“ཤམ་བྷ་ལ”ཞེས་པའི་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡོད་ཟེར་བ་དེ་བདེན་ནམ།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-09-27
ཀློག་གྲངས།:
དེང་སང་གྲགས་བཞིན་པའི་“ཤམ་བྷ་ལ”ཞེས་པའི་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡོད་ཟེར་བ་དེ་བདེན་ནམ། ངོ་སྤྲོད་ཅུང་གནང་རོགས།
ལན། ཁྱོད་ཀྱིས་དྲི་བ་འདི་ཤིན་ཏུ་ལེགས་ཀི ཁྱོད་ཀྱིས་འདི་ལྟར་དྲིས་ན་ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་བདེན་པ་ཡིན་ཟེར་ནི་རེད། ཡིན་ནའང་། ངས་བདེན་པ་ཡིན་ཞེས་བཤད་པ་ཙམ་གྱིས་ཡིད་ཆེས་དཀའ་རྒྱུ་རེད། རྒྱུ་མཚན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོད་ཅེས་གསུངས་ཡོད་ཀྱང་ཡིད་མ་ཆེས་པར་དྲི་བ་འདི་བཏོན་ནི་རེད། དེ་བས་དྲི་བ་འདིའི་ལན་དུ་ཡང་ནང་བསྟན་གྱི་ལྟ་བ་མ་འདྲེས་པའི་སྒོ་ནས་ལན་བཏབས་ན་འགྲིག་ནི་རེད། དེང་སང་སྐད་ཆས་བཤད་ན་བདེན་དཔང་ཞིག་སྟོན་དགོས་ནི་རེད། ཡིན་ནའང་། ང་ལ་ཆོས་ལུགས་མ་འབྲེལ་ན་ཁྱོད་ཚོར་བདེན་དཔང་ཅི་ཡང་བཤད་རྒྱུ་མེད།དེ་བས་ངས་འདི་ནས་ཆོས་ལུགས་ཀྱི་ལྟ་བ་དང་བཅས་དེའི་སྐོར་བཤད་པར་བྱ་སྟེ་དེ་ལྟར་བྱ་ཡང་དགོས་ནི་རེད། རྒྱུ་མཚན་ནི་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་གནས་ཤིག་རེད། དེ་ང་ཚོ་ལ་སྣང་དཀའ་བའི་རྒྱུ་མཚན་གྱིས་རེད། ཐུའུ་བཀྭན་གྲུབ་མཐའ་ལས་བཤད་པ་ལྟར་ན་ཤམ་བྷ་ལ་ཞེས་པ་ཤཱཀྱཱ་རིགས་ཤམ་བྷ་ཞེས་བྱ་བས་བཟུང་བས་དེ་ལྟར་དུ་གྲགས་ཟེར་ལ། ཤམ་བྷ་ལ་ཞེས་པ་བདེ་འབྱུང་འཛིན་པ་ཞེས་བྱ་སྟེ་བདེ་འབྱུང་ནི་དབང་ཕྱུག་གི་མིང་ཡིན་ལ་དེས་བཟུང་བའི་ཡུལ་ལ་ཤམ་བྷ་ལའོ་ཞེས་ཀྱང་ཟེར། ཞེས་ཐོགས་ཚུལ་མི་འདྲ་བ་གཉིས་གསུངས་ཡོད།
ཡུལ་གང་དུ་ཡོད་པ་ནི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི《ཤམ་བྷ་ལའི་རྣམ་བཤད》དུ་རྒྱ་གར་དང་། བོད་དང་། ལི་ཡུལ་དང་། རྒྱ་ནག་དང་། རྒྱ་ནག་ཆེན་པོ་དང་། ཀེ་ལ་ཤའི་དུམ་བུ་དྲུག་ཏུ་བྱས་པ་ཀེ་ལ་ཤའི་དུམ་བུ་དེ་ལ་ཕྱེད་ཕྱེད་དུ་བགོས་པའི་ཕྱེད་གཡས་མ། རྒྱབ་རི་རྒྱལ་ལྷུན་པོའི་ངོས་ས་ལ་གཏད་ཅིང་། མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟུན་པ་དེ་ཡིན་གསུངས། ཡིན་ནའང་། པོ་ཏ་ལ་དང་ཨུ་རྒྱན་རི་བོ་རྩེ་ལྔ་སོགས་དེང་སང་གི་ས་ཁྲའི་རི་མོ་དང་བསྟུན་ནས་ངོས་འཛིན་རྒྱུ་ཡོད་ཀྱང་། ཤམ་བྷ་ལ་ཟེར་བ་འདིའི་ཡུལ་གྱི་བཀོད་པ་དང་མཐུན་པའི་ཡུལ་ཞིག་ངོས་འཛིན་རྒྱུ་མེད་པས་མི་རྣམས་ལ་དོགས་པ་བྱུང་ཞིང་ལ་ལས་མི་ཕལ་བས་མཐོང་དུ་མེད་པའི་དག་ཞིང་ཞིག་ཏུ་ངོས་འཛིན།
འོ་ན་ཡུལ་འདིའི་བཀོད་པ་ཇི་ལྟར་ཡོད་ཅེ་ན། དེ་སྔོན་གྱི་དཔེ་དག་ལས་འདི་ལྟར་གསུངས་ཡོད་དེ་དབྱིབས་ཟླུམ་པོ་མཐའ་གངས་རིས་བསྐོར་བ། ནང་པད་མ་འདབ་བརྒྱད་ཀྱི་དབྱིབས་དང་ལྡན་པ། འདབ་མའི་དབྱིབས་ཀྱི་བར་རྣམས་ཆུ་བོས་བཅད་པ། དབུས་ཀྱི་ཟེའུ་འབྲུ་ལྟ་བུ་གངས་རི་ཆེན་པོ་ཡོད་པ། པད་འདབ་རེ་རེའི་ནང་དུ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་བཅུ་གཉིས་གནས་པས་བསྡོམས་པའི་གྲོང་ཁྱེར་བྱེ་བ་ཕྲག་གོ་དྲུག་དང་། གྲོང་ཁྱེར་རེ་རེ་ལ་ཡུལ་ཁམས་བྱེ་བ་བརྒྱ་ཕྲག་ཡོད་ཅིང་། བྱེ་བ་རེ་རེའི་དབང་བསྒྱུར་བའི་རྒྱལ་ཕྲན་ཀྱང་རེ་རེ་ཡོད་ཅིང་ཡུལ་སླར་ཡང་གངས་རིས་བཅད་པའི་ས་གླིང་བཞིའི་ཚུལ་དུ་སོང་བའི་དབུས་ན་ཀཱ་ལ་པའི་གྲོང་དང་དེའི་ཕྱོགས་ན་མ་ལ་ཡའི་སྐྱེད་ཚལ་དུ་ཆོས་རྒྱལ་ཟླ་བ་བཟང་བོས་བཞེངས་པའི་དུས་འཁོར་གྱི་བློས་བསླངས་ཆེན་མོ། ཤར་དུ་ཉེ་བའི་མཚོ། ནུབ་ཏུ་པད་དཀར་མཚོ། བྱང་དུ་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་བཞུགས་གནས་ཆ་བསགས་ཀྱི་ཕོ་བྲང་ཆེན་པོ་ཡོད་དོ་ཟེར།
འདི་ལྟ་བུའི་གནས་ཤིག་ཡོད་མེད་དེ་མི་རྣམས་ཀྱིས་དོ་སྣང་ཤིན་ཏུ་ཆེན་པོ་བྱེད་ལ་ལ་ལས་ཤམ་བྷ་ལའི་ལམ་ཡིག་ལ་བརྟེན་ནས་འཚོལ་བའི་ངལ་བ་བྱེད། ལྷག་པར་ནུབ་ཕྱོགས་ཀྱི་རྟོག་ཞིབ་པ་སྙིང་སྟོབས་ཅན་དག་གིས་ཤམ་བྷ་ལ་མཐོང་མི་ཐུབ་པའི་གནས་ཤིག་ཏུ་ནམ་ཡང་བསམ་གྱིན་མེད། 1924—1927བར་དུ་སུའུ་ཨུག་གི་མི་ཉི་གུ་ལ་ལེ་ལེ་ཞི་ཟེར་བས་དཀའ་བ་ཆེན་པོས་བཙལ་མྱོང་ཟེར། བཤད་ཚུལ་ལྟར་ན་ཁོ་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཤམ་བྷ་ལའི་དགེ་སློང་ཞིག་ལ་ཐུག དགེ་སློང་དེས་ཁོ་ལ་ཤམ་བྷ་ལ་ནི་ས་འོག་གི་རྒྱལ་ཁབ་ཅིག་ཡིན་ལ་ས་འོག་གི་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ཡོད་ཟེར། ད་དུང་རྒྱལ་བོར་མེ་ལོང་ཆེན་པོ་ཞིག་ཡོད་པ་དེས་མིའི་འགྲོ་འདུག་སྤྱོད་གསུམ་མཐོང་ལ་ཕྱོགས་སོ་སོའང་མཐོང་ཐུབ་ཟེར། རྗེས་སུ་ཁོ་གར་སོང་ཆ་མེད་དུ་གྱུར། བཤད་ཚུལ་ལྟར་ན་ཁོ་ཤམ་བྷ་ལར་བུད་སོང་ཟེར།
འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་མཁའ་དམག་གི་གནམ་གྲུ་ཞིག་ས་འོག་གི་འཇིག་རྟེན་དུ་སླེབས་ཤིང་དེ་ན་ཉི་ཟླ་སོགས་ཡོད་ཚུལ《གསང་བ》ཞེས་པའི་དེབ་ཏུ་འཁོད་འདུག བོད་ཀྱི་དཔེ་རྙིང་ཞིག་ན་ཤམ་བྷ་ལར་འགྲོ་བའི་ལམ་ས་འོག་ན་ཡོད་ཅེས་བྲིས་པ་ཞིག་ཀྱང་མཐོང་མྱོང་མོད་ད་ནི་དེའི་མིང་བརྗེད་འདུག
པཎ་ཆེན་གྱི་ཤམ་བྷ་ལའི་ལམ་ཡིག་ལ་བརྟེན་ནས་གནའ་རྫས་རྟོག་ཞིབ་པ་དང་རྟོག་ཞིབ་པ་མང་བོས་བོད་ཀྱི་ཕྱི་ནང་ཀུན་ཏུ་བཙལ་མྱོང་། ཁོ་ཚོས་ཤམ་བྷ་ལའི་གནས་རྙེད་ཅེས་ཟེར་མོད་ངོས་འཛིན་གཏན་ནས་མི་མཐུན་ཏེ་གནའ་རྫས་རྟོག་ཞིབ་པས་པེད་ཨེར་མུའུ་མཐོ་སྒང་དུ་ཤམ་བྷ་ལའི་ཤུལ་རྙེད་ཟེར། ལ་ལས་ཐ་ལི་མུ་རུ་རྙེད་ཟེར། ཐུ་ལི་ཧྥན་དུ་རྙེད་ཟེར། ལ་ལས་ཞི་པུ་ལི་རེད་ཟེར། ལ་ལས་ཤམ་བྷ་ལར་འགྲོ་བའི་ལམ་པོ་ཏ་ལའི་འོག་ན་ཡོད་ཟེར།
ང་ཚོའི་བཤད་རྒྱུན་ལ་སྐུ་ཕྱོགས་ཤིང་བཟའ་ཤམ་བྷ་ལར་སོང་བའི་ལོ་རྒྱུས་ཡོད། ཐེངས་གཅིག་གཉེར་བའང་ཁྲིད། གཉེར་བ་མཐའ་ཞིག་ནས་འདུག་ཏུ་བཅུག་ནས་ཁོ་གྲོང་ཁྱེར་ནང་དུ་སོང་གཉེར་བས་མེ་ཏོག་པད་མ་ཞིག་བཏོག་ནས་ཡོང་བ་སྔོན་ཆད་ཤིང་བཟའ་བླ་བྲང་ན་ཡོད་ཟེར། གང་ལྟར་ཡང་ནང་བའི་ལྟ་བས་བཤད་ན་གལ་ཏེ་ཤམ་བྷ་ལ་མེད་ན་དུས་འཁོར་དབང་ཆེན་གྱི་དོན་སྙིང་ཡང་མེད་པར་གྱུར་པ་ཡིན།
དེ་བས་ཤེས་རྒྱུ་ཞིག་ནི་ཤམ་བྷ་ལ་ནི་ང་ཚོས་བཙལ་ནས་རྙེད་རྒྱུ་ཞིག་མིན། དེའི་རྒྱུ་མཚན་ཡང་དུས་འཁོར་རྒྱུད་རྩ་འགྲེལ་ལས་ཤམ་བྷ་ལ་སོགས་སྤྲུལ་པའི་གྲོང་ཁྱེར་དུ་གསུངས་ཡོད་པས་དེ་དག་ལས་གསུངས་པའི་ཡུལ་གྱི་དབྱིབས་དང་ཚད་གནས་སོགས་གདུལ་བྱ་ཐུན་མོང་བ་ང་ཚོ་ལྟ་བུ་རྣམས་ལ་ཇི་ལྟ་བུ་བཞིན་དུ་སྣང་བའི་ངེས་པ་གཏན་ནས་མེད་པས་སོ། །དེ་ཡང་ཡིན་ཏེ། དེ་དག་ནི་རྣལ་འབྱོར་བའི་སྣང་བ་བཞིན་ཡིན་པས་དེ་ལྟ་བུ་བཞིན་མཐོང་འདོད་ན་དཔལ་དུས་ཀྱི་འཁོར་ལོ་ཉམས་སུ་བླངས་ན་འོས་པ་ལས་ས་ཁྲ་བཟུང་ཞིང་རྩམ་ཁུག་ཁུར་ནས་འཚོལ་བ་ནི་ངལ་བ་ལས་མི་འདུག
དེ་སྔོན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་དར་ཞིང་བདག་ཅག་སྟོན་པས་ཆོས་རྒྱལ་ཟླ་བ་བཟང་བོ་ལ་དཔལ་དུས་ཀྱི་འཁོར་ལོ་གསུངས། དེ་ནས་རིམ་བཞིན་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་གྱི་རིང་ལ་ནུབ་ཕྱོགས་ནས་ཀླ་ཀློའི་དཔུང་བྱུང་ནས་བོད་དང་བཅས་པ་དབང་དུ་བསྡུས་ནས་འཛམ་གླིང་ཕྱེད་ཙམ་དབང་བསྒྱུར་ནས་ཤམ་བྷ་ལར་དམག་དྲངས་པ་ལ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་དེ་རྣམས་ཚར་གཅོད་པར་བྱེད།
དེ་གཉིས་འཁྲུག་པའི་སྐོར་ལ་ངོ་མཚར་བ་མང་བོ་ཡོད་ཀི དཔེར་ན། རྡོ་ཡི་རྟ་འཕུར་ཏེ་འགྲོ་བ་དང་མེ་སྒྱོགས་དང་མཚོན་ཆ་སྣ་ཚོགས་འཕྲུལ་འཁོར་སྣ་ཚོགས་ཡོད་ཀི གལ་ཏེ་འདི་ཁ་ཐུང་གློག་བརྙན་ལ་ཕབ་ན་ངོ་མ་བལྟ་རྒྱུ་ཡོད་རྒྱུ་རེད། དེ་ནས་བཟུང་འཇིག་རྟེན་ཡར་རྒྱས་ཀྱི་ཕྱོགས་ལ་བསྙེག་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།