“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བརྩམས་སྒྲུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས། ༣
རྩོམ་པ་པོ།:གཅན་མེ་ཏོག་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-20
ཀློག་གྲངས།:
པད་མའི་རྫིང་བུ།
སུན་ལི་ཡིས་བརྩམས།
གཅན་མེ་ཏོག་གིས་བསྒྱུར།
དཀར་གསལ་ཟླ་བ་ཤར་བ་ན། ར་སྐོར་ནང་དུ་འཁྱག་ཅིང་བསིལ་ལ། རྡུལ་གྱིས་གོས་པ་ཅུང་ཙམ་ཡང་མེད། ཉིན་མོར་གཏུབས་ཡོད་པའི་འདམ་རྩྭ་འཇམ་ཞིང་བཤེར་བས་ཏག་ཏག་རྩྭ་གདན་བསླེ་ཆོག བུད་མེད་ཅིག་སྒོ་ར་ཆུང་ངུའི་ནང་དུ་ཙོག་པུར་བསྡད་དེ་མཛུབ་རྩེར་ཕྲ་ཞིང་མཉེན་པའི་འདམ་རྩྭ་དཀྲི། འདམ་རྩྭ་སྲབ་ཅིང་ཕྲ་བས་ཁོང་མོའི་པང་དུ་མཆོང་ལྡིང་བྱེད།གཅན་མེ་ཏོག་གིས་བསྒྱུར།
པའེ་དབྱང་རྫིང་བུ་ལ་འདམ་རྩྭ་ག་ཚོད་ཡོད་དམ་ཞེས་དྲིས་ཚེ་ལན་ནི་འདེབས་མི་ཤེས། ལོ་རེར་འདམ་རྩྭ་ག་ཚོད་ཐོན་གྱི་ཡོད་དམ་ཞེ་ནའང་གསལ་ཆ་མེད། ལོ་རེར་འདམ་རྩྭའི་ལོ་མ་སེར་པོར་གྱུར་པ་དང་འདབ་མ་འཐོར་བའི་དུས་སུ། རྫིང་བུ་ཡོངས་ཀྱི་འདམ་རྩྭ་བྲེགས་ནས་སྤུངས་པ་དང་། པའེ་དབྱང་རྫིང་བུའི་མཐའ་འཁོར་གྱི་ཐང་ཆེན་དུ་འདམ་རྩྭ་ལྕགས་རི་རིང་པོ་ལྟ་བུར་གྱུར་པ་མ་གཏོགས་མི་ཤེས། བུད་མེད་ཚོས་གཡུལ་ཁ་དང་སྒོ་རའི་ནང་ནས་རྩྭ་གདན་སླེ་བཞིན་འདུག དོན་དུ་རྩྭ་གདན་ག་ཚོད་བསླེས་ཟིན་ནམ། དབྱར་ཟླ་དྲུག་པར། རྫིང་ཆུ་རྒྱས་པས་གྲུ་གཟིངས་གྲངས་མེད་ཅིག་གིས་དཀར་གསལ་དངུལ་མདོག་གི་རྩྭ་གདན་ཕྱི་ལ་གཏོང་འདྲེན་བྱེད། མི་འགྱངས་པར། ས་ཁུལ་སོ་སོའི་གྲོང་དང་གྲོང་ཚོ་ཀུན་ལ་རི་མོ་ཚགས་དམ་ཞིང་སྤུས་ཀ་ལེགས་པའི་རྩྭ་གདན་དགོལ་རྒྱུ་ཡོད་པར་འགྱུར། ཚང་མས་ཉོ་རྩོད་རྒྱག་བཞིན“རྩྭ་གདན་བཟང་པོ། པའེ་དབྱང་རྫིང་བུའི་རྩྭ་གདན”ཞེས་ཟློ་བར་བྱེད།
བུད་མེད་དེས་རྩྭ་གདན་སླེ་བཞིན་འདུག ཅུང་མ་འགོར་བར་ཁོང་མོའི་ལུས་འོག་ཏུ་མང་པོ་ཞིག་བསླེས་ཏེ་སྤུངས་འདུག ཁོང་མོ་དྲི་མེད་དྭངས་གཙང་གི་ཁ་བའི་སྟེང་དུ་བསྡད་ཡོད་པ་དང་འདྲ་ལ། ཆུ་འཛིན་དཀར་པོའི་སྟེང་དུ་བསྡད་ཡོད་པ་དང་ཡང་འདྲ། ཁོང་མོས་མཚམས་རེར་རྫིང་བུའི་ཕྱོགས་སུ་རྒྱང་ལྟ་བྱེད་ཅིང་། རྫིང་བུའི་ནང་ཡང་དངུལ་མདོག་གི་འཇིག་རྟེན་ཞིག་དང་དབྱེར་མེད་པར་འདུག ཆུ་ངོས་སུ་སྲབ་ཅིང་དྭངས་པའི་ན་བུན་དཀྲིས་པས། རླུང་ལྡང་བ་ན་གསར་སྐྱེས་པདྨའི་གེ་སར་དང་འདབ་མའི་དྲི་ཞིམ་བཏེགས་ཡོང་། འོན་ཏེ། ཁྱོ་ག་ད་དུང་ཡུལ་དུ་ལོག་མེད་པས་རྒྱ་སྒོ་ད་དུང་བརྒྱབ་མེད།
ཧ་ཅང་འཕྱི་བའི་དུས་སུ་ཁྱོ་ག་ད་གཟོད་ཁྱིམ་དུ་སླེབས། ན་གཞོན་འདི་ཕོ་ལོ་ཉེར་ལྔ་ཉེར་དྲུག་ཙམ་ལས་བརྒལ་མེད། མགོ་ལ་རྩྭ་ཞྭ་ཆེན་མོ་ཞིག་དང་། ལུས་སྟོད་ལ་སྟོད་ཐུང་བྲང་གཤག་ཅིག་གྱོན་ཞིང་། མདོག་ནག་པོའི་དོར་མ་སྲབ་མོའི་ཁ་པུས་མོའི་ཡན་དུ་བརྫེས་པ་དང་རྐང་རྗེན་ལ་བུད་འདུག ཁོའི་མིང་ལ་ཧྲུའེ་ཧྲེང་ཟེར། ཞའོ་ཝེ་གྲོང་ཚོའི་ངེས་མེད་རྒོལ་རྡུང་ཚོ་ཆུང་གི་འགོ་འཛིན་དང་ཏང་གི་འགན་འཛིན་པ་ཡིན། དེ་རིང་ངེས་མེད་རྒོལ་རྡུང་ཚོ་ཆུང་ཁྲིད་དེ་ཆུའུ་ཐོག་ལ་ཚོགས་འདུར་སོང་བ་རེད། བུད་མེད་ཀྱིས་མགོ་བོ་ཡར་བཀྱགས་ནས་དགོད་ཞོར་དུ་“དེ་རིང་ཕྱིར་ཡོང་བ་འདི་འདྲའི་འཕྱི་དོན་ཅི”ཞེས་དྲིས་རྗེས་ཡར་ལངས་ནས་ཟ་མ་འཁྱེར་དུ་སོང་།
ཧྲུའེ་ཧྲེང་ཐེམ་སྐས་སྟེང་ཙོག་ནས་ན་རེ།“ཟ་མ་ཟོས་ཟིན། ཁྱོད་སོང་ནས་ཁྱེར་མ་ཡོང་།”
བུད་མེད་སླར་ཡང་རྩྭ་གདན་སྟེང་དུ་བསྡད། མོས་ཁྱོ་གའི་གདོང་ལ་བལྟས་ཤིང་། ཁོང་མོས་ཁོའི་ངོ་གདོང་ཅུང་སྐྲངས་ཡོད་པ་དང་སྐད་ཆ་བཤད་ན་དབུགས་ཅུང་ཙམ་འཚང་བ་ཤེས་པས། “ཁོ་ཚོ་གང་དུ་ཡོད་དམ”ཞེས་དྲིས།
ཧྲུའེ་ཧྲེང་ན་རེ། “ད་དུང་ཆུའུ་ཐོག་ན་བསྡད་འདུག ཨ་ཕ་གང་ན་ཡོད།”
བུད་མེད་ཀྱིས“གཉིད་ཟིན”ཟེར།
“དེས་ན་ཞའོ་ཧྭ?”
“ཁོས་སྤོ་བོ་དང་ལྷན་དུ་ཉིན་ཕྱེད་ལ་འབུ་གློ་ཉལ་བཟུང་བས་སྔ་མོ་ནས་ཉལ་ཟིན། ཁོ་ཚོ་ད་དུང་ཕྱིར་མི་ཡོང་དོན་ཅི་རེད།”
ཧྲུའེ་ཧྲེང་གད་མོ་བགད་བྱུང་། བུད་མེད་ཀྱིས་ཁོ་བགད་པ་དེ་རྒྱུན་ལྡན་ཞིག་མིན་པ་ཤེས།
“ཁྱོད་ལ་ཅི་བྱུང་སོང་།”
ཧྲུའེ་ཧྲེང་གིས་སྐད་དམའ་མོས་ན་རེ།“སང་ཉིན་ང་དམག་དཔུང་ཆེན་པོའི་ནང་དུ་འགྲོ་རྒྱུ།”
བུད་མེད་ཀྱི་མཛུབ་མོ་འགུལ་ཙམ་བྱས་བྱུང་། ཕལ་ཆེར་འདམ་རྩྭས་ལག་པ་བཤགས་པ་ཡིན་སྲིད། ཁོང་མོས་མཛུབ་མོ་གཅིག་ཁ་ནང་དུ་བཞག་ནས་འཇིབས་ཙམ་བྱས། ཧྲུའེ་ཧྲེང་ན་རེ། “དེ་རིང་རྫོང་ཨུས་ང་ཚོ་བསྡུས་ནས་ཚོགས་འདུ་འཚོགས་པ་རེད། གལ་ཏེ་དགྲ་བོས་སླར་ཡང་ཐུང་ཁོའུ་རུ་རྟེན་གཞི་བཙུགས་ན་ཏོན་སྡེ་བ་དང་ལམ་ཐིག་གཅིག་ཏུ་གྱུར་ཟིན་པས། རྫིང་བུའི་ནང་གི་འཐབ་འཛིང་གི་གནས་བབ་ཀྱང་འགྱུར་ངེས། ཚོགས་ཐོག་ཏུ་ས་ཁུལ་རུ་ཁག་ཅིག་འཛུགས་རྒྱུའི་ཐག་བཅད་པས། ངས་འགོ་མ་ནས་ལག་པ་ཡར་བཀྱགས་ཏེ་མིང་ཐོ་བཀོད་པ་ཡིན།”
བུད་མེད་ཀྱིས་མགོ་སྒུར་ནས་བཤད་རྒྱུར།“ཁྱོད་ནམ་ཡང་ཕེར་ཤ་ཚ་པོ་ཡོད།”
ཧྲུའེ་ཧྲེང་ན་རེ། “ང་ནི་སྡེ་བའི་ནང་གི་ངེས་མེད་རྒོལ་རྡུང་ཚོ་ཆུང་གི་འགོ་འཛིན་དང་ལས་བྱེད་པ་ཡིན་པས། རང་ཤུགས་ཀྱིས་སྣེ་ཁྲིད་པའི་གྲས་སུ་ལང་དགོས་ཡོད། ཁོ་ཚོས་ཀྱང་མིང་ཐོ་བཀོད་ཟིན། ཁོ་ཚོ་ཕྱིར་ཡུལ་ལ་ལོག་མི་ཕོད། ནང་མི་ཚོས་བྱོལ་འདེབས་པར་སྐྲག ཀུན་གྱིས་ང་འཐུས་ཚབ་ཏུ་མངགས་ནས་ཕྱིར་སོང་སྟེ་ནང་མི་ཚོར་ཤོད་ཟེར། ཁོ་ཚོས་ཚང་མས་ཁྱོད་ཅུང་བསམ་ཤེས་ཤིག་རེད་སྙམ་འདུག”
བུད་མེད་ཁ་རོག་གེར་བསྡད། ཅུང་ཙམ་འགོར་རྗེས། ཁོང་མོས་ད་གཟོད“ཁྱོད་སོངས་ཤིག ངས་ཁྱོད་མི་འགོག འོན་ཀྱང་ཁྱིམ་འདིས་ཅི་བྱ་ཟེར།”
ཧྲུའེ་ཧྲེང་གིས་ཨ་ཕའི་ཁང་ཆུང་སྟོན་བཞིན་ཁོང་མོར་སྐད་དམའ་མོ་བྱོས་ཟེར་བ་དང་། “ཁྱིམ་ནང་ལ་རང་ཤུགས་ཀྱིས་ལྟ་སྐྱོང་བྱེད་མཁན་ཡོད་ངེས། འོན་ཀྱང་ང་ཚོའི་གྲོང་ཚོ་འདི་ཆུང་བས་ཐེངས་འདིར་དམག་ལ་ཞུགས་མཁན་མི་བདུན་ལས་མི་འདུག གྲོང་ཚོའི་ནང་ན་གཞོན་ཉུང་བས་ཚང་མ་གཞན་ལ་བརྟེན་ག་ལ་རུང་། ཁྱིམ་གྱི་ལས་ཀ་ཁྱོད་ཀྱིས་མང་ཙམ་བསྒྲུབ་རོགས། ཨ་ཕ་ལོ་ལོན་ཡིན་པ་དང་ཞའོ་ཧྭ་ཡིས་ད་དུང་གོ་མི་ཆོད”ཅེས་སྨྲས།
བུད་མེད་ཀྱི་སེམས་སུ་སྐྱོ་བ་ཞིག་འགོག་མེད་དུ་སྐྱེས་མོད། འོན་ཀྱང་མོ་གཏན་ནས་མ་ངུས། མོས“ཁྱོད་ཀྱིས་ཁྱིམ་གྱི་དཀའ་ཁག་ཤེས་ཁག་པོ་འདུག”ཅེས་པ་ཙམ་མ་གཏོགས་ཅི་ཡང་མ་སྨྲས།
ཧྲུའེ་ཧྲེང་གིས་ཁོང་མོར་སེམས་གསོ་བྱ་འདོད་མོད། དེའང་གྲ་སྒྲིག་གི་ལས་ཀ་ཧ་ཅང་མང་བ་བསམ་སྟེ་ཁོས“འགན་འཁུར་ཅི་འདྲའི་ལྕི་རུང་སྔོན་ལ་ཁྱོད་ཀྱིས་ཁུར་དང་། འདྲེ་དམག་ཕམ་པར་བརྒྱབ་རྗེས། ང་ཕྱིར་ཡོང་སྟེ་ཁྱོད་ལ་བཀའ་དྲིན་ཞུ”ཞེས་ཚིག་རེ་གཉིས་ལས་མ་བཤད།
དེ་རྗེས་ཁོ་ཁྱིམ་ཚང་གཞན་པར་ཕྱིན་པ་དང་། ཕྱིར་ཡོང་ནས་ཨ་ཕར་ཁ་བརྡ་བྱ་ཟེར།
བྱ་འགོ་མ་གྲགས་དུས། ཧྲུའེ་ཧྲེང་ད་གཟོད་ཁྱིམ་ལ་ལོག བུད་མེད་ཀྱིས་ད་དུང་སྒོ་རའི་ནང་དུ་ཁབ་ཁོབ་ངང་ཙོག་པུར་བསྡད་དེ་ཁོ་ལ་སྒུག་འདུག མོ་ན་རེ། “ཁྱོད་ཀྱིས་ང་ལ་བཅོལ་གདམས་བྱེད་རྒྱུ་མེད་དམ།”
“ཅི་ཡང་བཤད་རྒྱུ་མེད། ང་སོང་རྗེས་ཁྱོད་ཀྱིས་མུ་མཐུད་དུ་ཡར་ཐོན་ཡོང་བ་དང་། ཡི་གེ་ངོས་འཛིན་པ། ཐོན་སྐྱེད་བཅས་བྱ་དགོས།”
“ཨོ་ཡ།”
“དོན་ཅི་ཞིག་ཡིན་ཀྱང་གཞན་གྱི་རྗེས་སུ་ལུས་མི་རུང་།”
“ཨོ་ཡ། དེ་མིན་གཞན་ཅི་ཞིག་ཡོད།”
“ད་དུང་དགྲ་བོ་དང་ནང་རུལ་པའི་ལག་ལ་ཤོར་དུ་མ་འཇུག ལག་ཏུ་ཤོར་ཚེ་ཁོ་ཚོ་དང་ཤི་འཛིང་བྱེད་དགོས།”
ཤིན་ཏུ་གལ་འགངས་ཆེ་བའི་ཚིག་དེ་བུད་མེད་ཀྱིས་མིག་ནས་མཆི་མ་སྙིལ་བཞིན་ཁོ་ལ་ཁས་བླངས།
ཉིན་གཉིས་པར། བུད་མེད་ཀྱིས་ཁོ་ལ་རྡོག་ཁྲེས་ཆུང་ཆུང་ཞིག་གྲ་སྒྲིག་བྱས་ཤིང་དེའི་ནང་དུ་བསིལ་གོས་གསར་པ་ཆ་ཚང་ཞིག་དང་ལག་ཕྱིས་གསར་པ་གཅིག ལྷམ་གསར་པ་ཆ་གཅིག་བཅས་བཅུག ཁྱིམ་ཚང་གཞན་པ་ཚོས་བཅུག་ཡོད་པའང་དེ་དག་ཡིན་ཞིང་ཧྲུའེ་ཧྲེང་ལ་སྤྲད་དེ་འཁྱེར་དུ་བཅུག ནང་མི་གང་བོས་ཁོ་སྐྱེལ་མ་བྱས་ནས་སྒོ་ཕྱི་ལ་ཐོན། ཨ་ཕས་ལག་པ་གཅིག་གིས་ཞའོ་ཧྭར་འཇུས་ཏེ་ཁོར་བཤད་རྒྱུར།“ ཧྲུའེ་ཧྲེང་། ཁྱོད་ཀྱིས་སྒྲུབ་པ་ནི་གཟི་བརྗིད་ཀྱི་ལས་ཤིག་ཡིན་པས་ངས་ཁྱོད་ལ་བཀག་འགོག་མི་བྱེད། ཁྱོད་སེམས་བདེ་མོའི་ངང་སོངས་ཤིག རྒན་གཞོན་ཚང་མར་ངས་བདག་སྐྱོང་བྱ་ཆོག ཅི་ལ་ཡང་སེམས་ཁུར་བྱ་མི་དགོས།”
གྲོང་ཚོ་གང་བོའི་ཕོ་མོ་རྒན་གཞོན་ཚང་མ་ཁོར་སྐྱེལ་མ་བྱེད་དུ་ཕྱི་ལ་ཡོང་། ཧྲུའེ་ཧྲེང་གིས་ཚང་མར་ཁ་ཕྱོགས་ཏེ་འཛུམ་དམུལ་དམུལ་བྱེད་བཞིན་གྲུ་གཟིངས་ལ་བསྡད་དེ་བུད་སོང་།
བུད་མེད་རྣམས་ཀྱིས་མཐར་གཏུགས་ན་ཤ་ཆད་ཀྱང་རྒྱུས་པ་མ་ཆད་པ་ལྟར་བྱེད་བཞིན་འདུག འོན་ཀྱང་ཉིན་གཉིས་འདས་རྗེས། གཞོན་ནུ་མ་བཞིས་ཧྲུའེ་ཧྲེང་གི་ཁྱིམ་དུ་འདུས་ནས་འདི་ལྟར་གྲོས་བྱེད་ཀྱིན་འདུག “གོ་ཐོས་ལྟར་ན་ཁོ་ཚོ་ད་དུང་འདི་ནས་སོང་མི་འདུག ངས་བྱོལ་འདེབས་འདོད་པ་མིན་མོད། འོན་ཀྱང་གྱོན་པ་ཞིག་བརྗེད་འདུག”
“ང་ལ་སྐད་ཆ་གལ་ཆེན་ཞིག་ཁོ་ལ་བཤད་རྒྱུ་ཡོད་ཟེར།”
ཧྲུའེ་ཧྲེང་གི་ཆུང་མ་ན་རེ། “ཁོས་བཤད་ན་འདྲེ་དམག་གིས་ཐུང་ཁོའུ་རུ་རྟེན་གཞི་འཛུགས་རྒྱུ......”
“དེ་འདྲའི་སྟབས་ཡག་པོ་འགྲིག་འདུག ང་ཚོ་མགྱོགས་པོར་སོང་ནས་མགྱོགས་པོར་ཕྱིར་ཡོང་།”
“ང་སྤྱིར་འགྲོ་འདོད་མེད་མོད། འོན་ཀྱང་ངའི་སྒྱུག་མོས་ང་ངེས་པར་དུ་ཁོ་ལ་བལྟ་རུ་སོངས་ཟེར། བལྟ་རྒྱུ་ཅི་ཞིག་ཡོད་དམ།”
དེ་ནས་བུད་མེད་དེ་དག་ལྐོག་ཏུ་གྲུ་ཆུང་ཞིག་ལ་བསྡད་དེ་ཁ་གཏད་ཀྱི་མཱ་གྲོང་ཚོར་སོང་།
མཱ་གྲོང་ཚོར་སླེབས་རྗེས། ཁོང་མོ་ཚོ་རྒྱ་སྲང་དུ་འཚོལ་བར་འགྲོ་མ་ཕོད་པར་གྲོང་ཚོའི་ནང་གི་གཉེན་ཉེ་ཞིག་གི་ཁྱིམ་དུ་སོང་། གཉེན་ཉེ་དེ་ན་རེ། ཁྱོད་ཚོ་ཡོང་བའི་དུས་འགྲིག་མི་འདུག མདང་དགོང་ཁོ་ཚོ་ད་དུང་འདི་གར་ཡོད། ནམ་གུང་བུད་སོང་། སུས་ཀྱང་གང་དུ་ཕྱིན་པ་མི་ཤེས། ཁྱོད་ཚོས་ཁོ་ཚོར་སེམས་ཁུར་མ་བྱེད། གོ་ཐོས་ལ་ཧྲུའེ་ཧྲེང་སླེབས་མ་ཐག་ལྡིང་དཔོན་གཞོན་པར་བསྡད་པས་ཚང་མ་དགའ་སྤྲོ་ཚད་མེད་སྐྱེས་འདུག......
བུད་མེད་ཚོ་ངོ་ཚས་གདོང་དམར་པོ་འགྱུར་བཞིན་དེ་གར་གྱེས་ཤིང་འགྲམ་ངོགས་སུ་བཞག་པའི་གྲུ་ཆུང་དེ་བཏང་། དུས་དེར་ཉིན་གུང་ལ་སླེབས་ཉེ་བས་ནམ་མཁའ་རུ་སྤྲིན་པ་མཐེ་བོང་ཙམ་ཡང་མི་འདུག ཡིན་ཀྱང་རྫིང་བུའི་སྟེང་དུ་ཡོད་པའི་རྐྱེན་གྱིས་རླུང་བསིལ་མོར་འདུག བསིལ་རླུང་དེ་ལྷོ་ཕྱོགས་ནས་ལྡང་ཞིང་འབྲས་མྱུག་དང་འདམ་རྩྭའི་རྩེ་མོ་ནས་ལྡང་བའོ། །རྫིང་ངོས་སུ་གྲུ་གཟིངས་གཅིག་ཀྱང་མེད་མོད། ཆུ་ནི་མུ་མཐའ་མེད་ཅིང་འཕར་ལྡིང་བྱེད་པའི་དངུལ་ཆུ་དང་ཀུན་ནས་མཚུངས།
བུད་མེད་ཚོ་ཅུང་རེ་ཐག་ཆད་པ་མ་ཟད་ད་དུང་སེམས་སྐྱོ་བོས་ནོན་པར་གྱུར། སོ་སོས་སེམས་ནང་ནས་རང་གི་ཕོ་སྐྱེས་ལ་སྡིགས་སྨོད་བྱས། འོན་ཀྱང་ན་གཞོན་ཚོས་ནི་ནམ་ཡང་སྤྲོ་སྐྱིད་ལྡན་པའི་བྱ་བའི་ཕྱོགས་ལ་སེམས་གཏོད་ཅིང་ནང་སྒོས་སུ་བུད་མེད་རྣམས་ཀྱིས་མི་སྐྱིད་པའི་དོན་རྣམས་སླ་བོར་བརྗེད་འགྲོ། ཅུང་མ་འགོར་བར་ཁོང་མོ་ཚོས་ཡང་བཤད་ཞོར་དུ་ཧབ་ཆ་བརྒྱབ་བྱུང་།
“ཁྱོད་ཀྱིས་ལྟོས་དང་འགྲོ་ཟེར་དུས་བུད་སོང་བ་རེད།”
“སྐྱིད་བཟོ་འདུག་ཨང་། གང་ལས་ཀྱང་སྐྱིད་བཟོ་འདུག ལོ་སར་བསུ་བ་དང་ཆུང་མ་བླངས་ནའང་འདི་འདྲའི་སྐྱིད་པ་མཐོང་མ་མྱོང་།”
“རྟ་འདོགས་བྱེད་ཀྱི་ཕུར་བས་ཀྱང་གོ་མ་ཆོད། ”
“འགྲིག་མ་སོང་། རྟ་རྒོད་རི་ལ་ཤོར་སོང་།”
“དམག་སྡེའི་ནང་དུ་སླེབས་མ་ཐག ཁོས་ནང་མི་དག་བརྗེད་ཐག་ཆོད་ཡིན།”
“དེ་བདེན་པ་རེད། ངེད་ཚང་ནས་ན་གཞོན་གྱི་དམག་སྡེ་རེ་བསྡད་མྱོང་། ཁོ་ཚོས་ཉིན་མཚན་མེད་པར་མགོ་ཡར་བཏེགས་ཏེ་ཕྱི་ལ་འགྲོ་དུས་གླུ་གཞས་གཏོང་ཞིང་ནང་དུ་ཡོང་དུས་ཀྱང་གླུ་གཞས་གཏོང་། ང་ཚོ་ཚེ་གང་བོར་འདི་འདྲའི་དགའ་སྤྲོ་སྐྱེས་མ་མྱོང་། ཁོ་ཚོ་ཁོམ་ལོང་བྱུང་སྟེ་དོན་དག་ཅི་ཡང་མེད་དུས་ངས་ད་ནི་མགོ་བོ་མར་བསྒུར་ཡོད་ངེས་སྙམ་ནས་གླེན་འདང་བརྒྱབ། ཁྱོད་ཀྱིས་ཚོད་དཔག་བྱོས་དང་ཁོ་ཚོས་ཅི་བྱས་སོང་ངམ། དཀར་རྩི་བེད་སྤྱད་དེ་ངེད་ཚང་གི་གྱང་ངོས་སུ་སྒོར་ཐིག་མང་པོ་བྲིས་ཤིང་། སོ་སོས་ར་སྐོར་ནང་དུ་ཙོག་པུར་བསྡད་དེ་མེ་མདས་དེ་ལ་གཟས་ནས་ཡང་གླུ་གཞས་བཏང་བྱུང་། ”
ཁོང་མོ་ཚོས་དལ་མོར་གྲུ་གཟིངས་བཏང་ཞིང་གྲུ་གཟིངས་ཀྱི་གཞོགས་གཉིས་ཀྱི་ཆུ་མོས་ཤང་ཤང་སྒྲ་དབྱངས་སྒྲོག ཞོར་དུ་ཆུ་ནང་ནས་གཟེ་མ་འཕང་ཆེན་ཞིག་ཡར་བླངས་པ་དང་། གཟེ་མ་འཕང་ཆེན་དེ་ད་དུང་མཉེན་ལྕུག་ལྡན་ཞིང་མདོག་ངང་སྐྱ་ཅན་ཞིག་རེད། དེ་ནས་སླར་ཡང་ཆུ་ནང་དུ་འཕངས། གཟེ་མ་འཕང་ཆེན་དེ་བརྟན་བརླིང་ངང་ཆུ་ངོས་སུ་གཡེང་ནས་སྐྱེ་འཚར་ལ་བྲེལ།
“ད་ལྟ་ཁྱོད་ཀྱིས་ཁོ་ཚོ་གང་དུ་སླེབས་པ་ཤེས་སམ།”
“ཁོ་ལ་ཁ་ཡ་བྱེད་དོན་མེད། ཁྲིགས་ཁྲིགས་མེད་ན་མཁའ་མཐའ་ལ་བརྒྱུགས་སོང་ཡང་སྲིད།”
ཁོང་མོ་ཚོས་མགོ་བོ་ཡར་བཀྱགས་ནས་རྒྱང་རིང་ལ་ཡང་ཡང་བལྟས།
“ཨ་ཁ། ཕ་གི་ན་གྲུ་ཞིག་ཡོང་གི་འདུག”
“ཨ་ཁ། ཁྱོད་ཀྱིས་གྱོན་པ་དེར་ལྟོས་དང་། འཇར་པན་འདྲེ་དམག་རེད།”
“མྱུར་དུ་གྲུ་ཁེམ་གཡུགས་ཤིག”
སྲོག་བསྡོས་པ་ལྟར་གྲུ་ཆུང་མདུན་ཕྱོགས་སུ་བཏང་། གཅིག་བྱས་ན་ཁོང་མོ་ཚོའི་སེམས་སུ་འདི་ལྟར་ཧོལ་རྒྱུག་གིས་ཡོང་བར་འགྱོད་པ་སྐྱེ་བཞིན་པ་འདྲ། ཡང་ན་རིང་དུ་ཕྱིན་པའི་མི་དེ་དག་ལ་འཁོན་སེམས་སྐྱེ་བཞིན་པ་འདྲ། འོན་ཀྱང་དེ་མུར་ཅི་ཡང་ཡིད་ལ་མི་བསམ་པར་མྱུར་དུ་གྲུ་ཁེམ་གཡུག་དགོས་པ་དང་གཟིངས་པོ་ཆེས་དེད་ནས་ཡོང་བཞིན་པ་ཤེས།
གཟིངས་པོ་ཆེས་ཉེ་བར་རྗེས་དེད་ཡོང་།
སྟབས་ལེགས་པ་ཞིག་ལ་གཞོན་ནུ་མ་འདི་དག་པའེ་དབྱང་རྫིང་བུའི་འདབས་ནས་འཚར་ལོངས་བྱུང་བ་རེད། ཁོང་མོ་ཚོས་བཏང་བའི་གྲུ་ཆུང་བྱ་ལྟར་མགྱོགས་ཤིང་། དེ་ནི་ཆུ་ངོས་དང་བྲལ་ཏེ་མཆོང་ལྡིང་བྱེད་པའི་ཉ་མོ་ཞིག་དང་འདྲ། ཁོང་མོ་ཚོ་ཆུང་དུས་ནས་གྲུ་ཆུང་འདིར་ལོབས་ཡོད་པས་གྲུ་བཏང་ན་ཐགས་འཐག་པ་དང་ལྭ་བ་འཚེམ་པ་ལྟར་ཧ་ཅང་མགྱོགས། གལ་ཏེ་དགྲ་བོས་རྗེས་ཆོད་ཚེ། ཆུ་ནང་དུ་ལྡིང་ནས་འཆི་བར་བྱེད།
གཞུག་གི་གཟིངས་པོ་ཆེ་བཏང་བ་ཤིན་ཏུ་མགྱོགས་ཤིང་། དེ་འདྲེ་དམག་ཡིན་པ་སྨོས་ཅི་དགོས། གཞོན་ནུ་མ་འདི་དག་གིས་མ་མགལ་ལ་སོས་བཏབ་སྟེ་སྙིང་གི་འཕར་རྩ་མར་མནན། གྲུ་ཁེམ་འཆིང་བ་བའི་ལག་པ་གཏན་ནས་མ་འཚབས། ཆུ་མོས་གཡས་གཡོན་ཀུན་ཏུ་ཤང་ཤང་སྒྲ་དབྱངས་བསྒྲགས།
“པད་རྫིང་གི་ཕྱོགས་སུ་གཏོང་རོགས། དེ་གར་ཆུ་སྲབ་པས་གཟིངས་པོ་ཆེ་སྐྱོད་མི་ཐུབ།”
ཁོང་མོ་ཚོ་མུའུ་ག་ཚོད་ཡོད་པ་མི་ཤེས་པའི་པད་རྫིང་གི་ཕྱོགས་སུ་རྒྱུག་བཞིན་འདུག མུ་མཐའ་མེད་པ་དང་སྟུག་ཅིང་འཛིངས་པའི་ཆུ་པདྨའི་འདབ་མ་ཆེན་པོ་དེ་ཁ་ཉི་འོད་ལ་ཕྱོགས་ནས་ཆེས་ཆེར་རྐྱོང་བའི་ཚུལ་ནི་ཟངས་ཀྱི་གྱང་དང་ལྕགས་ཀྱི་རྩིག་པ་ལྟར་སྣང་ངོ་།། ཆུ་པདྨ་གློ་ཁ་དེའི་ཐེའུ་ནི་མཐོན་པོར་སྐྱེས་ཤིང་། པའེ་དབྱང་རྫིང་བུར་ལྟ་རྟོག་བྱེད་པའི་སོ་དམག་དང་འདྲའོ། །
ཁོང་མོ་ཚོས་པད་རྫིང་གི་ཕྱོགས་སུ་གྲུ་ཁེམ་གཡུགས་ཤིང་མཐར་ཤེད་ཤུགས་ཆེན་པོས་གཡུགས་པས་གྲུ་ཆུང་པད་རྫིང་གི་ནང་དུ་འཛུལ། རི་སྐྱེས་བྱ་གག་པ་འགའ་ཡིས་གཤོག་པ་རྡེབ་བཞིན་སྐད་ཅོར་བརྒྱབ་ཅིང་ཆུ་ངོས་སུ་གཤོག་ལྕག་བྱེད་བཞིན་འཕུར་སོང་། ཁོང་མོ་ཚོའི་རྣ་འགྲམ་དུ་མེ་མདའི་སྐད་སྒྲ་བསྟུད་མར་གྲགས་བྱུང་།
པད་རྫིང་ཧྲིལ་པོ་ཡོམ་ཡོམ་དུ་འགུལ་བྱུང་། ཁོང་མོ་ཚོས་དགྲ་བོའི་འཇབ་རྒོལ་འོག་ཏུ་ཚུད་དེ་འཆི་ལ་ཉེ་བས་མཉམ་དུ་ཡར་ལངས་ནས་ཆུ་ནང་དུ་མཆོང་རྒྱུ་བྱུང་ན་སྙམ། རིམ་གྱིས་མེ་མདའི་སྒྲ་ཕྱི་ནས་གྲག་པ་གསལ་པོར་ཤེས་རྗེས། ཁོང་མོ་ཚོས་ད་གཟོད་གྲུ་གཞོགས་ལ་འཇུས་ནས་མགོ་བོ་ཕྱིར་བཏོན། ཁོང་མོ་ཚོས་རྒྱང་ཐག་མི་རིང་བའི་ཆུ་པདྨའི་འདབ་མ་ཆེ་ཞིང་སྟུག་པོ་ཞིག་གི་འོག་ཏུ་ལུས་ཕྱེད་ཆུ་ནང་དུ་འཛུལ་བའི་མི་ཞིག་ཡོད་པ་མཐོང་། ཆུ་པདྨ་མི་རུ་གྱུར་སོང་ངམ། དེ་ནི་འུ་ཅག་གི་ཧྲུའེ་ཧྲེང་མ་ཡིན་ནམ། དེ་ནས་སླར་ཡང་གཡས་གཡོན་ལ་བལྟས་པ་ན། ཅུང་མ་འགོར་བར་སོ་སོས་རང་གི་ཁྱོ་གའི་ངོ་གདོང་མཐོང་བྱུང་། ཀྱེ། མ་གཞི་ཁོ་ཚོ་རེད་འདུག
ཡིན་ནའང་ཆུ་པདྨའི་འདབ་ལོ་ཆེན་པོའི་འོག་ཏུ་ཡིབ་པའི་འཐབ་མོ་བ་ཚོས་རིག་པ་བསྒྲིམས་ཏེ་དགྲ་བོར་གཏད་ནས་མེ་མདའ་གཟས་བཞིན་པས་ཁོང་མོ་ཚོ་གཏན་ནས་མཐོང་མ་བྱུང་། མེ་མདའི་སྒྲ་ཧ་ཅང་གསལ་བར་འདུག བསྟུད་མར་མེ་མདའ་འགའ་བརྒྱབ་རྗེས། ཁོ་ཚོས་ལག་འབོམ་འཕངས་ཤིང་པད་རྫིང་ལས་ཕྱིར་མཆོངས།
ལག་འབོམ་གྱིས་དགྲ་བོའི་གཟིངས་པོ་ཆེ་དེ་བསྣུབས་པ་ན་ཡོད་ཚད་ཆུར་བྱིངས་སོང་། ཆུ་ངོས་སུ་མེ་རྫས་ཀྱི་དུ་དྲི་ལས་ལྷག་མི་འདུག འཐབ་མོ་བ་ཚོས་དེ་རུ་སྐད་ཆེན་པོས་ཧབ་ཆ་རྒྱག་བཞིན་གཡུལ་ཐོབ་དངོས་རྫས་འདོན་བཞིན་འདུག ཁོ་ཚོ་ཡང་ཆུ་ཞབས་སུ་འཛུལ་ནས་ཉ་ཆེན་པོ་འཛིན་པའི་རྩལ་སྟོན་མགོ་བརྩམས། ཁོ་ཚོས་དགྲ་བོའི་མེ་མདའ་དང་མདེའུ་ལེན་པའི་སྔ་གཞུག་བརྩད་ཅིང་། དེ་ནས་ཆུ་ཡིས་སྦངས་པའི་ཕྱེ་འབྲས་ཁུག་མ་དང་ཁུག་མ་བྱས་ཏེ་བཏོན་ཡོང་། ཧྲུའེ་ཧྲེང་ཆུ་ལ་རྐྱལ་ནས་ཆུ་ངོས་སུ་འགུལ་བཞིན་པའི་དངོས་པོ་ཞིག་གི་རྗེས་བསྙེགས་པ་ན་དེ་ནི་སྤུས་ལེགས་ཤོག་སྒམ་གྱི་ནང་དུ་བཅུག་ཡོད་པའི་ཀ་ར་གོ་རེ་ཞིག་རེད།
བུད་མེད་རྣམས་ཀྱི་ལུས་ཡོངས་ཆུས་སྦངས་ཡོད་ནའང་སླར་ཡང་ཁོང་མོ་ཚོའི་གྲུ་ཆུང་དུ་བུད།
ཧྲུའེ་ཧྲེང་གིས་ཤོག་སྒམ་དེ་ཚུར་ལེན་པའི་ཆེད་དུ་ལག་པ་ཡ་གཅིག་མཐོན་པོར་བཀྱགས་ཤིང་ལག་པ་ཡ་གཅིག་གིས་ཤུགས་ཡོངས་ཀྱིས་ཆུ་ངོས་སུ་རྡེག་བཞིན་རང་ཉིད་མི་ནུབ་པར་བྱས། དེ་ནས་པད་རྫིང་ལ་ཁ་གཏད་ནས“ཕྱིར་བུད་ཅིག ཁྱོད་ཚོ།”ཞེས་ཀི་རིང་བཏབ།
ཕར་བལྟས་ཚེ་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་འདྲ།
ཁོང་མོ་ཚོ་གྲུ་བཏང་ནས་ཕྱིར་འབུད་པ་ལས་ཐབས་མེད་སོང་། གློ་བུར་དུ་ཁོང་མོ་ཚོའི་གྲུ་འོག་ནས་མི་ཞིག་མངོན་བྱུང་། ཧྲུའེ་ཧྲེང་གི་ཆུང་མ་གཅིག་པུས་དེ་ནི་ཆུའུ་ཡི་རུ་ཁག་ཆུང་ངུའི་རུ་དཔོན་ཡིན་པ་ཤེས། མི་དེས་གདོང་གི་ཆུ་ཕྱིས་རྗེས་ཁོང་མོ་ཚོར“ཁྱོད་ཚོ་ཅི་ཞིག་བྱེད་དུ་འགྲོ་རྒྱུ་ཡིན”ཞེས་དྲིས།
ཧྲུའེ་ཧྲེང་གི་ཆུང་མས“ཡང་ཁོ་ཚོར་གྱོན་པ་འགའ་བསྐྱལ་ཡོང་བ་ཡིན”ཞེས་སྨྲས།
རུ་དཔོན་ཆུང་བས་ཁ་ཕྱིར་འཁོར་ནས་ཧྲུའེ་ཧྲེང་ལ“ཚང་མ་ཁྱོད་ཚོའི་གྲོང་ཚོའི་རེད”ཟེར།
“ཁོང་མོ་ཚོ་མིན་ན་སུ་ཡིན། རྗེས་ལུས་པ་འདི་དག ”ཅེས་བཤད་རྗེས་ཞོར་དུ་ཤོག་སྒམ་བུད་མེད་ཚོའི་གྲུ་ཐོག་ཏུ་གཡུགས་ཤིང་ཆུ་ལ་རྐྱལ་ནས་ཡང་གཏིང་དུ་འཛུལ་སོང་། ཐག་རིང་སར་སླེབས་རྗེས་ད་གཟོད་ཕྱིར་ཆུ་ཁར་བུད།
རུ་དཔོན་ཆུང་བས་ཀུ་རེ་དང་བཅས“ཁྱོད་ཚོ་ཡང་དོན་མེད་དུ་ཡོང་བ་ག་ལ་ཡིན། ཁྱོད་ཚོ་མིན་ན་ང་ཚོས་འཇབ་རྒོལ་བྱས་པ་འདི་འདྲའི་མཐའ་འཁྱོལ་བ་ཞིག་ཡོང་མི་སྲིད། འོན་ཀྱང་ལས་འགན་འགྲུབ་སོང་བས་ཕྱིར་སོང་ནས་གྱོན་པ་ཉི་མར་ལྡེ་ན་འོས། གནས་ཚུལ་ད་དུང་ཛ་དྲག་རེད”ཅེས་བཤད། འཐབ་མོ་བ་ཚོས་ཆུ་ནང་ནས་བཏོན་པའི་གཡུལ་ཐོབ་དངོས་རྫས་ཚང་མ་ཁོ་རང་ཚོའི་གྲུ་ཆུང་སྟེང་དུ་བཞག་ནས་གནས་སྤོར་བར་གྲ་སྒྲིག་བྱས། མི་ཞིག་གིས་ཆུ་པདྨའི་འདབ་མ་ཆེན་པོ་ཞིག་བཅད་དེ་མགོ་ལ་བཀབ་ནས་ཉིན་གུང་གི་ཉི་འོད་བཀག གཞོན་ནུ་མ་ཚོས་ཆུ་ནང་དུ་ལྷུང་སྟེ་ཕྱིར་བཏོན་པའི་ཐུམ་སྒྲིལ་ཆུང་ངུ་དེ་ཁོ་ཚོར་གཡུགས། འཐབ་མོ་བ་ཚོའི་གྲུ་ཆུང་གསུམ་ཤར་ལྷོའི་ཕྱོགས་སུ་མདའ་འཕངས་པ་ལྟར་བརྒྱུགས་ཤིང་ཅུང་མ་འགོར་བར་ཉིན་གུང་གི་ཆུ་ངོས་ཀྱི་དུ་རླབས་ཁྲོད་དུ་ཡལ།
གཞོན་ནུ་མ་ཚོ་ཁོང་མོ་ཚོའི་གྲུ་ཆུང་བཏང་ནས་མྱུར་དུ་ཡུལ་ལ་ལོག་ཅིང་སུ་ཡིན་ཀྱང་ཆུར་ལྷུང་བའི་ཁྱིམ་བྱ་དང་གཉིས་སུ་མེད། དེའང་ལམ་ཐག་རིང་བོར་སྤྲོ་བ་འབུམ་གྱིས་བརྟས་དྲགས་པས་ཁོང་མོ་ཚོས་ཀྱང་བཤད་ཞོར་དུ་ཧབ་ཆ་བརྒྱབ། གྲུ་མགོར་ཙོག་ཅིང་ཁ་གཞུག་ལ་འཁོར་བ་ཞིག་གིས་མཆུ་འདབ་ཡར་བརྫེས་ནས་ན་རེ།“ཁྱོད་ཀྱིས་ཁོ་ཚོའི་གུས་མེད་ཀྱི་ཚུགས་ཀར་ལྟོས་དང་། ང་ཚོ་མཐོང་རྗེས་ཁ་ཡ་ཡང་བྱེད་འདོད་མེད་པར་འདུག”
“ཨ་ཙི། ང་ཚོས་ཁོ་ཚོར་ངོ་ཚ་དགོས་པའི་དོན་དག་ཅི་ཞིག་བཟོས་སོང་བ་དང་འདྲ།”
ཁོང་མོ་ཚོའང་འཛུམ་ཤིག་ཤིག་ཏུ་བགད་བྱུང་། དེ་རིང་གི་བྱ་བ་དེ་གཟི་བརྗིད་ལྡན་པ་ཞིག་མིན་མོད། འོན་ཀྱང“ང་ཚོར་མེ་མདའ་མེད་པའི་རྐྱེན་གྱིས་རེད། མེ་མདའ་ཡོད་ཚེ་པད་རྫིང་ནང་དུ་མི་འབྲོ་བར། རྫིང་བུ་ཆེན་པོའི་ནང་དུ་སོང་ནས་འདྲེ་དམག་དང་དམར་འཛིང་བྱ་ངེས།”
“དེ་རིང་ངས་ཀྱང་དམག་འཁྲུག་རྒྱག་པ་མཐོང་བར་བརྩི་ཆོག དམག་འཁྲུག་རྒྱག་པར་ཡ་མཚན་རྒྱུ་ཅི་ཡོད། གལ་སྲིད་ཁྱོད་དངངས་འཚབ་མ་ལངས་ཚེ། ཁ་སྦུབ་ཏུ་ལོག་ནས་མེ་མདའ་རྒྱག་མི་ཐུབ་མཁན་སུ་ཡོད།”
“བརྒྱབ་སྟེ་ཆུར་ནུབ་ཚེ། ངས་ཀྱང་ཆུ་ཁར་གཡེང་ནས་དངོས་པོ་གདོན་ངེས། ངའི་ཆུར་རྐྱལ་རྩལ་ཁོ་ཚོ་ལས་ཡག་ཐག་ཆོད་ཡིན། ཇི་ལྟར་གཏིང་ཟབ་ནའང་ཡང་སྐྲག་མི་སྲིད།”
“ཧྲུའེ་ཧྲེང་སྲུ་མོ། ཕྱིར་ལོག་རྗེས་ང་ཚོས་ཀྱང་རི་དཔུང་ཞིག་གཟུགས། དེ་མིན་ཚེ་རྗེས་སུ་ཕྱི་ལ་འགྲོ་སྲོལ་ག་ལ་ཡོད།”
“དམག་མིར་གྱུར་མ་ཐག་འུ་ཚོ་མིག་ནང་ལ་འཇོག་གི་མི་འདུག ལོ་གཉིས་འདས་རྗེས་ང་ཚོ་ཅི་ལའང་བརྩི་མི་སྲིད། མི་དང་མི་བསྡུར་ན་རྗེས་ལུས་ག་ཙམ་ཐེབས་ཡོད་པ་སུས་ཤེས།”
ལོ་དེའི་སྟོན་ཁར་ཁོང་མོ་ཚོས་མེ་མདའ་འཕེན་ཤེས་པར་གྱུར། དགུན་ཁར། དར་བཅག་ནས་ཉ་འཛིན་པའི་སྐབས་སུ་ཁོང་མོ་ཚོ་རེ་རེ་བཞིན་སྐར་མདའ་ལྟ་བུའི་དར་གྲུར་བསྡད་ནས་ཕར་འགྲོ་ཚུར་ཡོང་གིས་སོ་ལྟ་བྱས། དགྲ་བོས་རྒྱ་ཆེ་བའི་འདམ་རྩྭའི་རྫིང་བུ་སྐོར་བཅོམ་བྱེད་སྐབས་ཁོང་མོ་ཚོས་བུ་སྤུན་དམག་དང་གཞོགས་འདེགས་ཀྱིས་གཡུལ་ངོར་ཞུགས་ཏེ་འདམ་རྩྭའི་མཚོ་ནང་དུ་ཕར་འགྲོ་ཚུར་ཡོང་བྱེད་བཞིན་འདུག
ཟུར་བཀོད།
སྒྱུར་མཁན་ངོ་སྤྲོད།
གཅན་མེ་ཏོག མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། སྔོན་ཆད་གཞུང་ཡིག་ལོ་ཙཱ་དང་དག་ཞུས། གནའ་དཔེ་འཚོལ་སྡུད་སོགས་ཀྱི་བྱ་བ་གཉེར། སྔ་ཕྱིར་གཞུང་ཡིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་ཁག་ཅིག་བྲིས་ནས་གཞུང་སྒེར་གྱི་དུས་དེབ་ཏུ་བཀོད་ཅིང་། གཟེངས་སྐྱེས་ཀྱང་རེ་གཉིས་ཤིག་རག་མྱོང་། གཞན་ཡང་བོད་རྒྱ་སྐད་གཉིས་ཀྱིས་བྲིས་པ་དང་བསྒྱུར་བའི་སྙན་ངག་དང་ལྷུག་རྩོམ་མང་པོ་ཡང་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་ཏུ་བཀོད། འགྱུར་རྩོམ«འཇིག་རྟེན་འདིར་ང་ལ་ཆེས་སྙིང་ཉེ་བའི་མི་དེ་བཞུད་སོང»ཞེས་པར༢༠༡༧ལོར«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཀྱི་ལོ་མཇུག་བྱ་དགའ་ཐོབ། ༢༠༡༨ལོར་འགྱུར་དེབ«བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་པའི་འཕྲིན་ཡིག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། ད་ལྟ་གཅན་ཚ་རྫོང་གི་གྲོང་རྡལ་ཞིག་ཏུ་སྲིད་འཛིན་གྱི་ལས་ཀ་གཉེར་མུས་སུ་ཡོད།
རང་ཉིད་ཀྱི་ལོ་ཙཱ་བྱེད་སྟངས་གསལ་བཤད།
རྒྱ་རིགས་རྩོམ་པ་པོ་སུན་ལི་ཡིས་བརྩམས་པའི«པད་མའི་རྗིང་བུ»ཞེས་པའི་སྒྲུང་ཐུང་འདི་རྒྱ་ཡིག་ནས་བོད་ཡིག་ཏུ་ལོ་ཙཱ་བྱེད་དུས་ཐོག་མར་མ་ཡིག་གི་མིང་ཚིག་བརྗོད་པ་གསུམ་ལ་གོ་བ་ཡང་དག་བླངས་པ་གཞིར་བྱས་ཏེ་དེའི་བརྗོད་དོན་དང་བསྟན་བྱའི་ནང་དོན་ཁོང་དུ་ཆུད་པར་བྱས། དེ་ནས་མ་རྩོམ་གྱི་བྲོ་བ་མ་ཡལ་བར་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཡོད། ལྷག་ཏུ་མ་ཡིག་གི་ཚིག་སྦྱོར་སྤེལ་ལུགས་དང་། སྤྲོས་བརྗོད་ཀྱི་འགྱུར་ཁུག སྐབས་བབ་ཀྱི་གོ་དོན། མི་རིགས་ཀྱི་ཁྱད་ཆོས། བརྗོད་པའི་ཁྱད་ཆོས་བཅས་ལ་མཐའ་གཅིག་ཏུ་བརྩི་འཇོག་བྱས་ཏེ། བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པར་བྱས་ནས་ཀློག་བདེ་ཞིང་བརྗོད་དོན་དངོས་མཚོན་ཐུབ་པའི་ཚིག་གི་ཕྲེང་བ་ཕུན་སུམ་ཚོགས་པ་ཞིག་སྤེལ་བར་བརྩོན་ཡོད། མ་ཡིག་ཏུ་པད་མའི་རྫིང་བུའི་ལྷིང་འཇགས་དང་། བཙན་འཛུལ་བའི་གདུག་རྩུབ་གཉིས་བྱུང་རིམ་གཅིག་ནང་གི་འགལ་བར་བསྒྲུབས་ཏེ་དམག་འཁྲུག་གིས་དམངས་ཕལ་བའི་འཚོ་བར་སུན་གཙེར་དང་ནག་ཉེས་བཟོས་པ་དམིགས་སུ་བྲིས་འདུག བརྩམས་སྒྲུང་གི་ཁམས་དེ་འདྲ་བོད་སྐད་དུ་ཡོང་དགོས་ཚེ་བུ་ཡིག་ནང་གི་ལྗོངས་རྣམ་དང་མིའི་ཁ་བརྡ། བྱུང་རིམ་ཕྲན་ཚེགས་སོགས་མ་ཡིག་གི་ཉམས་ལྟར་འབྲི་བ་ཤིན་ཏུ་གལ་ཆེ་བས་འགྱུར་ཡིག་ཏུའང་འོས་ཤིང་འཚམས་ལ་གནད་དུ་འཁེལ་བའི་ཐ་སྙད་དང་བརྗོད་པ་བཀོལ་ཡོད། གུས་མོས་རྩོམ་རིག་ལོ་ཙཱའི་སྲོག་སྙིང་ནི་མ་རྩོམ་གྱི་བརྗོད་དོན་དང་བསམ་བློའི་རིན་ཐང་མ་བོར་བར་བྱ་རྒྱུ་དེ་ཡིན་པ་ལས་ཚིག་སྦྱོར་ཁོ་ནའི་ནང་དུ་མགོ་འཁོར་ཏེ་མ་རྩོམ་གྱི་རྩོམ་ཉམས་ཡལ་བར་དོར་ཚེ་ཀློག་མཁན་གྱིས་འགྱུར་ཡིག་ལས་མ་རྩོམ་གྱི་བྲོ་བ་དངོས་དེ་མྱོང་མི་ཐུབ་པར་འདོད་དོ། །
འབྲེལ་ཡོད་འོས་སྦྱོར།
