་ཉེ་འཁོར་ཧྲིལ་བོར་སྨྱུག་གདན་གྱིས་ཁེབས། དེ་ནི་མོ་རང་དཀར་འཇམ་ཁ་བའི་གཡོགས་པའི་ཐང་ཆེན་ཞིག་ཏུ་བསྡད་པ་དང་ཀུན་ནས་མཚུངས་ཤིང་། དཀར་བོང་བོང་གི་སྤྲིན་པའི་ཡང་སྟེང་ཞིག་ཏུ་གནས་པ་དང་ཡང་གཉིས་སུ་མེད། ཁོ་མོས་མཚམས་རེར་མཚེའུ་ངོགས་སུ་ཡང་ཡང་ལྟ་ལ། ཟླ་འོད་འོག་གི་མཚེའུ་ཡང་དཀར་པོ་དངུལ་མདངས་ཀྱི་འཇིག་རྟེན་ཞིག་ཏུ་སྣང་། ཆུ་ངོས་ནས་ན་བུན་སྲབ་མོ་ཞིག་ཡར་འཕྱུར་ཞིང་། བསིལ་རླུང་ལྡང་ཙ་ན། གསར་སྐྱེས་པདྨའི་མེ་ཏོག་གི་འདབ་ལོའི་བསུང་ཞིམ་ཞིག་སྣ་ལམ་དུ་མཆེད་འོང་། འོན་ཀྱང་ཁོ་མོས་རྒྱ་སྒོ་ད་དུང་བརྒྱབ་མེད་དེ། ཁྱོ་བོ་ཁྱིམ་དུ་བསླེབ་མེད། 
       དུས་ཚོད་ཡུན་རིང་ཞིག་འགོར་རྗེས་ཁྱོ་བོ་ད་གཟོད་ཁྱིམ་དུ་འབྱོར། ཁོ་ནི་ན་ཚོད་ཉེར་ལྔ་ཡས་མས་ལ་སོན་པའི་གཞོན་སྐྱེས་དར་མ་ཞིག་སྟེ། མགོ་ལ་རྩྭ་ཞྭ་ཞིག་གྱོན་ཞིང་། ཁོག་སྟོད་དུ་སྟོད་ཐུང་དཀར་པོ་གཙང་དག་ཅིག་གྱོན། ཁོག་སྨད་ཀྱི་དོར་མ་ནག་པོ་པུས་མོའི་མཚམས་སུ་བརྫེས་ཤིང་རྐང་རྗེན་དུ་འདུག ཁོའི་མིང་ལ་ཧྲུའེ་ཧྲིང་ཟེར་ཞིང་། ཞའོ་ཝའེ་གྲོང་ཚོའི་མྱུལ་རྒོལ་རུ་དཔོན་དང་ཏང་གི་འགན་འཁུར་བ་ཡིན། དེ་རིང་མྱུལ་རྒོལ་རུ་ཁག་ཁྲིད་དེ་ཁུལ་དུ་ཚོགས་འདུར་ཕྱིན་པ་ཡིན། ཁོ་མོས་མཛུམ་མདངས་ཤིག་དང་ལྷན་དུ་ཁྱོ་བོའི་གདོང་ལ་ལྟ་བཞིན།“དེ་རིང་འདི་འདྲ་ཞིག་འགོར་དོན་ཅི་རེད།”ཅེས་འདྲི་བཞིན། ཡར་ལངས་ནས་ཟ་མ་ལེན་དུ་འགྲོ་བར་རྩོམ།
       ཧྲུའེ་ཧྲིང་རྡོ་ཐེམ་གྱི་ཐོག་ཏུ་བསྡད་དེ། “ཟ་མ་ཟོས་ཚར། ད་ལེན་མི་དགོས།” ཞེས་བཤད།
       ཁོ་མོ་རྩྭ་གདན་གྱི་ཐོག་ཏུ་བསྡད་དེ་ཁྱོ་བོའི་གདོང་ལ་བལྟས། ཁྱོ་བོའི་ངོ་གདོང་ཅུང་དམར་པོར་གྱུར་ཞིང་སྐད་ཆ་བཤད་སྐབས་དབུགས་ཀྱང་ཅུང་ཙམ་འཚངས།“ཁོ་ཚོ་གང་དུ་སོང་།”མོས་དེ་ལྟར་དྲིས།
       ཁྱོ་བོས“ཁོ་ཚོ་ད་དུང་ཁུལ་ཐོག་ན་ཡོད། ཨ་ཕ་ཉལ་ཟིན་པ་ཡིན་ནམ།”ཞེས་དྲིས།
       མོས“རེད།”ཅེས་ལན་བཏབས།
       “ཞའོ་ཧྭ།”
       “ཉིན་ཕྱེད་ཙམ་གྱི་རིང་དུ་སྤོ་བོ་དང་ལྷན་དུ་ཆུ་འབུ་གློ་ཉལ་རྒུམ་དུ་སོང་བས། སྔ་མོ་ནས་གཉིད་ཟིན། ཁོ་ཚོ་ད་རུང་ཕྱིར་མི་ཡོང་དོན་ཅི་རེད།”
        ཧྲུའེ་ཧྲིང་ཅུང་ཙམ་བགད་པ་ན། ཁོ་མོས་ནམ་རྒྱུན་དང་མི་འདྲ་བ་ཤེས་ཏེ། 
       “ཅི་རེད། ཁྱོད།”
       ཁོས་སྐད་གདངས་དམའ་མོས“སང་ཉིན་ང་དམག་དཔུང་ཆེན་པོར་འགྲོ་དགོས།”
       ཁོ་མོའི་ལག་པའི་མཛུབ་གུ་གློ་བུར་དུ་ལྡེམ་ཙམ་བྱས། དེ་ནི་ཕལ་ཆེར་འདམ་སྨྱུག་གིས་མོའི་ལག་པའི་སྐྱི་པགས་གཤག་པ་འདྲ་སྟེ། མོས་མཛུབ་མོ་གཅིག་ཁ་ནང་དུ་བཞག་སྟེ་འཇིབ་ཙམ་བྱས། ཧྲུའེ་ཧྲིང་གིས“དེ་རིང་རྫོང་ཨུད་ཀྱིས་ངེད་ཅག་ཚོགས་འདུར་བསྡུས་ཏེ། གལ་ཏེ་དགྲ་བོས་སླར་ཡང་ཐུང་ཁོའུ་གྲོང་རྡལ་དུ་དམག་སྒར་བརྒྱབ་ན། དེ་དང་ཏོན་གྲོང་ཚོ་གཉིས་ལམ་ཐིག་གཅིག་ཏུ་གྱུར་ཡོད་པས། པའེ་དབྱང་ཏེན་གྱི་འཐབ་རྒོལ་ལ་ཡང་འགྱུར་བ་བྱུང་སྲིད། ཚོགས་འདུའི་ཐོག་ནས་ས་ཁུལ་རུ་དཔུང་ཞིག་འཛུགས་རྒྱུའི་ཐག་བཅད་པས། ངས་སྔོན་དུ་ལག་པ་བཀྱགས་ཏེ་མིང་ཐོ་བཀོད་པ་ཡིན།”ཞེས་བཤད།
       མོས་མགོ་བོ་སྨད་དེ“ཁྱོད་ནི་རྒྱུན་པར་དེ་འདྲའི་ཡར་སེམས་ཅན་ཞིག་ཡིན།”ཞེས་བཤད།
       ཧྲུའེ་ཧྲིང་གིས“ང་ནི་གྲོང་ཚོའི་ནང་གི་མྱུལ་རྒོལ་རུ་དཔོན་དང་ལས་བྱེད་པ་ཡང་ཡིན་པས། རང་འགུལ་གྱིས་མགོ་ཁྲིད་ལོས་དགོས། ཁོ་ཚོས་ཀྱང་མིང་ཐོ་བཀོད་ཡོད། ཡིན་ནའང་ཁྱིམ་མི་འཐད་པ་བྱུང་མིན་དོགས་ཏེ་ཕྱིར་ཡོང་མ་ཕོད། ཚང་མས་ང་རང་ཚབ་ཏུ་མངགས་ཏེ་ཁྱིམ་མི་ཚོར་གནས་ཚུལ་བཤད་དུ་བཅུག་པ་ཡིན། ཁོ་ཚོས་ད་དུང་ཁྱོད་ནི་ཅུང་བསམ་ཤེས་ཡིན་པར་འདོད་ཀྱིན་འདུག།”ཅེས་བཤད་པ་ན།
       ཁོ་མོས་ཡུད་ཙམ་ལ་ཅི་ཡང་མ་བཤད་ཅིང་། ཅུང་ཙམ་འགོར་རྗེས།“ཁྱོད་སོང་ན། ངས་ཁྱོད་མི་འགོག ཡིན་ནའང་ཁྱིམ་ནས་ཅི་བྱེད།”ཟེར།
       ཧྲུའེ་ཧྲིང་གིས་རང་གི་ཨ་ཕའི་ཁང་ཆུང་ཕྱོགས་སུ་ལྟན་གྱིན་མོ་ལ་སྐད་མགོ་དམའ་རུ་ཆུགས་ཞེས་བཤད་ཞོར།“ཁྱིམ་གྱི་གནས་ཚུལ་གཞན་གྱིས་བདག་སྐྱོང་བྱེད་སྲིད། ཡིན་ནའང་ང་ཚོའི་གྲོང་ཚོ་ཆུང་སྟབས། ཐེངས་འདིར་དམག་ལ་ཞུགས་མཁན་མི་བདུན་ཡོད་པས། གྲོང་ཚོའི་ནང་དུ་ན་གཞོན་ཇེ་ཉུང་དུ་ཕྱིན་སྟབས། ཁྱིམ་གྱི་གནས་ཚུལ་ཚང་མ་གཞན་ལ་བརྟེན་ན་མི་འོས་པས། ཁྱིམ་ལས་མང་ཤོས་ཁྱོད་ཀྱིས་འབད་པ་བྱེད་རོགས། ཨ་ཕ་ན་ཚོད་ཡོལ་ཞིང་ཞའོ་ཧྭ་ད་དུང་ལོ་ན་ཆུང་བས་གོ་མི་ཆོད།”ཅེས་བཤད།
       ཁོ་མོའི་ཡིད་ཁོངས་གཅོང་ལྷང་ངེར་གྱུར་ནའང་མིག་ཆུ་མ་བཏང་བར་“ཁྱོད་ཀྱིས་ཁྱིམ་གྱི་དཀའ་ཁག་ཤེས་ན་འགྲིག་འདུག”ཅེས་བཤད།
       སྐབས་དེར་ཧྲུའེ་ཧྲིང་གིས་རང་གི་ཆུང་མར་སེམས་གསོ་ཞིག་བྱེད་ན་འདོད་མོད། གྲ་སྒྲིག་གི་དོན་དག་མང་པོ་ཞིག་ཚགས་སུ་ཆུད་མེད་པས། ཁོས“འགན་ཁུར་ལྗིད་པོ་དེ་གནས་སྐབས་ཁྱོད་ཀྱིས་ཁུར་དང་། འདྲེ་དམག་མཐར་དཀྲོད་བྱས་ཚར་རྗེས་ང་ཕྱིར་ཡོང་ནས་ཁྱོད་ལ་བཀའ་དྲིན་ཞུ”ཞེས་སྐད་ཆ་ཐུང་ཐུང་ཞིག་བཤད་རྗེས། ཁྱིམ་ཚང་གཞན་པ་ཚོར་སོང་ཞིང་། ཨ་ཕར་གནས་ཚུལ་དེ་ཕྱིར་ཐོན་དུས་བཤད་རྒྱུ་བྱས།
       ནངས་མོར་ཁྱིམ་བྱ་གྲག་དུས་ཧྲུའེ་ཧྲིང་ད་གཟོད་ཕྱིར་ཁྱིམ་དུ་འབྱོར། ཁོ་མོས་ད་དུང་སྔར་མལ་ན་ཧྲུའེ་ཧྲིང་ཕྱིར་ཡོང་བར་སྒུག་འདུག། མོས་རང་གི་ཁྱོ་བོ་ལ“ཁྱོད་ཀྱིས་ང་ལ་བཅོལ་གདམས་ཀྱི་སྐད་ཆ་རེ་བཤད་རྒྱུ་མེད་དམ།”ཞེས་དྲིས།
       “ད་ཅང་མེད། ང་སོང་རྗེས་ཁྱོད་རང་མུ་མཐུད་དུ་ཡར་སྐྱེད་ཡོང་དགོས་ལ། ཡིག་ངོ་ཆོད་པ་དང་ཐོན་སྐྱེད་ལའང་འབད་དགོས”ཟེར།
       “འུན།”
       “དོན་དག་གང་ཡིན་ཡང་གཞན་གྱི་རྗེས་སུ་ལུས་མི་ཉན”
       “འུན། གཞན་ཅང་ཨེ་ཡོད།”
       “དགྲ་བོ་དང་ནང་རུལ་ཚོར་གསོན་བཟུང་བྱེད་དུ་འཇུག་མི་ཉན། གལ་ཏེ་ལག་ཏུ་ཤོར་སོང་ན་ངེས་པར་དུ་ཁོ་ཚོ་དང་སྲོག་བསྡོས་ཀྱིས་འཐབ་དགོས།”འདི་ནི་ད་གཟོད་དོ་གལ་ཆེས་ཆེ་བའི་ཚིག་གཅིག་སྟེ། ཁོ་མོས་མིག་ནས་མཆི་མ་འདོན་ཞོར་དུ་ཁས་ལེན་བྱས།
       ཕྱིར་ཉིན་ཁོ་མོས་ཐུམ་སྒྲིལ་ཆུང་ཆུང་ཞིག་གྲ་སྒྲིག་བྱས་ཏེ། དེའི་ནང་དུ་སྟོད་ཐུང་སོ་མ་གཅིག་དང་པགས་རས་སོ་མ་གཅིག། ད་དུང་ལྷམ་སོ་མ་ཆ་གཅིག་བཅས་བསྡུ་གསོག་བྱས། ཁྱིམ་ཚང་གཞན་པ་ཚོས་ཀྱང་དངོས་པོ་དེ་དག་གྲ་སྒྲིག་བྱས་ཏེ་ཧྲུའེ་ཧྲིང་གི་ལག་ཏུ་བཞག། ཁྱིམ་མི་ཀུན་གྱིས་ཁོ་རང་སྒོ་ཁར་སྐྱེལ་མ་བྱས། ཨ་ཕས་ལག་པ་གཅིག་གིས་ཞའོ་ཧྭ་ཡི་ལག་སྣེར་འཇུས་ནས། ཁོ་ལ“ཧྲུའེ་ཧྲིང་། ཁྱོད་རང་ལས་ཀ་གཟི་བརྗིད་ཅན་ཞིག་བསྒྲུབ་ཏུ་འགྲོ་བ་ཡིན་པས། ངས་ཁྱོད་འགོག་མི་སྲིད། ཁྱོད་རང་སེམས་བདེ་མོའི་ངང་ནས་སོང་དང་། ཆུང་མ་དང་བུ་ཕྲུག་ངས་བདག་སྐྱོང་བྱེད། ཤུལ་དུ་སེམས་འཁྲེང་དགོས་ས་ཅི་ཡང་མེད།”ཅེས་བཤད།
       གྲོང་ཚོ་ཧྲིལ་བོའི་རྒན་གཞོན་བར་མ་ཀུན་པོས་ཁོ་རང་སྒོ་ཁར་སྐྱེལ་མ་བྱས། ཁོས་རང་ཉིད་ལ་སྐྱེལ་མ་བྱེད་མཁན་གྱི་གྲོང་མི་ཚོར་འཛུམ་མདངས་རེ་སྟོན་གྱིན་གྲུར་བསྡད་དེ་ལམ་ལ་ཆས་སོ། །
       སྐྱེས་མ་ཚོར་རང་གི་ཁྱོ་ག་དང་ལུས་བྲལ་ཡང་སེམས་བྲལ་མི་ཐུབ་པའི་བརྩེ་བ་ཞིག་ཡོད་དེ། ཉིན་གཉིས་འགོར་རྗེས། བུད་མེད་ལོ་གཞོན་གསུམ་ཧྲུའེ་ཧྲིང་ཚང་གི་ཁྱིམ་དུ་འཛོམས་ནས་ཕན་ཚུན་གྲོས་བསྡུར་བྱས་པ་ལ། གཅིག་གིས“གོ་ཐོས་ལྟར་ན་ཁོ་ཚོ་ད་རུང་མ་སོང་བར་འདིར་ཡོད་ཟེར། ངས་ཕྱིར་བཤོལ་བྱས་པ་མིན་མོད། ལྭ་བ་ཞིག་སྟེར་རྒྱུ་ལྷག་འདུག”
       “ང་ལ་ཡང་སྐད་ཆ་གལ་ཆེན་ཞིག་ཁོར་བཤད་རྒྱུ་ཡོད།”
       ཧྲུའེ་ཧྲིང་གི་ཆུང་མས“གོ་ཐོས་སུ་འདྲེ་དམག་ཚོས་ཐུང་ཁོའུ་གྲོང་རྡལ་དུ་དམག་སྒར་འཛུགས་རྒྱུ་རེད”སོགས་ཀྱི་སྐད་ཆ་མང་པོ་ལབ།
       “དེ་འདྲའི་སླ་མོ་ཞིག་གིས་འདྲེ་དམག་ལ་གང་ནས་ཐུག་སྲིད། ང་ཚོ་མྱུར་མོར་སོང་ནས་མྱུར་མོར་ཕྱིར་ལོག་ཆོག”
       “ང་སྤྱིར་འགྲོ་འདོད་མེད་མོད། ངའི་སྒྱུག་མོས་ངེས་པར་དུ་ང་རང་ཁོའི་སར་ལྟ་རུ་སོང་ཟེར། དེར་འགྲོ་རྒྱུ་ཅི་ཡོད།”
       དེ་ནས་བུད་མེད་དེ་ཚོ་ཁ་རོག་གེར་མཚོ་གྲུ་ཆུང་ཆུང་ཞིག་ཏུ་བསྡད་ནས་ཁ་གཏད་ཀྱི་མཱ་གྲོང་ཚོའི་ཕྱོགས་སུ་བསྐྱོད།
       མཱ་གྲོང་ཚོར་འབྱོར་རྗེས། ཁོ་མོ་ཚོ་སྲང་ལམ་དུ་སོང་ནས་བཙལ་མ་ཕོད་སྟབས། གྲོང་སྟོད་ཀྱི་གཉེན་ཉེ་ཚང་ཞིག་ཏུ་སོང་། གཉེན་ཉེ་དེས་ཁོ་མོ་ཚོ་སླེབ་མ་ཐག་ཏུ“ཁྱེད་ཚོ་ཐོན་པ་ཅུང་འཕྱི་སོང་། ཁ་སང་དགོང་མོ་ཁོ་ཚོ་འདིར་ཡོད་མོད། ནམ་གུང་ལམ་ལ་ཆས་པས། ད་ནི་ཕྱོགས་གང་ཞིག་ཏུ་སོང་ཡོད་པ་སུས་ཀྱང་མི་ཤེས། ཁྱོད་ཚོས་སེམས་ཁུར་ཅི་ཡང་བྱེད་མི་དགོས། གོ་ཐོས་སུ་ཧྲུའེ་ཧྲིང་ཐོན་མ་ཐག་ནས་བཅུ་དཔོན་གཞོན་པར་བསྐོས་པས། ཚང་མས་དགའ་སྤྲོ་ཚད་མེད་བྱེད་བཞིན་འདུག”ཅེས་བཤད།
       ཁོ་མོ་ཚོ་འདིར་ཡོང་དོན་གྱི་དམིགས་ཡུལ་གཉེན་ཉེ་དེས་མ་དྲིས་རང་གསལ་གྱིས་ཤེས་སོང་སྟབས། བུད་མེད་དེ་ཚོས་ངོ་གནོང་ནས་གདོང་མདོག་ཀྱང་དམར་པོར་གྱུར་བཞིན་གཉེན་ཉེ་ཚང་ནས་ཕྱིར་ཐོན་ཞིང་། ཆུ་འགྲམ་གྱི་གྲུ་ཆུང་དུ་བསྡད་དེ་ཕྱིར་འཁོར། ད་ལྟ་ཉིན་གུང་དུ་སླེབས་ལ་ཉེ་ཞིང་། མཁའ་དབྱིངས་ཀྱི་ཁྱོན་ཀུན་སྤྲིན་པའི་འདུ་འགོད་ཡོངས་སུ་བྲལ། ཡིན་ནའང་ཆུ་ངོས་སུ་ཡོད་པའི་རྐྱེན་གྱིས་བསིལ་རླུང་ཅུང་ཙམ་གཡུག་གིན་འདུག། ལྷོ་ཕྱོགས་ནས་ལྡང་བའི་བསིལ་རླུང་དེས་འབྲས་མྱུག་གི་མགོ་ལྕོག་ལ་བྱིལ་བྱིལ་གཏོང་ཞིང་འདམ་རྩྭའི་མེ་ཏོག་སྒུལ་གྱིན་ཆུ་ངོས་སུ་ཐོན། ཆུ་ངོས་སུ་མཚོ་གྲུ་གཞན་གཅིག་ཀྱང་མེད་ཅིང་། མཐའ་མི་མངོན་པའི་གཙང་བོ་དེ་ནི་རླབས་རིས་ཤིག་ཤིག་བསྐྱོད་པའི་དངུལ་གྱི་མཚོ་མོ་ཞིག་དང་མཚུངས།  
       ཁོ་མོ་ཚོའི་སེམས་ལ་སྐྱོ་སྣང་དང་ཡིད་ཕམ་ཅུང་ཙམ་བྱུང་། སོ་སོས་སེམས་ནང་ནས་རང་གི་ཁྱོ་བོ་ལ་ལེ་བདའ་ཡང་བྱས། ཡིན་ནའང་གཞོན་སྐྱེས་ཚོས་ནམ་རྒྱུན་སྣང་བ་གང་སྐྱིད་ཀྱི་ཕྱོགས་སུ་འཁོར་སྲིད་ལ། བུད་མེད་ཚོས་ལྷག་པར་རང་ཉིད་ཀྱི་སེམས་མི་སྐྱིད་པའི་དོན་དག་བརྗེད་སླ་བས། ཅང་མ་འགོར་བར་ཁོ་མོ་ཚོ་ཡང་བསྐྱར་ཁ་བརྡ་དང་དགོད་སྒྲའི་ཀློང་དུ་སོང་།
       “ཁྱོད་ཚོས་ལྟོས། འགྲོ་ཟེར་ན་བུད་ཐལ”
       “ཁོ་དགའ་བ་ཚད་ཅིག་མི་འདུག། ལོ་སར་བ་དང་མནའ་མ་ལེན་པ་སོགས་གང་གི་སྐབས་ཀྱང་ངས་ཁོ་ལ་དེ་འདྲའི་དགའ་སྣང་ཞིག་ཡོད་པ་མཐོང་མ་མྱོང་།”
       “རྟ་འདོགས་སའི་རྟོད་ཕུར་བརྡབ་ཀྱང་ཁོ་ཚོ་ཟུངས་དཀའ་མོ་རེད།”
       “རྟ་ཞིག་ཡིན་ན། སྲབ་མཐུར་བཅད་དེ་ཤོར་སོང་བ་ལྟ་བུ་རེད།”
       “འོ་ལེ། དམག་དཔུང་དུ་ཞུགས་རྗེས། རང་གི་ཁྱིམ་མི་ཡང་བརྗེད་ངེས་རེད།”
       “དེ་ངོ་མ་རེད། སྔོན་ཆད་ངེད་ཚང་དུ་ལོ་ཆུང་དམག་མི་སྐོར་ཞིག་ཞག་སྡོད་བྱས་མྱོང་། ཁོ་ཚོས་ཉིན་གང་བོར་མགྲིན་པ་བཏེགས་ཏེ་སྒོ་ཕྱི་ཁྱིམ་གང་དུ་སོང་ནའང་སྤྲོ་དགའི་གླུ་དབྱངས་ལེན། ང་ཚོ་ཚེ་གང་བོར་ཡང་དེ་འདྲ་ཞིག་སྤྲོ་མྱོང་མེད། ཁོ་ཚོའི་ལས་འགན་དག་འགྲུབ་ནས་ཁོམ་གསེང་གི་དུས་སུ། ངས་གླེན་འདང་རྒྱག་གིན། ད་ལྷོད་ལྷོད་བྱས་ཏེ་ངལ་གསོ་རྒྱུ་རེད་བསམས། ཡིན་ནའང་ཡིད་ལའང་མ་དྲན་པ་ཞིག་ལ་ཁོ་ཚོས་ཕྱེ་དཀར་གྱིས་ངེད་ཚང་གི་རྩིག་སྐྱོར་ངོས་སུ་གོར་ཐིག་མང་པོ་བྲིས་རྗེས། ར་སྐོར་ནང་དུ་ཙོག་པུར་བསྡད་ཅིང་ལག་གི་མེ་མདའ་གོར་ཐིག་དེ་དག་ལ་ཚད་དེ་ཁ་ནས་སླར་ཡང་གླུ་དབྱངས་བླངས།”
       མཚོ་གྲུ་དལ་མོར་ཆུ་ངོས་སུ་བསྐྱོད་ཅིང་། གཡས་གཡོན་གཉིས་སུ་ཆུ་སྒྲ་ཤག་ཤག་དུ་སྒྲོག གྲུ་ཤིང་འདེད་ཞོར་དུ་ཆུ་ནང་ནས་གཟེ་རྩྭ་རྐང་གཅིག་ཡར་བཏུས། དེ་ནི་ནེམ་ཞིང་ཆུང་ལ། ཁ་དོག་དཀར་པོར་སྣང་། དེ་ནས་སླར་ཡང་གཟེ་རྩྭ་ཆུ་ནང་དུ་འཕངས་པ་ན། ཡང་བསྐྱར་གཏན་འཇགས་བདེ་འཚམ་གྱི་ངང་ནས་ཆུ་ངོས་སུ་སྐྱེས་པར་ཕྱིན།
       “ད་ལྟ་ཁོ་ཚོ་གང་ཞིག་ཏུ་ཐོན་ཡོད་པ་ཁྱོད་ཀྱིས་ཤེས་སམ།”
       “དེར་འདང་རྒྱབ་ནས་ཅི་བྱེད། ཡང་གཅིག་བཤད་ན་ཐག་རིང་ས་མཐའ་ཞིག་ཏུ་བུད་སོང་ཡོད་སྲིད།”
       སྐབས་དེར་ཚང་མས་མགོ་བོ་ཡར་བཏེགས་ཏེ་རྒྱང་རིང་གི་ཕྱོགས་སུ་ཡང་ཡང་བལྟས།
       “ཝེ། གན་ནས་མཚོ་གྲུ་ཞིག་ཚུར་བསྐྱོད་ཀྱིན་ཡོད།”
       “ཨ་་་་་་འཇར་པན་འདྲེ་དམག་རེད། ཁྱོད་ཀྱིས་ཁོ་ཚོའི་ལྭ་བར་ལྟོས་དང་།”
       “མགྱོགས་པོར་སྐྱོད།”
       གྲུ་ཆུང་ཅི་མགྱོགས་གང་མགྱོགས་ཀྱིས་མདུན་དུ་བསྐྱོད། སྐབས་དེར་ཁོ་མོ་ཚོའི་སེམས་སུ་འདི་ལྟར་གཞུག་འདང་མི་རྒྱག་པར་ཧོལ་རྒྱུག་བྱས་པ་འགྱོད་པ་སྐྱེས་ཀྱིན་ཡོད་སྲིད་ལ། ཡང་ན་ཁྱོ་བོ་ཚོ་འདི་ལྟར་ཐག་རིང་ཞིག་ཏུ་བུད་སོང་བར་ལེ་བདའ་ཡང་བྱེད་ཀྱིན་ཡོད་སྲིད། ཡིན་ནའང་ད་ནི་ཁོ་མོ་ཚོས་དེ་དག་ཡོད་ཚད་ལ་འདང་མི་རྒྱབ་པར་གྲུ་ཆུང་མདུན་དུ་བསྐྱོད་ཅི་ཐུབ་མ་བྱས་ཚེ་རྒྱབ་ཕྱོགས་སུ་དགྲ་བོའི་གྲུ་གཟིངས་ཀྱིས་རྗེས་བསྙེག་ནས་ཟིན་ལ་ཉེ།
       སྟབས་ལེགས་པ་ཞིག་ལ་གཞོན་སྐྱེས་བུད་མེད་འདི་དག་ཆུང་དུས་ནས་པའེ་དབྱང་ཏེན་ནས་འཚར་ལོངས་བྱུང་བས་གྲུ་གཏོང་བར་ཧ་ཅང་མགྱོགས། གྲུ་ཆུང་ནི་ཆུ་ངོས་སུ་འཁྱུག་རྩལ་ངོམ་པའི་ཉ་མདུང་དབྱིབས་མ་ཞིག་དང་འདྲ་བར་མདུན་དུ་བསྐྱོད། ཁོ་མོ་ཚོས་ཆུང་དུས་ནས་མཚོ་གྲུ་དང་ལག་འབྲེལ་ཏེ་ནར་སོན་པས། གྲུ་མདུན་དུ་གཏོང་བ་ནི་རས་ཐགས་འཐག་པ་དང་། ཁབ་སྐུད་ཀྱིས་གོས་ལྭ་ཚེམ་པ་བཞིན་ཧ་ཅང་མགྱོགས། གལ་ཏེ་དགྲ་བོས་རྗེས་ཟིན་ན། ཁོ་མོ་ཚོ་ཆུར་མཆོང་ནས་རང་སྲོག་བློས་གཏོང་གི་ཆོད་སེམས་ལྡན་ནོ།།
       རྒྱབ་ཕྱོགས་ཀྱི་གྲུ་གཟིངས་ཀྱང་ཧ་ཅང་མགྱོགས་ཏེ། ཁོ་མོ་ཚོས་དེ་ནི་འདྲེ་དམག་ཡིན་པར་ཐག་གིས་ཆོད་ཀྱང་། ད་དུང་ཨམ་གཙིགས་བསྡམས་ཤིང་དཔའ་མ་ཞུམ་པར་གྲུ་ཤིང་སྒུལ་བཞིན་མདུན་དུ་བསྐྱོད། གཡས་གཡོན་གཉིས་ནས་ཆུ་ཡི་རླབས་སྒྲ་ཤག་ཤག་ཏུ་གྲག
       “པད་མའི་མཚེའུ་ཕྱོགས་སུ་སྐྱོད། དེ་གར་ཆུ་སྲབ་པས། གྲུ་གཟིངས་བསྐྱོད་མི་ནུས།”
       ཁོ་མོ་ཚོ་མུའུ་ཅི་ཙམ་ཡོད་པ་མི་ཤེས་པའི་པད་མའི་མཚེའུ་ཡི་ཕྱོགས་སུ་བསྐྱོད། མུ་མཐའ་བྲལ་ཞིང་འཚང་ཁ་ཤིག་ཤིག་གི་པད་མའི་ལོ་འདབ་ཆེན་པོ་དག་ཉི་འོད་ལ་ཕྱོགས་ནས་རྣམ་པར་གྲོལ་བ་ནི་ལྕགས་ཀྱི་ར་བ་ཞིག་དང་མཚུངས། སྨུག་མདོག་གི་པད་མའི་མེ་ཏོག་རེ་རེ་མགོ་ལྕོག་མཐོན་པོའི་ངང་ནས་གྱེན་དུ་འགྲེང་བ་ནི་པའེ་དབྱང་ཏེན་ལ་ལྟ་སྲུང་བྱེད་མཁན་གྱི་སོ་དམག་དག་དང་དབྱེར་མ་མཆིས། 
       ཁོ་མོ་ཚོ་པད་མའི་མཚེའུ་ཕྱོགས་སུ་ཅི་ནུས་ཀྱིས་བསྐྱོད་པས། མཇུག་མཐར་གྲུ་ཆུང་པད་མའི་གསེབ་དུ་འཛུལ་ཐུབ་པ་བྱུང་། ངང་བའི་ཁྱུ་ཚོགས་དཀྲོག་པས་བྱ་སྐད་ཀྱུར་ཀྱུར་སྒྲོག་གིན་ཆུ་ངོས་བརྒྱུད་ནས་འཕུར། སྐབས་དེར་ཁོ་མོ་ཚོའི་རྣ་ལམ་དུ་བོའུ་སྐད་ཕྲེང་ཞིག་གྲག་སོང་།
       པད་མའི་མཚེའུ་ཡི་ལྷིང་འཇགས་ཡོངས་སུ་དཀྲོགས། ཁོ་མོ་ཚོའི་སེམས་སུ་རང་ཅག་དགྲ་བོའི་འཇབ་རྒོལ་འོག་ཏུ་ཚུད་སོང་བས་འཆི་རྒྱུ་ལས་ཐབས་མེད་སྙམ་སྟེ་ཚང་མ་མཉམ་དུ་ཆུར་མཆོངས། ཅུང་ཙམ་འགོར་རྗེས་བོའུ་སྐད་པད་མའི་མཚེའུ་ནས་ཕར་ལ་ཕྱོགས་ཡོད་པ་ཤེས་ནས། ད་གཟོད་ལག་པས་གྲུ་གཞོགས་ལ་འཛིན་གྱིན་མགོ་བོ་ཆུ་ཁར་བུད། ཁོ་མོ་ཚོས་ཐག་མི་རིང་བའི་མཚམས་ཀྱི་པད་མའི་ལོ་འདབ་ལྷུག་པོར་གྲོལ་བ་དེའི་འོག་ཏུ་མི་ཞིག་གི་ལུས་པོ་ཆུ་ནང་དུ་འབྱིང་ཞིང་མགོ་བོ་ཆུ་ཁར་བུད་འདུག་པ་མཐོང་། མེ་ཏོག་པད་མ་མི་རུ་གྱུར་སོང་བ་ཡིན་ནམ། མི་དེ་ནི་རང་གྲོང་ཚོའི་ཧྲུའེ་ཧྲིང་མ་རེད་དམ། ཡང་གཡས་གཡོན་དུ་བལྟས་པས་ཁོ་མོ་ཚོས་རང་རང་གི་ཁྱོ་ག་རྙེད། ཨ་ལ། མ་གཞི་ཁོང་ཚོ་ཡིན་འདུག།
       འོན་ཀྱང་པད་མའི་ལོ་འདབ་ཆེན་མོའི་ཕག་ཏུ་སྦས་པའི་འཐབ་འཛིང་བ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དགྲ་བོའི་ཕྱོགས་སུ་བོའུ་འཕེན་གྱིན་པས་ཁོ་མོ་ཚོའི་ཕྱོགས་སུ་མིག་ཟུར་ཙམ་གྱིས་ཀྱང་མ་བལྟས། བོའུ་སྐད་གསལ་ལྷང་ངེར་རིམ་པ་བཞིན་ཐེངས་གསུམ་བཞི་ཞིག་ལ་གྲག་རྗེས། ཁོ་ཚོས་ལག་འབོམ་འཕེན་ཏེ་པད་མའི་མཚེའུ་ནས་ཕར་དགྲ་བའི་གདོང་དུ་མཆོངས།
       ཁོ་ཚོས་འཕངས་བའི་ལག་འབོམ་གྱིས་དགྲ་བའི་མཚོ་གྲུ་འགས་གཏོར་བྱས་ཏེ་མཚོར་ནུབ་པར་བྱས། ཡོད་ཚད་མཚོ་གཏིང་དུ་འབྱིང་བས་ཆུ་ངོས་སུ་དུ་བ་དང་མེ་རྫས་ཀྱི་དྲི་མ་ཞིག་ལས་ཅི་ཡང་ལྷག་མེད། འཐབ་འཛིང་བ་ཚོས་དེ་རུ་སྐད་མཐོན་པོའི་དགའ་འབོད་བྱེད་ཀྱིན་གཡུལ་ཐོབ་རྫས་དག་ཡར་ལེན་གྱིན་ཡོད། དེ་ནས་ཁོ་ཚོ་ཡང་ཆུ་གཏིང་དུ་འཛུལ་ནས་ཉ་ཆེན་པོ་འཛིན་པའི་རྩལ་སྟོན་རེས་བྱས། ཁོ་ཚོས་སྔོན་ལ་ཅི་མགྱོགས་ཀྱིས་དགྲ་བོའི་མེ་མདའ་དང་མདེའུ་ཁུག་དག་ཡར་ལེན་ཞིང་། དེ་ནས་ཆུས་སྦངས་པའི་ཕྱེ་འབྲས་སྒྱེ་རེ་རེ་ཡར་བླངས། 
       ཧྲུའེ་ཧྲིང་གིས་ཆུར་རྐྱལ་གྱིན་ཆུ་རླབས་ཀྱིས་ཡར་མར་འདེད་ཀྱིན་པའི་དངོས་པོ་ཞིག་བདས། དངོས་པོ་དེ་ནི་ཕྱི་ཐུམ་སྤུས་ལེགས་པའི་སྦྲང་གོར་ཤོག་སྒམ་ཞིག་རེད། 
       བུད་མེད་ཚོའི་ལུས་ཡོངས་རྫོགས་ཆུས་ཤན་ཏེ་གྲུ་ཆུང་སྟེང་དུ་འགོས།
       ཧྲུའེ་ཧྲིང་གིས་ཤོག་སྒམ་དེ་ཚུར་བླངས་རྗེས། ལག་པ་གཅིག་གིས་དེ་མཐོན་པོར་བཀྱགས་ཤིང་། ཡང་རང་ཉིད་ཀྱི་ལུས་ཆུར་མི་འབྱིང་ཆེད་ལག་པ་ཡ་གཅིག་གིས་ཆུ་ལ་རྡེབ་བཞིན་ཚུར་ཡོང་། དེ་ནས་པད་མའི་མཚེའུ་ལ་ཕྱོགས་ཏེ་སྐད་མཐོན་པོའི“ཁྱོད་ཚོ་ཚུར་བུད།”ཅེས་བོས།
       སྐད་གདངས་ལ་ཉན་ན་ཕལ་ཆེར་ཁོང་ཁྲོ་ལངས་ཡོད་པ་འདྲ།
       ཁོ་མོ་ཚོས་མྱུར་དུ་གྲུ་གཏོང་གིན་ཚུར་ཐོན། གློ་བུར་དུ་ཁོ་མོ་ཚོའི་གྲུ་གཞོགས་ཀྱི་ཆུ་ནང་ནས་མི་ཞིག་ཡར་བུད། ཧྲུའེ་ཧྲིང་གི་ཆུང་མ་གཅིག་པོས་དེ་ནི་ས་ཁུལ་རུ་ཁག་ཆུང་བའི་རུ་དཔོན་ཡིན་པ་ཤེས། མི་དེས་གདོང་གི་ཆུ་འབྱིད་ཙམ་བྱས་རྗེས། “ཁྱོད་ཚོ་ཅི་བྱེད་དུ་སོང་ནི་ཡིན།”ཞེས་དྲིས།
       ཧྲུའེ་ཧྲིང་གི་ཆུང་མས“ཁོ་ཚོ་ལ་གྱོན་གོས་ཅུང་ཙམ་རེ་བསྐྱལ་དུ་ཡོང་བ་ཡིན།”
       རུ་དཔོན་ཆུང་བས་ཧྲུའེ་ཧྲིང་ལ“འདི་ཚང་མ་ཁྱེད་ཀྱི་གྲོང་ཚོའི་མི་རེད་དམ།”
       “ཁོ་མོ་ཚོ་མིན་སུ་ཞིག་ཡིན། བསམ་བློ་རྗེས་ལུས་མཁན་སྐོར་ཞིག་རེད།”ཅེས་བཤད་རྗེས་ལག་གི་ཤོག་སྒམ་དེ་བུད་མེད་ཚོའི་གྲུ་སྟེང་དུ་གཡུགས་རྗེས་སླར་ཡང་ཆུ་གཏིང་དུ་འཛུལ་ཏེ་ཐག་ཧ་ཅང་རིང་བའི་མཚམས་ཤིག་ནས་སླར་ཡང་ཆུ་ཁར་བུད།
       “ཁྱོད་ཚོ་ཡོང་བ་དོན་མེད་མ་རེད། ཁྱོད་ཚོ་མིན་ན་ང་ཚོས་དེ་འདྲའི་ལས་སླ་བའི་ངང་ནས་འཇབ་རྒོལ་བྱེད་ག་ལ་ཐུབ། རེད་དེ། ད་ནི་ལས་འགན་འགྲུབ་སོང་བས། ཚང་མ་ཕྱིར་སོང་ནས་གྱོན་པ་ཉི་མར་ལྡེ་ན་འགྲིག། གནས་ཚུལ་ད་རུང་ཛ་དྲག་ཡིན་ནི་རེད།”ཅེས་རུ་དཔོན་ཆུང་བས་ཁོ་མོ་ཚོར་ཁ་མཚར་རྩེ་བཞིན་དེ་ལྟར་བཤད། འཐབ་འཛིང་བ་ཚོས་གཡུལ་ཐོབ་རྫས་དག་གྲུ་ཆུང་དུ་བཞག་ནས་གནས་གཞན་དུ་སྤོར་བར་གྲ་སྒྲིག་བྱེད་ཀྱིན་ཡོད། མི་རེ་རེས་པད་མའི་ལོ་མ་ཆེན་པོ་རེ་བཏོགས་ནས་རང་གི་མགོ་ཐོག་ཏུ་བཀབ་སྟེ་ཉིན་གུང་གི་ཉི་མའི་ཚ་གདུག་སྒྲིབ། གཞོན་སྐྱེས་བུད་མེད་འདི་ཚོས་ཆུར་ལྷུང་བའི་ཐུམ་སྒྲིལ་ཡར་བླངས་ཏེ་ཁོ་ཚོའི་ཕྱོགས་སུ་གཡུགས། འཐབ་འཛིང་བ་ཚོའི་གྲུ་ཆུང་གསུམ་མདའ་འཕངས་པ་ལྟར་ཤར་ལྷོའི་ཕྱོགས་སུ་བསྐྱོད། ཅང་མ་འགོར་བར་ཉིན་གུང་ཆུ་ངོས་སུ་འཐིབས་པའི་ཚ་སྨུག་ཁྲོད་དུ་ཡལ། 
       གཞོན་སྐྱེས་བུད་མེད་དེ་ཚོ་གྲུ་ཆུང་དུ་བསྡད་ནས་ཕྱིར་རང་ཁྱིམ་དུ་ལོག་པར་བརྩམས། ཁོ་མོ་ཚོ་རེ་རེ་ནི་ཆུ་ནང་དུ་ལྷུང་བའི་བྱ་ཕོ་བཞིན་ལུས་ཡོངས་བརླན་འདུག། ལམ་བར་དུ་འུར་ལངས་དྲག་པས་ཁོ་མོ་ཚོས་ཡང་དགོད་གཏམ་བཤད་མགོ་བརྩམས། གྲུ་མགོ་རུ་བསྡད་ཅིང་གདོང་རང་གི་གྲོགས་མོ་ཚོར་ཕྱོགས་པའི་བུད་མེད་ཅིག་གིས་མཆུ་ཏོ་རྡོག་ཙམ་བྱས་རྗེས“ཁོ་ཚོའི་སྒྲོབ་ཉམས་ལ་ལྟོས་དང་། ང་ཚོར་ཐུག་ནའང་ཁ་ཡ་བྱེད་འདོད་ཡོད་མེད་ཀྱི་རྣམ་འགྱུར་ཡང་བསྟན་ཡོང་།”
       “ཨ་ཙི། ང་ཚོས་ཁོ་ཚོ་ངོ་ཚར་གཏད་སོང་བ་དང་མཚུངས།”
       དེ་ནས་ཁོ་མོ་ཚོ་རང་ཉིད་ཀྱང་དགོད་ཁ་ཤོར། དེ་རིང་གི་དོན་དེ་དེ་འདྲའི་ཡག་པོ་ཞིག་མ་ཡོང་། ཡིན་ནའང་། “ང་ཚོ་ལ་བོའུ་མེད་པ་མ་གཏོགས། བོའུ་ཡོད་ན་པདྨའི་མཚེའུ་ཕྱོགས་སུ་མི་འབྲོས་བར་ཏཱ་ཏེན་ནས་འདྲེ་དམག་དང་འཐབ་སྲིད།”
       “དེ་རིང་ངས་ཀྱང་གཡུལ་འཐབ་ཟེར་བ་ཅི་འདྲ་ཞིག་ཡིན་པ་མཐོང་སོང་། གཡུལ་འཐབ་ལ་ཡ་མཚན་རྒྱུ་ཅི་ཞིག་ཡོད། ཁྱོད་རང་ཉིད་འཚབ་མ་ལངས་ན་ཐང་དུ་གོག་ནས་བོའུ་འཕེན་རྒྱུ་སུས་མི་ཤེས།”
       “དགྲ་བོའི་མཚོ་གྲུ་མཚོ་གཏིང་དུ་འབྱིང་བར་བྱས་དུས། ངས་ཀྱང་ཆུར་བརྐྱལ་ནས་གཡུལ་ཐོབ་རྫས་ལེན་ཐུབ། ངའི་རྐྱལ་རྩལ་ཁོ་ཚོ་ལས་ཀྱང་བཟང་བར་གདེང་ཚོད་ཡོད། ཆུ་ཅི་འདྲའི་ཟབ་ཀྱང་ང་མི་སྐྲག”
       “སྲུ་མོ། ཕྱིར་སོང་རྗེས་འུ་ཚོས་ཀྱང་རུ་ཁག་ཅིག་བསྒྲིག་ན་རེད། དེ་མ་གཏོགས་རྗེས་ཕྱོགས་ཕྱི་རུའང་འགྲོ་ཐུབ་རྒྱུ་མ་རེད།
       “དམག་ལ་སོང་ནས་ཅང་མ་འགོར་ཡང་འུ་ཚོ་ལ་མཐོང་ཆུང་བྱེད་པས། ད་ལོ་གཉིས་ལྷག་རེ་འགོར་རྗེས། ལྷག་ཏུ་ཁོ་ཚོའི་མིག་ལམ་ནས་འུ་ཅག་ཅང་ལའང་བརྩི་་རྒྱུ་མ་རེད། འུ་ཅག་ཁོ་ཚོ་ལས་ལྷག་པའི་རྗེས་ལུས་ཤིག་གང་དུ་ཡིན།”
       ལོ་དེའི་སྟོན་ཁར། ཁོ་མོ་ཚོས་མེ་མདའ་འཕེན་ཤེས་སོང་། དགུན་ཁ་སླེབ་སྟེ་དར་ཁུང་བརྐོས་ནས་ཉ་བདའ་བའི་དུས་སུ་ཐོན་དུས། ཁོ་མོ་ཚོ་སྐར་མདའ་བཞིན་ཡར་མར་རྒྱུ་བའི་འཁྱགས་གྲུ་རུ་བསྡད་ནས། འཁྱགས་རོམ་གྱི་ངོས་སུ་སྐོར་གཡེང་དང་ཉེན་ཟོན་གྱི་ལས་འགན་སྒྲུབ་ཀྱིན་ཡོད། དགྲ་བོས་མུ་མཐའ་བྲལ་བའི་འདམ་རྩྭའི་རྗིང་བུར་སྐོར་བཅོམ་བྱེད་དུས། ཁོ་མོ་ཚོས་མི་དམངས་ལ་དཔུང་རོགས་ཀྱིས་དམག་འཁྲུག་ལ་ཞུགས་ཤིང་། མཐའ་མེད་པའི་འདམ་རྩྭའི་རྒྱ་མཚོ་རུ་ཡར་མར་རྒྱུག་གིན་ཡོད།

ཟུར་བཀོད།
       སྒྱུར་མཁན་ངོ་སྤྲོད།
       ལུང་རྟོགས། མཚོ་སྔོན་མགོ་ལོག་གི་མི། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༢༠༢༤ལོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་ཞིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཡིན།

       ལོ་ཙཱ་བྱེད་སྟངས།
       རྩོམ་རིག་ལོ་ཙཱ་བྱེད་པར་འགྱུར་ཡིག་ཏུ་མ་ཡིག་གི་ནང་དོན་ཙམ་མཚོན་པར་བྱས་པས་མི་ཆོག་པར། རྩོམ་ཉམས་ཀྱང་གསལ་བོར་ཐོན་དགོས་སྟབས། སྒྲུང་གཏམ་འདི་བོད་ཡིག་ཏུ་བསྒྱུར་དུས་ཐོག་མར་མ་ཡིག་ཡང་དང་བསྐྱར་དུ་བཀླགས་ནས་སྒྲུང་གཏམ་ནང་གི་མི་སྣའི་སྐད་ཆ་དང་གཟུགས་རིས། མི་སྣའི་སེམས་ཁམས་དང་བྱ་བྱེད། དེ་མིན་ཁོར་ཡུག་སོགས་ཞིབ་འབྲི་བྱེད་སྟངས་དང་། སྒྲུང་གཏམ་སྤྱིའི་ཚིག་སྦྱོར་སྤེལ་སྟངས་ལ་གོ་བ་དང་ངེས་ཤེས་ཡག་པོ་ཞིག་འདྲོངས་པར་བྱས་རྗེས། དེ་ནས་སྒྲུང་གཏམ་ནང་གི་མི་མིང་དང་ས་མིང་སོགས་གཅིག་གྱུར་གྱིས་བསྒྱུར་ཅིང་། ད་གཟོད་སྒྲུང་གཏམ་གྱི་བརྗོད་བྱ་དངོས་བསྒྱུར་བའི་མགོ་བརྩམས་པ་ཡིན། ལོ་ཙཱ་བྱེད་སྟངས་ཀྱི་ཐད་ནས་གཙོ་བོ་མ་རྩོམ་གྱི་དགོངས་དོན་གསལ་བོར་མཚོན་ཆེད་ཐད་སྒྱུར་གྱི་ཐབས་ལམ་སྤྱད་ཡོད་མོད། རྩོམ་ཉམས་གསལ་བོ་ཞིག་ཡོང་ཆེད་དུ་ཚིག་ལ་སྣོན་འཕྲི་ཅུང་ཙམ་རེ་བྱས་ནས་ཅུང་རང་དབང་ལྡན་པའི་ངང་ནས་བསྒྱུར་ཡོད་སའང་ཡོད། དཔེར་ན། མ་ཡིག་ཁྲོད་ཀྱི“苇眉子”“菱角”“战利品”སོགས་མིང་བརྡ་སྐོར་ཞིག་ཐོག་མར་བསྒྱུར་སྐབས“འདམ་རྩྭའི་སྨྱུག་མ” “མེ་ཏོག་རྭ་མགོ” “དམག་ཐོབ་དངོས་རྫས”ཞེས་ཚེག་བར་བཞི་ཡོད་པའི་མིང་བརྡ་ལ་བསྒྱུར་མོད། དེ་ལྟར་བསྒྱུར་ན་མ་ཡིག་གི་ཡིག་གྲངས་ལས་མང་ཉེན་ཆེ་བར་བསམས་ཏེ“འདམ་སྨྱུག” “གཟེ་རྩྭ” “གཡུལ་ཐོབ་རྫས”སོགས་མ་ཡིག་གི་ཡིག་གྲངས་དང་མཐུན་པར་བསྒྱུར་བ་ཡིན། ཡང་མ་ཡིག་ཏུ“几个女人羞红着脸告辞出来,摇开靠在岸边的小船”ཞེས་པ་ནི་བུད་མེད་དེ་ཚོ་མཱ་གྲོང་ཚོར་འབྱོར་རྗེས་གཉེན་ཉེ་དེས་མ་དྲིས་རང་གསལ་གྱིས་ཁོ་མོ་ཚོ་རང་གི་ཁྱོ་བོ་བཙལ་དུ་འོང་བ་ཤེས་ནས་གནས་ཚུལ་བཤད་སྟབས། ཁོ་མོ་ཚོ་ཅུང་ངོ་གནོང་ནས་གདོང་མདོག་དམར་པོར་གྱུར་སོང་བའི་དོན་ཡིན། ཡིན་ནའང་མ་ཡིག་ཏུ་ཁོ་མོ་ཚོའི་གདོང་མདོག་དམར་པོར་གྱུར་ནས་ཕྱིར་ཐོན་ཞེས་པ་ལས་རྒྱུ་མཚན་གསལ་བཤད་བྱས་མེད། མ་ཡིག་ལྟར་བསྒྱུར་ཚེ་ཀློག་པ་པོས་གོ་བ་ཡང་དག་ལོན་ཐུབ་མིན་བསམས་ཏེ་འགྱུར་ཡིག་ཏུ“ཁོ་མོ་ཚོ་འདིར་ཡོང་དོན་གྱི་དམིགས་ཡུལ་གཉེན་ཉེ་དེས་མ་དྲིས་རང་གསལ་གྱིས་ཤེས་སོང་སྟབས། བུད་མེད་དེ་ཚོས་ངོ་གནོང་ནས་གདོང་མདོག་ཀྱང་དམར་པོར་གྱུར་བཞིན་གཉེན་ཉེ་ཚང་ནས་ཕྱིར་ཐོན་ཞིང་། ཆུ་འགྲམ་གྱི་གྲུ་ཆུང་དུ་བསྡད་དེ་ཕྱིར་འཁོར།”ཞེས་གོ་བདེ་བའི་ཆེད་དུ་སྣོན་སྒྱུར་གྱི་ཐབས་སྤྱད་ནས་བསྒྱུར་ཡོད།
       མདོར་ན་མ་ཡིག་གི་ནང་དོན་རྐྱང་རྐྱང་ལ་གཙིགས་ཆེན་བྱེད་ལ་ལས་བརྒལ་ཏེ། སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣའི་སྐད་ཆ། ཁོར་ཡུག་ཞིབ་འབྲི་སོགས་ཀྱི་ཁྱད་ཆོས་དང་རྩོམ་ཉམས་དེ་འགྱུར་ཡིག་ཁྲོད་དུ་ཇི་ལྟར་སོར་འཇོག་བྱེད་པའི་ཐད་ལ་བསམ་བློ་ཡང་ཡང་བཏང་ནས་བསྒྱུར་ཁུལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།