logo

“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས། ༢

རྩོམ་པ་པོ།:འཇིགས་ཡག་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-01-20 ཀློག་གྲངས།:
མེ་ཏོག་པདྨའི་མཚེའུ།[1]
རྩོམ་མཁན། སུན་ལི།
སྒྱུར་མཁན། འཇིགས་ཡག་སྐྱབས།

       ཟླ་བ་ཡར་འཕགས་པ་དང་བསྟུན། ལྷས་རའི་ནང་བསིལ་ཞིང་འཇམ་པ་དང་གཙང་ལ་ཤིན་ཏུ་མཛེས། ཉིན་མོར་གཏོར་བའི་འདམ་རྩྭའི་གཞུང་སྨྱུག[2]དག་རློན་ཐོལ་ཐོལ་དུ་ཡོད་པས་འདམ་བུའི་སྨྱུག་གདན་སོགས་བསླེས་ན་ཧ་ཅང་བཟང་། ལྷས་རར་ཡོད་པའི་ཆུང་མས་ལག་ཏུ་འཇམ་མཉེན་ལྡན་པའི་འདམ་རྩྭའི་གཞུང་སྨྱུག་དག་དཀྲིས་སྡེབ་ཀྱི་ལས་ལ་བྲེལ། སྲབ་ལ་ཉག་ཕྲ་བའི་གཞུང་སྨྱུག་དག་ནི་ཁོ་མོའི་པང་དུ་རྩེད་འཇོ་ཡི་གར་ལ་རོལ་འདུག
       པའེ་དབྱང་མཚེའུར[3]འདམ་ས་ག་ཚོད་ཡོད་པར་དྲིས་པ་ཡིན་ན། དེར་ཁ་གྲངས་མི་ལོན་ལ་ལོ་རེར་འདམ་རྩྭ་ག་ཚོད་ཐོན་གྱིན་ཡོད་པ་དྲིས་ནའང་གསལ་བོར་ཤེས་མི་སྲིད། ཡིན་ཡང་ལོ་རེའི་འདམ་བུའི་མེ་ཏོག་སེར་བོར་གྱུར་ཏེ་གང་སར་འཐོར་སྐབས། མཚེའུ་ཧྲིལ་བོའི་འདམ་རྩྭ་འབྲེག་ལ་རན་པས་སྤུང་ཐོ་དང་སྤུངས་ཐོ་བྱས་ནས་ཡོད། པའེ་དབྱང་མཚེའུའི་ཐང་ཆེན་གྱི་མཐའ་རུ་འདམ་བུའི་སྨྱུག་མ་ཡིས་ལྕགས་རི་རིང་བོ་ལྟ་བུ་ཞིག་བརྩིགས་ནས་འདུག བུད་མེད་རྣམས་ཀྱིས་ཐང་ལྷས་གཉིས་སུ་འདམ་རྩའི་སྨྱུག་གདན་བསླེས་བཞིན་པ་དང་། སྨྱུག་གདན་ག་ཚོད་བསླེས་ཚར་བ་མི་ཤེས་ཀྱང་ཟླ་བ་དྲུག་པར་མཚེའུ་རྒྱས་ཡོད་པས། བགྲང་གིས་མི་ལོངས་པའི་གྲུ་ཆེ་མ་ཆུང་གསུམ་གྱིས་དངུལ་མདོག་གི་སྨྱུག་གདན་གང་མང་སྐྱེལ་འདྲེན་བྱས་ཏེ་ཕྱིར་འཚོང་གི་འཚོ་གནས་ལ་བྲེལ་གྱིན་འདུག ཡུན་རིང་མ་འགོར་བར་གྲོང་སྡེ་གང་མང་དུ་བྲིས་རིས་ཞིབ་ཅིང་ཚགས་དམ་པའི་སྨྱུག་གདན་བཀོལ་ཐུབ་པ་བྱུང་། “སྨྱུག་གདན་བཟང་གི་ཡ། པའེ་དབྱང་མཚེའུའི་སྨྱུག་གདན་རེད”ཅེས་ཚང་མས་འཕྲོག་རྩོད་རྒྱབ་ནས་ཉོ་བཞིན་འདུག
       ཆུང་མས་སྨྱུག་གདན་བསླེས་བཞིན་འདུག ཅུང་མ་འགོར་བར་སྨྱུག་གདན་ལེབ་མོ་ཆེན་པོ་ཞིག་བསླེས་ནས་ཚར། ཁོ་མོ་ནི་སྐབས་འགར་དཀར་གཙང་གི་སྤྲིན་གསེབ་དང་ཁ་བའི་འདབ་མའི་ཁྲོད་བསྡད་ཡོད་པ་དང་འདྲ་ལ། ཡང་སྐབས་འགར་མོས་དངུལ་མདོག་གི་འཇིག་རྟེན་ལྟ་བུའི་མཚེའུར་ཅེར་ནས་ཡོད། མཚེའུའི་ངོས་སུ་དྭངས་ཤིང་སྲབ་པའི་སྨུག་པ་ལ་ངེ་ལོང་ངེ་ཞིག་འཐིབ་འདུག བསིལ་རླུང་ལྡིང་བ་དང་མཉམ་དུ་ཐག་མི་རིང་བའི་མཚམས་ཀྱི་འཇམ་ཞིང་བསིལ་བའི་པད་མའི་ལོ་མ་དང་མེ་ཏོག་གི་དྲི་ཞིམ་སྣ་བར་འཐུལ་ཡོང་།
       ཡིན་ཡང་། ཁྱོ་བོ་ཕྱིར་ལོག་མེད་པས་ཕྱི་སྒོ་ད་རུང་གཏན་མེད།
       ཁྱོ་བོ་ཕྱིར་ཐོན་དུས་ཧ་ཅང་འཕྱི། ན་གཞོན་འདི་ལོ་ཉེར་ལྔ་ཉེར་དྲུག་ལ་མ་གཏོགས་སོན་མེད་ཀྱང་མགོ་ལ་རྩྭ་ཞྭ་གྱོན། ལུས་ལ་དཀར་ཞིང་འཇམ་པའི་པང་ཁེབ་བཅིངས། རྐང་སྣམ་ཐ་རྐྱང་ཅིག་གྱོན་པའི་སུག་ག་ཡར་བརྫེས་ནས་བརླ་བར་ཐོན། ད་རུང་རྐང་རྗེན་དུ་ལོག་ཡོང་། ཁོའི་མིང་ལ་ཧྲུའེ་ཧྲེང[4]ཟེར། ཞའོ་ཝེ་གྲོང་ཚོ་ཡི་ངེས་མེད་རྒོལ་རྡུང་གི་ཚན་གཙོ་དང་ཏང་གི་འགན་ཁུར་བ་ཡིན། དེ་རིང་ཁོས་ངེས་མེད་རྒོལ་རྡུང་ཚན་ཚུང་གི་སྣེ་ཁྲིད་དེ་ཁུལ་ཐོག་ཏུ་ཚོགས་འདུར་སོང་།
       ཆུང་མའི་མགོ་བོ་ཡར་ལ་དགྱེ་སྟེ་གདོང་ལ་འཛུམ་དང་བཅས“དེ་རིང་ཕྱིར་ལོག་པ་འདི་འདྲ་འཕྱི་དོན་ཅི་ཡིན”ཞེས་འདྲི་ཞོར་དུ་ཡར་ལངས་ནས་ཟ་མ་ལེན་གྲབས་བྱས།
       ཧྲུའེ་ཧྲེང་ཐེམ་སྐས་སུ་ཙོག་པུར་བསྡད་དེ“ཟ་མ་ཟོས་ཚར། ཁྱོད་ལེན་དུ་འགྲོ་མི་དགོས”ཞེས་བཤད།
       ཆུང་མ[5]སླར་ཡང་སྨྱུག་གདན་དུ་ཙོག་ཏེ་ཁྱོ་བོའི་གདོང་ལ་ཅེར་བཞིན་ཁོའི་ངོ་གདོང་ཡོངས་དམར་མདངས་རྒྱས་ཏེ་སྐད་ཆ་བཤད་སྐབས་སུ་དབུགས་ཧལ་ཧལ་དུ་ཡོད་པ་ཚོར་བས། ཁོ་མོས་མུ་མཐུད་དུ“ཁོ་ཚོ་གང་དུ་བུད་སོང་ངམ”ཞེས་དྲིས།
       དེ་རྗེས་ཧྲུའེ་ཧྲེང་གིས“ད་རུང་ཁུལ་ཐོག་ཏུ་ཡོད། ཨ་ཕ་ག་རེ”[6]ཞེས་བཤད།
       ཆུང་མས“གཉིད་འདུག”ཟེར།
       “འོ་ན་ཞའོ་ཧྭ་ག་རེ”
       “ཁོས་སྤོ་བོ་དང་མཉམ་དུ་ཉིན་ཕྱེད་ཞིག་ལ་གློན་གཟེབ་འཐུས་པ་རེད། ད་སྔ་མོ་ནས་གཉིད་ཟིན། ཁོ་ཚོ་ད་རུང་ཕྱིར་མི་ཡོང་དོན་ཅི་རེད།”
       ཧྲུའེ་ཧྲེང་ཁོང་དགོད་ཅིག་ཤོར་བས་མོས་ཁྱོ་བོ་དགོད་དོན་ཅི་ཡིན་མ་ཤེས་པར“ཅི་རེད། ཁྱོད།”
       ཧྲུའེ་ཧྲེང་གིས་སྐད་དམའ་མོའི་ངང“ང་སང་ཉིན་རུ་དཔུང་ཆེན་པོ་ཡོད་སར་འགྲོ་དགོས”ཞེས་བཤད།
       ཆུང་མའི་མཛུབ་མོ་གློ་བུར་དུ་ཐག་སེ་འགུལ་མཚམས་བཞག ཕལ་ཆེར་འདམ་རྩྭའི་གཞུང་སྨྱུག་གིས་ལག་པར་སྐྱི་ཕྱིས་ཤིག་བཏོད་པ་འདྲ། མོས་མཛུབ་མོ་ཁ་ནང་དུ་བཟུང་སྟེ་ཐེངས་གཅིག་འཇིབ། ཧྲུའེ་ཧྲེང་གིས“དེ་རིང་རྫོང་ཨུ་ཡིས་ང་ཚོ་ཚོགས་འདུར་བོས་ཏེ་གལ་སྲིད་དགྲ་བོ་ད་རུང་ཐོང་ཁའོ་ཨཱན་སྒར་གཞི་རུ་ཡོད་ན་ཏོན་སྡེ་བ་དང་ཐིག་གཅིག་ཏུ་འཁེལ་བས། མཚེའུའི་སྟེང་གི་འཐབ་རྩོད་གནས་བབ་ལ་འགྱུར་ལྡོག་བྱུང་འདུག དེ་མིན་ཚོགས་ཐོག་ཏུ་ས་གནས་རང་བཞིན་གྱི་རུ་ཁག་ཅིག་འཛུགས་རྒྱུ་ཐག་བཅད་དེ། ངས་ཐོག་དང་པོར་ལག་པ་བཀྱགས་ནས་མིང་ཐོ་བཀོད་པ་ཡིན”ཞེས་བཤད།
       ཆུང་མས་མགོ་བོ་སྨད་དེ“འོ་ལེ། ཁྱོད་ད་ནམ་ཡིན་ན་སྔ་བ་ཡིན་མོ”ཟེར།
       ཧྲུའེ་ཧྲེང་གིས“ང་ནི་སྡེ་བའི་ངེས་མེད་རྒོལ་རྡུང་ཚན་ཚུང་གི་ཚན་གཙོ་ཡིན་པ་མ་ཟད་སྡེ་བའི་ལས་བྱེད་ཀྱང་ཡིན། སྔུན་མ་བྱས་ཏེ་ལངས་ལོས་དགོས་ཡ། ཁོ་ཚོས་ཀྱང་མིང་ཐོ་བཀོད་ཟིན་མོད་ཁྱིམ་མིས་གཞུག་ལ་གནར[7]བར་བསམ་ནས་ཕྱིར་ཡོང་རག་མ་ཆོད་ཐལ། དེའི་རྗེས་ང་ཚོ་ཚང་མའི་སྤྱི་ནས་ང་འཐུས་ཚབ་ཏུ་གདམ་ཏེ། ཚང་མས་ཁྱོད་ཀྱི་བུད་མེད་ནི་མཐོང་རྒྱ་ཡངས་ཟེར་ནས་ཕྱིར་ཁྱིམ་མིར་སྐད་འཁྱེར་དུ་བཅུག་པ་ཡིན”ཞེས་ཞིབ་ཏུ་བཤད།
       ཆུང་མས་སྐད་ཅིག་མར་སྐད་ཆ་ཤོད་མ་སོང་། ཡུད་ཙམ་འགོར་རྗེས། མོས་ད་གཟོད“ཁྱོད་སོང་ཆོག ངས་འགོག་ནི་མ་རེད། ཡིན་ཡང་ཁྱིམ་འདི་ཅི་བྱེད”ཅེས་བཤད།
       ཧྲུའེ་ཧྲེང་གིས་ཟུར་གཞོགས་ཀྱི་ཨ་ཕ་ཉལ་བའི་ཁང་མིག་དེ་བསྟན་ནས་མོར་སྐད་དམའ་མོ་བྱོས་ཞེས་བརྡ་བསྟན་ཏེ“ཁྱིམ་ནང་ཁྱོད་ཡོད་པས་ཅི་བསམ། ང་ཚོའི་སྡེ་བ་ཆུང་ངུ་འདིར་ཐེངས་གཅིག་ལ་དམག་ནང་ཞུགས་མཁན་མི་བདུན་ཡོད་ན་ཉུང་རྒྱུ་མེད་ཀི སྡེ་བའི་ནང་སྤྱིར་ནས་ན་གཞོན་ཉུང་བས་ཚང་མ་གཞན་ལ་བརྟེན་མི་རུང་། ཞའོ་ཧྭ་ད་རུང་བསམ་མེད་ཡིན་ལ་ཨ་ཕའང་ལོ་ལོན་འདུག ད་ཁྱིམ་ནང་གི་དོན་དག་ཐམས་ཅད་ཁྱོད་ཀྱིས་མང་ཙམ་སྒྲུབ་དགོས་འདུག”ཅེས་ཟེར།
       ཆུང་མའི་སྣ་ནང་ལ་སྐྱུར་ཤ་ཅིག་ལངས་ཀྱང་མོ་གཏན་ནས་ངུས་མ་བྱུང་། ཐད་ཀར“ཁྱོད་ཀྱིས་ཁྱིམ་གྱི་དཀའ་ངལ་ཅིག་ཤེས་རྒྱུ་ན་རེ”ཅེས་བཤད།
       ཧྲུའེ་ཧྲེང་གིས་མོར་སེམས་གསོ་བྱེད་འདོད་ཡོད་མོད་འདང་རྒྱག་དགོས་པ་དང་གྲ་སྒྲིག་བྱེད་དགོས་པའི་དོན་དག་ད་རུང་ཧ་ཅང་མང་བས། ཁོས་སྐད་ཆ་ཚིག་འབྲུ་གཉིས་མ་གཏོགས་མ་བཤད། “ཇི་འདྲའི་འགན་ལྕི་མོ་ཞིག་ཕྲག་ཏུ་བབས་ཀྱང་ཁྱོད་ཀྱིས་དང་དུ་ལོངས་དང་། འདྲེ་དམག་ཆམ་དུ་ཕབ་རྗེས། ང་ཕྱིར་ཡོང་ནས་ཁྱོད་ལ་བཀའ་དྲིན་ཞུ།”
       ཁོས་ཕྱིར་ཡོང་ན་ད་ཨ་ཕ་དང་གྲོས་བྱ་ཡོང་ཟེར་ནས་ཁྱིམ་ཚང་གཞན་པ་དག་ལ་གནས་ཚུལ་ཞུ་རུ་ཕྱིན།
       ནངས་མོའི་བྱ་ཕོ་གྲགས་པ་དང་མཉམ་དུ་ཧྲུའེ་ཧྲེང་ད་གཟོད་ཕྱིར་སླེབས་ཡོང་། ཆུང་མ་ཡང་ལྷས་རའི་ནང་ཧད་ནས་ཧོན་འཐོར་ཏེ་ཁྱོ་ག་ཕྱིར་ཡོང་བར་སྒུག་ནས་འདུག མོས“ད་ཁྱོད་ངག་བཅོལ་ཅི་ཞིག་ཡོད་ན་ང་ལ་ཤོད་དང་ཆོག་ཡ།”
       “ད་ཅང་བཤད་རྒྱུ་མེད། ང་བུད་འགྲོ། ཁྱོད་ཀྱིས་མུ་མཐུད་དུ་ཡི་གེ་བཀླག་སྟེ་ཐོན་སྐྱེད་ལ་ཧུར་བརྩོན་བྱས་ནས་ཡར་ཐོན་ཡོང་དགོས”ཞེས་ཟེར།
       “འོ་ཡ།”
       “དོན་དག་གང་ཡིན་རུང་གཞན་གྱི་རྗེས་སུ་འགྱང་མི་ཉན།”
       “འོ་ཡ། ད་རུང་ཅི་ཡོད།”
       “དགྲ་བོ་དང་ནང་རུལ་བར་གསོན་པོར་འཛིན་དུ་མ་འཇུག བཟུང་ཟིན་ནའང་རང་སྲོག་འབེན་ཏུ་བཞག་སྟེ་དམར་འཛིང་བྱེད་དགོས།” ཆེས་གནད་འགག་གི་སྐད་ཆ་དེས་ཆུང་མའི་མིག་མཐར་མཆི་མ་འཛུམ་ཏེ་ཁྱོ་བོར་ཁས་ལེན་བྱས།
       ཕྱི་ཉིན། ཆུང་མས་ཁོར་ཐུམ་སྒྲིལ་དངོས་པོ་ཆུང་ཆུང་ཞིག་གྲབས་ཏེ་སོ་སོར་ནང་གོས་གསར་བ་ཞིག་དང་ལག་ཕྱིས་ཤིག ལྷམ་གསར་བ་ཆ་གཅིག་བཅས་སྡུད་གསོག་རྒྱབ་ཡོད།
       ཁྱིམ་ཚང་གཞན་པ་དག་གིས་ཀྱང་དངོས་པོ་འདི་དག་སྡུད་གསོག་རྒྱབ་ནས་ཧྲུའེ་ཧྲེང་ལ་འཁྱེར་དུ་བཅུག ཁྱིམ་ཚང་གང་བོས་ཁོ་ཕྱི་སྒོ་རུ་བསྐྱལ། ཨ་ཕའི་ལག་གཡས་ཀྱིས་ཞའོ་ཧྭ་ཁྲིད་དེ་ཧྲེའུ་ཧྲེང་ལ་འདི་ལྟར་བཤད། “ཧྲུའེ་ཧྲེང་། ཁྱོད་ཀྱི་དོན་དག་འདི་གཟི་བརྗིད་ཀྱི་བྱ་བ་རེད། ངས་ཁྱོད་བཀག་འགོག་མི་བྱེད། ཁྱོད་རང་བློ་བདེ་བོར་སོང་དང་། འདི་མ་བུ་གཉིས་ངས་གཉོར་སྐྱོང་བྱེད་ཐུབ། ཅི་ཡང་ཞེ་ལ་འཐོག་མི་དགོས།”
       གྲོང་ཚོའི་ཕོ་མོ་རྒན་གཞོན་ཡོངས་ཧྲུའེ་ཧྲེང་སྐྱེལ་མ་བྱེད་དུ་ཡོང་སྟེ། ཁོས་ཀྱང་འཛུམ་དམུལ་དམུལ་ངང་གྲུ་ལ་བསྡད་དེ་བུད་སོང་།
       བུད་མེད་རྣམས་ནི་སྔར་བཞིན་ཞེ་འཁྲེང་ནས་ཤ་ཆད་རྒྱུས་མཐུད[8]དུ་ཡོད། ཉིན་གཉིས་འགོར་རྗེས་ན་གཞོན་སྐྱེས་མ་བཞི་ཧྲུའེ་ཧྲེང་ཚང་ལ་ཡོང་ནས་མཉམ་དུ་གྲོས་བྱས་ཏེ“གོ་ཐོས་སུ་ཁོ་ཚོ་ད་རུང་གནས་འདིར་ཁ་བྲལ་ནས་སོང་མེད་ཚུལ་བཤད། ངས་གཞུག་གནར་ནི་མིན་མོད་འོན་ཀྱང་སྟོད་གོས་ཤིག་འཁྱེར་རྒྱུ་བརྗེད་འདུག” ཅེས་བཤད།
       “ང་ལ་ཡང་ཁོ་དང་འབྲེལ་བའི་སྐད་ཆ་གལ་ཆེན་ཞིག་བཤད་རྒྱུ་ཡོད།”
       ཧྲུའེ་ཧྲེང་གི་ཆུང་མས “ཁོའི་ཁ་ནས་གོ་བ་ཡིན་ན་འདྲེ་དམག་གིས་ཐོང་ཁའོ་ཨཱན[9]སྒར་གཞི་བྱས་ནས་ཡོད......”
       “ངོ་ཐུག་རྒྱུ་དེ་གང་ནས་དེ་འདྲའི་སྟབས་ཤིག་འགྲིག་གམ། ང་ཚོ་མྱུར་མོར་སོང་སྟེ་རེམ་ནས་ཕྱིར་ཐོན་དགོས།”
       “ང་སྤྱིར་ནས་འགྲོ་རྩིས་མེད་ནའང་ངའི་སྒྱུག་མོས་ངེས་པར་དུ་ཁོར་ཡང་བསྐྱར་ཐེངས་གཅིག་བལྟ་རུ་འགྲོ་དགོས་ཟེར། ད་ཁོ་ལ་བལྟ་རྒྱུ་ཅི་ཞིག་ཡོད།”
       དེ་ལྟར་ཁོ་ཚོ་བུད་མེད་དག་ལྐོག་ནས་གྲུ་ཆུང་ཞིག་ལ་བསྡད་དེ་མཚེའུའི་ཁ་གཏད་ཀྱི་གྲོང་ཚོ་མཱ་རུ་སོང་།
       གྲོང་ཚོ་མཱ་རུ་ཐོན་པ་ན་ཁོ་ཚོ་ཐད་ཀར་སྲང་ལམ་དུ་སོང་ནས་བཙལ་མ་ཕོད་པར་སྡེ་མགོ་ཡི་ཤ་ཉེ་ཁྱིམ་ཚང་ཞིག་ལ་སོང་། གཉེན་ཉེ་དེའི་བཤད་པ་ལྟར་ན“ཁྱེད་རང་ཚོ་ཡོང་སྐབས་མི་འགྲིག ཁ་སང་དགོང་མོ་ཁོ་ཚོ་ད་རུང་འདི་ན་ཡོད་མོད་ནམ་སྨད་དུ་ལམ་ལ་ཆས་ཟིན། མི་སུའི་ཀྱང་གང་དུ་སོང་བ་ཤེས་མི་འདུག ཁྱེད་རང་ཚོའི་ཁོ་ཚོར་སེམས་ཁུར་བྱེད་དགོས་དོན་མེད། གོ་ཐོས་སུ་ཧྲུའེ་ཧྲེང་ཐོན་མ་ཐག་རྡང་དཔོན་གཞོན་པར་བསྐོས་པས་ཁོ་ཚོ་ཚང་མ་དགའ་སྤྲོའི་དཔལ་ལ་རོལ་འདུག......”
       ཁོ་ཚོ་བུད་མེད་དག་གི་གདོང་ལ་དམར་མདངས་རྒྱས་ཏེ་གྱེས་བརྡ་བཞག་ནས་ཕྱིར་བུད། དེ་ནས་མཚེའུའི་ངོགས་སུ་ཡོད་པའི་གྲུ་ལ་ཁ་ལོ་སྒྱུར། སྐབས་དེར་དུས་ཚོད་ཀྱང་ཕལ་ཆེར་ཉིན་གུང་དུ་སླེབས་ལ་ཉེ། ལེ་བར་ཁྲི་སྟོང་གི་མཚམས་སུ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་ནའང་ལྷོ་ཕྱོགས་ཀྱི་མཚེའུའི་ངོགས་སུ་བསིལ་རླུང་ཞིག་ལྡིང་སྟེ་འདམ་བུའི་རྩེ་མྱུག་དག་རླུང་བུས་སྤུར་ནས་ཡོང་། མཚེའུའི་ངོས་སུ་གྲུ་གཅིག་ཀྱང་མེད་ནའང་ཆུ་ཡི་རླབས་ཕྲེང་ནི་འཕྱོ་ལྡིང་གི་དངུལ་ཆུ་ཇི་བཞིན་དངུལ་མདོག་འཚེར་ནས་ཡོད།
       བུད་མེད་རྣམས་ཅུང་ཙམ་རེ་ཐག་ཆད་ཅིང་། ཡང་སེམས་སྡུག་གི་མནར་ནས་རང་རང་ལ་ཞེ་སྡང་ལངས། ཡིན་ཡང་། ན་གཞོན་དག་ནི་ནམ་ཡང་བཟང་ཕྱོགས་དང་སྤྲོ་དགར་རོལ་ཆེ་བས་བུད་མེད་དག་གི་དེ་མ་ཉིད་དུ་སེམས་མི་སྐྱིད་པའི་དོན་དག་རིང་དུ་དོར། ཅང་མ་འགོར་བར་ཁོ་ཚོའི་གདོང་ལ་འཛུམ་གྱི་བསུས་ཏེ་ཧབ་དགོད་ཤོར། 
       “ཨ་རོགས་ཚོ། སྐྱེས་པ་འདི་དག་འགྲོ་ཟེར་ན་བུད་འགྲོ་ཀི ངོ་མ......”
       “ཁོ་ཚོ་ཅིག་དགའ་ཡོད་ཀི དོན་དག་གང་ལ་སྡུར་ཀྱང་ད་ཐེངས་ངོ་མ་ཅིག་དགའ་ཡོད། ལོ་ཚེས་བ་དང་གཉེན་སྒྲིག་པ་གང་ཡིན་ཡང་ཁོ་འདི་འདྲ་ཞིག་དགའ་ཞིང་སྤྲོ་བ་ངས་མཐོང་མྱོང་མེད།”
       “ད་རང་གི་ཆུང་མས་ཀྱང་ཁ་མ་ལོན་ཐལ”
       “ཁོ་མ་ཁོག་ཐལ་ཡ། ཤོར་ཐལ།”
       “དམག་དཔུང་དུ་ཐོན་པ་ན་ཁོས་ཁྱིམ་མི་དག་བརྗེད་འགྲོ་བ་ཁོ་ཐག་ཡིན།”
       “འོ་ལེ་དེ་ད་ངོ་མ་ཡིན་ཡ། ངེད་ཚང་དུ་ན་གཞོན་དམག་མིའི་རུ་དཔུང་ཞིག་བསྡད་མྱོང་། ཉིན་མཚན་ཀུན་ཏུ་སྒོ་ཕྱི་ཁྱིམ་བར་ན་མགོ་བོ་བཏེགས་ཏེ་གཞས་ལེན་གྱི་ཡོད། ང་ཚོར་མཚོན་ན་ཚེ་གང་ལའང་དེ་འདྲ་ཞིག་དགའ་མྱོང་མེད། ངས་ཁོ་ཚོ་ཁོམ་ནས་དོན་དག་མེད་ན་ད་མགོ་བོ་དེ་འདྲ་ཞིག་དགྱེ་ནས་འདུག་མི་དགོས་པར། རེ་ཞིག་ལྷོད་ན་ཆོག་གམ་སྙམ་ནས་གླེན་འདང་རྒྱབ་པ་ཡིན་མོད། ཁྱོད་ཚོས་ཚོད་དཔག་རེ་བྱོས་དང་། ད་ཁོ་ཚོས་ཅི་བྱེད་ཀྱིན་ཡོད་པ་དྲན་ཡོང་ངམ། ཡང་ས་སྨྱུག་དཀར་པོ་ཞིག་གིས་ངེད་ཚང་གི་བརྙན་ལྡེབས་སུ་ཀོར་ཐིག་མང་པོ་ཞིག་བྲིས་ནས་ཁོམ་ལོང་མེད། ལ་ལ་ལྷས་རའི་ནང་ཙོག་ཏེ་དཀྲུམ་མདའ་ཕྱིས་ཤིང་ལག་པས་དཀྲུམ་མདའ་ཡང་ཡང་ཡར་བཀྱག་སྟེ་ཕྱོགས་སོ་སོའི་དམིགས་སར་ཚད་པ་དང་། ལ་ལས་སྐད་གསེང་མཐོན་པོའི་ངང་གླུ་གཞས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་འདུག”
       ཁོ་ཚོས་གྲུ་ཡང་མོར་དཀྲུགས་ནས་མདུན་ཐད་དུ་སོང་བ་དང་གྲུའི་གཞོགས་གཉིས་ཀྱི་ཆུ་བོ་ནི་ཤག་ཤག་ཤག་གཞུག་ཏུ་དེད།
       “ཁྱོད་ཀྱིས་ད་སྐབས་ཁོ་ཚོ་གང་དུ་ཐོན་ཡོད་པ་ཤེས་སམ།”
       “དེ་ཁ་ཡ་བྱས་ནས་ཅི་བྱེད། གནམ་ལ་འཕུར་སོང་ན་ཐང་ཡ།”
       ཁོ་ཚོས་མགོ་བོ་དགྱེ་ནས་རྒྱང་རིང་གི་མཚམས་སུ་ཐེངས་འགར་བལྟས།
       “ཨེ་ཡ། ཕར་ཕྱོགས་སུ་གྲུ་ཞིག་ཚུར་ཡོང་གིན་འདུག”
       “ཨ་ཙི། མ་བཟང་ཐལ། ལྗར་པན་འདྲེ་དམག་རེད། གྱོན་པར་ལྟོས་དང་།”
       “རེམ... མྱུར་མོར་གྲུ་དཀྲུགས།”
       གྲུ་ཆུང་མྱུར་མོར་མདུན་ཐད་དུ་ཁ་ལོ་སྒྱུར་བ་དང་། སྐབས་དེར་ཁོ་ཚོས་སེམས་སུ་འདི་འདྲའི་ཉེན་ཁ་ཞིག་བརྒྱུད་ནས་ཡོང་མི་དགོས་ཚུལ་སོགས་འགྱོད་པ་སྐྱེས་ཡོད་ཀྱང་སྲིད། ཡང་ན་སྐྱེས་པ་ཚོར་སྡང་སྡིག་དང་བཅས་འཁང་ར་བྱེད་ཀྱི་ཡོད་ཀྱང་སྲིད། ཡིན་ཡང་དགྲ་བོའི་མཚོ་གྲུ་རྗེས་ཆོད་ལ་ཉེ་བས་ཅི་ཡང་མ་བསམ་པར་མགྱོགས་པོར་གྲུ་དཀྲུགས་དགོས་སྙམ་ཡང་སྲིད།
       དགྲ་བོའི་མཚོ་གྲུ་གཞུག་སྙེག་ནས་རྗེས་ཆོད་ལ་ཉེ།
       ལས་ཡག་པ་ཞིག་ལ་ན་གཞོན་སྐྱེས་མ་འདི་དག་པའེ་དབྱང་མཚེའུར་འཚར་ལོངས་བྱུང་བས་གྲུ་ཆུང་ནི་ཆུ་ནང་འཁྱུག་པའི་མདུང་ཉ་དང་འདྲ་བར་གྲུ་ལ་ཁ་ལོ་སྒྱུར་བ་ཧ་ཅང་མགྱོགས། ཁོ་ཚོ་ཆུང་དུས་ནས་གྲུ་ལ་ལོབ་ཅིང་བྱང་ཆ་དང་ལྡན་པས་གྲུ་དཀྲུགས་པ་ནི་ཐགས་འཐག་པ་དང་ཁབ་སྐུད་ཀྱི་འཚེམ་བཟོ་བྱེད་པ་ལྟ་བུ་མགྱོགས། གལ་སྲིད་དགྲ་བོས་རྗེས་ཆོད་པ་ཡིན་ན་ཐད་ཀར་ཆུ་ནང་ལྡིང་ནས་རང་སྲོག་བཅད་ཆོག
       གཞུག་གི་མཚོ་གྲུ་ཡོང་བ་ཧ་ཅང་མགྱོགས། འདྲེ་དམག་ཡིན་ཐག་ཆོད་རེད། ན་གཞོན་སྐྱེས་མ་འདི་དག་གིས་མ་ཁ་བསྡམ་ནས། སྙིང་གི་འཕར་ལྡིང་སྙོམས་བཞིན་ཡོད་ནའང་གྲུ་ཁེམ་དཀྲུགས་པའི་ལག་པ་གཏན་ནས་འཚབ་ཀྱི་མེད། ཆུ་ནི་གྲུའི་གཞོགས་གཉིས་སུ་ཤག་ཤག ཤག་ཤག ཤག་ཤག་ཤག་དེད།
       “པད་མའི་མཚེའུའི་ནང་དུ་དཀྲུགས་ཤིག དེ་གར་ཆུ་ཡི་གཏིང་མི་ཟབ་པས་མཚོ་གྲུ་ཆེན་པོ་བགྲོད་མི་ཐུབ།”
       ཁོ་ཚོས་མོའུ་ཡི་ཆེ་ཆུང་ག་ཚོད་ཡོད་པའང་མི་ཤེས་པའི་པད་མའི་མཚེའུར་ཁ་གཏད་དེ་སོང་། མུ་མཐའ་མི་མངོན་ལ་རྫོང་སྟུག་ཅིང་བརྩེག་རིམ་མི་འདྲ་བའི་པད་མའི་ལོ་ཆེན་དག་ནི་ཟངས་ལྕགས་ཀྱི་མཁར་གྱང་ཇི་བཞིན་ཉི་འོད་གདོང་ལ་བསུས་ཏེ་ཆུ་ཡི་ནང་དུ་ཐར་བཅད་དེ་ཡོད། ངུར་སྨུག་ཏུ་ཡོད་པའི་པད་མའི་རྩེ་མདའ་ནི་མཐོན་པོར་བཏེགས་ཏེ་པའེ་དབྱང་མཚེའུར་ལྟ་རྟོག་ལ་བཞག་པའི་སོ་སྲུང་དམག་མི་དང་གཉིས་སུ་མ་མཆིས།
       ཁོ་ཚོས་པད་མའི་མཚེའུའི་ཕྱོགས་སུ་གྲུ་ཁ་སྒྱུར་ནས་གྲུ་ཆུང་ཡོངས་སུ་མཚེའུ་ནང་འཛུལ་བ་དང་། དེ་མུར་བྱ་གག་འགའ་འུར་སིང་སེ་ཆུ་ངོས་དང་མཉམ་ནས་རྒྱང་དུ་འཕུར། སྐད་ཅིག་མ་དེར་ཁོ་ཚོའི་རྣ་ལམ་དུའང་བོའུ་སྐད་བསྟར་ཕྲེང་གཅིག་གྲགས་ནས་ཡོང་།
       སྐབས་དེར་པད་མའི་མཚེའུའི་ཁྱོན་ཡོངས་སུ་གྲགས་འགུལ་བཟོས་སོང་། ཁོ་ཚོའི་སེམས་སུ་དགྲ་བོའི་འཇབ་སྒུག་ནང་ཚུད་ན་འཆི་ངེས་སྙམ་སྟེ་མཉམ་དུ་ཆུ་ནང་མཆོང་། རིམ་གྱིས་བོའུ་སྐད་ནི་ཕྱི་ལ་ཕྱོགས་ཏེ་རྒྱབ་པ་གོ་བས། སྐྱེས་མ་ཚོ་སླར་ཡང་གྲུ་མགོར་འཐམ་སྟེ་མགོ་ཕྱིར་བུད། ཁོ་ཚོས་ཐག་མི་རིང་བའི་མཚམས་ཀྱི་ཕོན་ཆེ་ཞིང་སྟུག་པའི་པད་མའི་ལོ་མ་ཡི་འོག་ཏུ་མི་ཞིག་གི་ངོ་གདོང་མཐོང་ཞིང་། ཁོག་སྨད་ད་དུང་ཆུ་ནང་དུ་ཡོད། མེ་ཏོག་པད་མ་མི་རུ་གྱུར་སོང་ངམ། གན་ནི་ང་ཚོའི་ཧྲུའེ་ཧྲེང་མིན་ནམ། དེ་ནས་གཡས་གཡོན་གཉིས་སུ་བལྟས་པ་ན། ཁོ་ཚོས་རང་རང་གི་ཁྱོ་བོའི་ངོ་གདོང་མཐོང་སོང་། ཨ་ཙི། མ་གཞི་ཁོ་ཚོ་རེད་ཡ།
       ཡིན་ཡང་། པད་མའི་ལོ་འདབ་འོག་སྦས་ལྐོང་བྱས་པའི་འཐབ་མོ་བ་དག་གིས་མུ་མཐུད་དུ་བློ་རྩེ་གཅིག་སྒྲིམ་གྱི་དགྲ་བོར་དམིགས་ནས་འཐབ་པ་ལས་སྐྱེས་མ་དག་ལ་མིག་མ་གཡེང་། བོའུ་སྐད་བསྟར་ཕྲེང་བཞི་ལྔ་ཙམ་གྱི་འཕྲོར་བོའུ་སྐད་ཇེ་ཞན་དུ་སོང་བ་དང་། འཐབ་མོ་བ་ཚོས་ལག་མདེལ་གཡུག་ཞོར་པད་མའི་མཚེའུའི་ནང་ཕྱིར་མཆོང་ནས་ཡོང་།
       ལག་མདེལ་འགའ་ཡིས་དགྲ་བོའི་མཚོ་གྲུ་ཆུ་ནང་དུ་བསྣུབ་ཟིན། ཆུ་ངོས་སུ་འཐབ་འཁྲུག་གི་འབར་མདེལ་གྱི་དྲི་ཞིག་ལས་ཅི་ཡང་ལྷག་མེད། འཐབ་མོ་བ་རྣམས་ཀྱིས་དེ་གར་སྐད་གསེང་མཐོན་པོའི་ངང་དགའ་སྤྲོའི་ཡོ་ལང་ལ་རྣམ་པར་རོལ་བཞིན་གཡུལ་ཐོབ་དངོས་རྫས[10]ཆུ་ནང་དུ་ཡར་ལེན་གྱིན་འདུག ཁོ་ཚོས་ཆུ་ནང་ཉ་འཛིན་པའི་ལག་རྩལ་འཇོན་པོ་དེ་བཀོལ་གྱིན་ཆུ་ཞབས་སུ་དགྲ་བོའི་མེ་མདའ་དང་མདེའུ། ད་རུང་ཆུ་ཡིས་བརླན་པའི་གྲོ་བྱེ་དང་འབྲས་སོགས་སྒྱེ་གང་མང་ཞིག་ཡར་བླངས། ཧྲུའེ་ཧྲེང་གིས་ཆུ་ངོས་སུ་ཁུར་ནས་འགྲོ་བའི་དངོས་པོ་ཞིག་བདའ་ནས་ཕྱིར་བླངས། དེ་ནི་སྤུས་བཟང་གི་ཤོག་ཐུམ་དཀྲིས་ནས་བཅུག་པའི་ཀ་ར་གོ་རེ་རེད།
       བུད་མེད་ཚོའི་ལུས་ཡོངས་ཆུ་ཡི་བརླན་ཡོད་ལ། ཁོ་ཚོ་སླར་ཡང་རང་གི་གྲུ་ཆུང་ནང་བསྡད།
       ཧྲུའེ་ཧྲེང་གིས་བདའ་ནས་དེད་ཡོང་བའི་ཤོག་ཐུམ་དེ་ལག་གཡས་ཀྱི་མཐོན་པོར་བསྒྲེང་སྟེ་ལག་གཡོན་པས་ཆུ་བཅིངས་ནས་རང་ཉིད་ཆུ་རུ་མི་ནུབ་པར་བྱས། དེ་ནས་པད་མའི་མཚེའུར་གཏད་དེ“ད་ཁྱེད་ཅག་ཕྱིར་ལོན་ནི་མིན་ནམ་ཅི”ཞེས་བཤད།
       ཕལ་ཆེར་ཤུགས་ཆེན་པོ་ཞིག་བཏོན་ཡོད་པ་འདྲ།
       སྐྱེས་མ་ཚོས་གྲུ་དཀྲུགས་ནས་ཕྱི་རུ་མི་ཡོང་ཐབས་མེད་བྱུང་། གློ་བུར་དུ་ཁོ་ཚོའི་གྲུ་ཞབས་སུ་མི་ཞིག་འཇུར་ནས་ཡོང་། ཁོ་སུ་ཡིན་པ་ཧྲུའེ་ཧྲེང་གི་ཆུང་མ་མ་གཏོགས་ཤེས་མཁན་གཅིག་ཀྱང་མེད་ལ་ཁོ་ནི་ཁུལ་རུ་ཆུང་གི་རུ་གཙོ་རེད། རུ་གཙོ་ཡིས་ངོ་ན་འཛར་བའི་ཆུ་ལག་པས་ཕྱིས་ནས“ཁྱོད་རང་ཚོ་ཅིའི་ཕྱིར་འདིར་ཡོང་བ་ཡིན”ཞེས་དྲིས།
       ཧྲུའེ་ཧྲེང་གི་ཆུང་མས“ཡང་ཁོ་ཚོར་ལྭ་བ་འགའ་ཁྱེར་ནས་ཡོང་བ་ཡིན”ཞེས་བཤད།
       རུ་གཙོ་ཡིས་ཧྲུའེ་ཧྲེང་ལ“ཚང་མ་ཁྱེད་རང་ཚོའི་སྡེ་བ་ཡི་ཡིན་ནམ”ཞེས་དྲིས།
       “ཁོ་ཚོ་མིན་ནམ་སུ་ཡིན། བསམ་བློ་རྗེས་སུ་ལུས་པ་འགའ་རེད”ཞེས་བཤད་མ་ཐག་ལག་གི་ཤོག་ཐུམ་ཅན་དེ་སྐྱེས་མ་ཚོའི་གྲུ་སྟེང་དུ་གཡུག ཕོག་ཅེས་སྒྲ་ཞིག་དང་ལྷན་དུ་ཤོག་ཐུམ་ཅན་གྱི་ཀ་ར་གོ་རེ་དེ་སླར་ཡང་ཆུ་ནང་དུ་ནུབ། བར་ཐག་ཅུང་རིང་བོའི་མཚམས་ནས་ད་གཟོད་ཆུ་ངོས་སུ་ཕྱིར་བུད།
       རུ་གཙོ་ཡིས་སྐྱེས་མ་ཚོར་ཀུ་རེའི་ཚུལ་དུ་འདི་ལྟར་བཤད། “ཁྱེད་རང་ཚོ་ཡོང་བ་ཡག་འདུག དེ་མིན་ན་ང་ཚོའི་འཇབ་སྒུག་ཀྱང་འདི་འདྲའི་བདེ་ལེགས་ཤིག་ཡོང་ཐུབ་མེད། ད་ལྟ་ལས་འགན་ཡོངས་སུ་འགྲུབ་སོང་བས་ཕྱིར་ཁྱིམ་དུ་སོང་ནས་ལྭ་བ་ཉི་མར་ལྡེ་ཤིག གནས་ཚུལ་ད་རུང་ཛ་དྲག་རེད།” འཐབ་མོ་བ་དག་གིས་གཡུལ་ཐོབ་དངོས་རྫས་བླངས་ནས་ཁོ་ཚོའི་གྲུ་ཆུང་ནང་བརྩིག་སྟེ་གནས་སྤར་བར་གྲབས། ཉིན་གུང་གི་ཉི་མ་འགོག་ཆེད་མི་རེས་པད་མའི་ལོ་མ་ལེབ་མོ་ཆེ་རེ་བཏོག་སྟེ་མགོ་ལ་གྱོན། ན་གཞོན་སྐྱེས་མ་དག་གིས་ཆུ་ནང་ལྷུང་བའི་ཐུམ་སྒྲིལ་དངོས་པོ་ཡར་བླངས་ཏེ་ཕྱིར་ཁོ་ཚོར་གཡུག དེ་རྗེས་འཐབ་མོ་བ་ཚོའི་གྲུ་ཆུང་དག་ནི་མདའ་འཕངས་པ་ལྟར་ཤར་ལྷོའི་ཕྱོགས་སུ་ཁ་ལོ་སྒྱུར་ནས་སོང་། ཡུད་ཙམ་གྱི་རྗེས་གྲུ་ཆུང་ཉིན་གུང་འཐབ་འཁྲུག་རྒྱབ་པའི་དུ་སྨུག་ནང་གར་སོང་ཆ་མེད་དུ་ཡལ།
       ན་གཞོན་སྐྱེས་མ་ཚོའི་བཟོ་ལྟ་ནི་ཆུ་ནང་ལྷུང་བའི་བྱ་བཞིན་སྔར་གྱི་གྲུ་དཀྲུགས་ནས་ཁྱིམ་ལ་སོང་། ལམ་བར་གྱི་འགྲོ་ཞོར་དུ་ཁོ་ཚོ་སླར་ཡང་བགད་དེ། གྲུ་མགོར་ཡོད་པའི་སྐྱེས་མ་ཞིག་གིས་ཁ་གཅུས་ཏེ “ཁོ་ཚོའི་ཚུགས་གར་ལྟོས་དང་། འུ་ཅག་རིག་ན་ཁ་ཡ་བྱེད་མི་བྱེད་ཀྱི་བཟོ་ལྟ་དེར་ངོ་མ་འཚིག་པ་ཟ་ཡོང་།”
       “འོ་ལེ། འུ་ཅག་གིས་ཁོ་ཚོའི་མི་ཞིག་བོར་སོང་བ་དང་འདྲ་བར།”
       ཁོ་ཚོ་རང་ཉིད་ཀྱང་བགད་བྱུང་། དེ་རིང་གི་དོན་དག་འདི་གཟི་བརྗིད་དུ་མི་བརྩི་ཡང “ང་ཚོར་བོའུ་མེད་པས་པད་མའི་མཚེའུའི་ནང་བྲོས་པ་ཡིན། གལ་ཏེ་བོའུ་ཡོད་ན་ང་ཚོས་ཀྱང་འདྲེ་དམག་དང་འཐབ་རེས་བྱེད་ཐུབ།”
       “དེ་རིང་ད་ངས་ཀྱང་དམག་འཁྲུག་རྒྱག་པ་རིག་སོང་། དམག་འཁྲུག་རྒྱག་རྒྱུ་དེ་འདྲའི་ཡ་མཚན་རྒྱུ་ཅི་ཡོད། གཙོ་བོ་རང་ཉིད་མ་འཚུབ་ན་སུའི་དེ་ནས་གནར་ཏེ་བོའུ་འཕེན་མི་ཤེས་ནས།”
       “དམག་འཁྲུག་རྒྱབ་ཏེ་ཆུ་རུ་བསྣུབ་ན། ངས་ཀྱང་གཡུལ་ཐོབ་དངོས་རྫས་ཆུ་ནང་ནས་ལེན་ཐུབ། ང་ཁོ་ཚོ་དང་སྡུར་ན་ཆུ་ཡི་རྐྱལ་རྩལ་ཡང་བཟང་། ད་རུང་ཟབ་ཀྱང་མི་སྐྲག”
       “སྲུ་མོ། ང་ཚོ་ཡང་ཕྱིར་སོང་ནས་རུ་དཔུང་ཞིག་བཙུགས་ཆོག དེ་མིན་ན་རྗེས་ཕྱོགས་ཕྱི་སྒོར་ཅི་ལྟར་འབུད།”
       “ཁོ་ཚོ་ད་སོ་མ་དམག་ལ་ཞུགས་ནའང་ང་ཚོར་འདི་འདྲའི་མཐོང་ཆུང་བྱེད་ཀྱི་འདུག ད་ལོ་འགའ་འགོར་ན། ང་ཚོར་མིག་གིས་ཀྱང་བལྟ་མིན་མི་ཤེས། རྗེས་མར་སུ་སུའི་གཞུག་ཏུ་ལུས་ཡོད་ད་རུང་སུའི་ཤེས།”
       ལོ་འདིའི་སྟོན་ཁར། ཁོ་ཚོས་མེ་མདའ་འཕེན་རྒྱུ་བསླབ་ཟིན་པ་དང་། དགུན་ཁར་འཁྱག་ཉ་དར་འོག་ཏུ་མནན་པའི་དུས་སུ། ཁོ་ཚོ་རྒྱུ་སྐར་འདྲ་བའི་འཁྱག་གྲུའི་ནང་འགོས་ཏེ་ཕར་ཚུར་དུ་སོང་ནས་ཉེན་ཟོན་བྱེད་བཞིན་ཡོད། དགྲ་བོས་མོའུ་བརྒྱ་ལྷག་གི་འདམ་རྫིང་ལ་སྐོར་བཅོམ་བྱེད་དུས། ཁོ་ཚོས་སྤུན་ཟླའི་དམག་མིར་འཐབ་རོགས་       བྱས་ཏེ་འདམ་བུ་ལྟ་བུའི་མཚོ་ཐོག་ཏུ་འགྲོ་འོང་བྱེད་ཀྱིན་འདུག

༡༩༤༥ལོའི་ཟླ༠༥བར་ཡན་ཨན་དུ་བྲིས།
༢༠༢༥ལོའི་ཟླ༡༠བར་འབྲོག་སྨྱོན་དུ་འབོད་པས་ཕ་ཡུལ་བྲག་དཀར་དུ་སྒྱུར།
མཆན།
[1] མ་ཡིག་གི《荷花淀》ཞེས་པ་འདིར་མེ་ཏོག་པད་མའི་མཚེའུར་སྒྱུར་བ་དང་། སྤྱིར་ནས“淀”ནི་གཏིང་མི་ཟབ་པའི་ཆུ་དང་རྒྱ་ཁྱོན་ཅུང་ཆུང་བའི་མཚེའུ་ལ་གོ
[2] འདམ་རྩྭའི་གཞུང་སྨྱུག མ་ཡིག་གི“苇眉子”ནི་འདམ་བུའི་གཞུང་རྟ་དུམ་བུར་གཏུབ་ཏེ་ཞེང་དོག་ཅིང་རིང་བོར་ཡོད་པའི་སྨྱུག་གདན་བཟོ་བྱེད་ཀྱི་རྒྱུ་ཆ་ཞིག་ལ་གོ
[3] པའེ་དབྱང་མཚེའུ། འདི་ནི་མ་ཡིག་གི“白洋淀”སྒྱུར་བ་ཡིན། ཧོ་པེ་ཞིང་ཆེན་དབུས་རྒྱུད་ས་ཁུལ་གྱི་མཚོ་ཆེན་པོ་ཞིག
[4] ཧྲུའེ་ཧྲེང་། འདི་ནི་མ་ཡིག་གི“水生”སྒྱུར་བ་ཡིན།
[5] ཆུང་མ། འདི་ནི་མ་རྩོམ་གྱི“女人”སྒྱུར་བ་ཡིན་ལ། ཆུང་མ་དང་བུད་མེད་གཉིས་ཀྱི་དོན་ལ་གོ་ཆོག་པས། འདིར་ཆུང་མར་གོ་བ་ཡིན་མོད་བུད་མེད་དུ་སྒྱུར་དགོས་པའི་སྐབས་ཀྱང་ཡོད།
[6] ག་རེ། འདི་ནི་མ་རྩོམ་གྱི“哩”ཞེས་པའི་དོན་སོར་བཞག་གིས་སྒྱུར་བ་ཡིན་ལ་རང་རེའི་ཡུལ་སྐད་ཅིག་སྟེ། ཅི་ཞིག་གམ་གང་ན་ཞེས་པའི་སྒྲ་རུ་མཚོན་ཞེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དག་གསར་དག་བཅོས་མ་རུ་འཁོད་འདུག
[7] གཞུག་ལ་གནར། འདི་ནི་མ་རྩོམ་གྱི“拖尾巴”ཞེས་པའི་དོན་སྒྱུར་བ་ཡིན་ལ། ནར་འགྱངས་སམ་གཞུག་ལ་གནར་བར་གོ
[8] ཤ་ཆད་རྒྱུས་མཐུད། འདི་ནི་མ་རྩོམ་གྱི“藕断丝连”ཞེས་པའི་དོན་སོར་བཞག་གིས་སྒྱུར་བ་ཡིན།
[9] ཐོང་ཁའོ་ཨཱན། འདི་ནི་མ་རྩོམ་གྱི“同口安”ཞེས་པའི་དོན་ཐད་སྒྱུར་བྱས་པ་ཡིན།   དགྲ་བོའི་གཡུལ་འཐབ་སྒར་གཞི་ཞིག
[10] གཡུལ་ཐོབ་དངོས་རྫས། འདི་ནི་མ་རྩོམ་གྱི“战利品”ཞེས་པ་དོན་སྒྱུར་བྱས་པ་ཡིན།

ཟུར་བཀོད།
       སྒྱུར་མཁན་ངོ་སྤྲོད།
       ཨ་ཁུ་འབྲོག་པའམ་འབྲོག་སྨྱོན། དངོས་མིང་ལ་འཇིགས་ཡག་སྐྱབས་སུ་འབོད། ༡༩༩༧ལོར་མཚོ་སྔོན་པོའི་ཉེ་འདབ་ཀྱི་བྲག་དཀར་གཡང་སྡེ་ཕྱུག་མོ་རུ་སྐྱེས། ༢༠༡༧ལོར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ས་ཁམས་ཚན་རིག་སློབ་གླིང་དུ་སློབ་འཕར་ཕྱིན། ཟད་མེད་ལས་འཕྲོ་དག་གི་ཞ་ཞོར་དུ་བརྙན་པར་བརྩམས་ཆོས་དང་སྙན་རྩོམ་ཐོར་བུ་གང་མང་ཞིག་བྲིས་མྱོང་། སྙན་རྩོམ་དང་བརྙན་པར་ལ་ཤས༢༠༢༤ལོའི་ཟླ་བརྒྱད་པར་བཏོན་པའི་མཚོ་ལྷོ་ཁུལ་གྱི་ལོ་ལྔའི་ལེགས་རྩོམ་གཅེས་བཏུས་དཔེ་ཚོགས་ཀྱི«མཚོ་སྔོན་པོའི་རླབས་སྒྲ»ཡི་རི་མོ་དང་པར་རིས་བརྩམས་ཆོས་ཉིང་བསྡུས་སུ་ཚུད་ཡོད། «གུང་ཧོའི་རྩོམ་རིག»དུས་དེབ། «སྐར་ཚོམ།»དང«གསེར་སྨྱུག»བཅས་སུ་སྤེལ་མྱོང་ལ་གཞུང་སྒེར་གྱི་རྩོམ་རིག་འཕྲིན་སྟེགས་འགའ་རུ་ཡང་སྤེལ་ཐུབ་པ་བྱུང་། ༢༠༢༡ལོའི་ཟླ༧པར་རང་ཉིད་ཀྱི་སྙན་དེབ་ཐོག་མ«སྣང་བའི་གྲོང་ཁྱེར»དཔར་སྐྲུན་འགྲེམ་སྤེལ་བྱས། ༢༠༢༤ལོའི་ཟླ༩བར་རང་ཉིད་ཀྱི་བརྩམས་སྒྲུང་བཏུས་དེབ«མགོ་དཀྲི་དམར་པོ»དཔར་སྐྲུན་བྱས། ཁོ་བོར་དགའ་ཕྱོགས་སྣ་མང་བས་སློབ་འགྲིམ་གྱི་གོ་རིམ་ཁྲོད་སློབ་གྲྭ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཡང་སྣ་མང་ཐོབ་མྱོང་། ད་ལྟ་རྫོང་དང་ཁུལ་རིམ་པའི་པར་ལེན་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་དང་མཚོ་ལྷོ་ཁུལ་ཨ་ཁུ་འབྲོག་པའི་བརྙན་སྦྱོར་ལས་ཤག་གི་སྤྱིའི་འགན་འཛིན་པ་ཡིན། ད་དུང་རྩོམ་རིག་བརྩམས་ཆོས་བརྒྱ་ལྷག་དང་བརྙན་པར་རམ་ཇུས་འགོད་བརྩམས་ཆོས་ཀྱང་ཉིས་བརྒྱ་ལྷག་མཆིས་སོ། །
འབྲེལ་ཡོད་འོས་སྦྱོར།