logo

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་མི་ཚེའི་བརྒྱུད་རིམ།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-30 ཀློག་གྲངས།:

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་མི་ཚེའི་བརྒྱུད་རིམ།
མདོ་འཛིན་པ། འབྲོང་ཕྲུག

     དགེ་རྒན་སྟག་འབུམ་རྒྱལ་ལ་མཚོན་ན། འུ་ཚོ་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང༌། འུ་ཚོས་དགེ་རྒན་སྟག་འབུམ་རྒྱལ་ནི་ལས་གྲོགས་ཀྱི་ཅིག་ཆ་ནས་ཤེས་པ་དང༌། ཡང་ན། ཆང་ཤགས་ཤིག་གི་ཆ་ནས་ཤེས་པ་མ་གཏོགས། དགེ་རྒན་ཁོང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་དེ་འདྲ་ཤེས་ཀྱིན་མི་འདུག རྒྱུ་མཚན་ནི། འུ་ཚོ་ཚང་མར་སློབ་དེབ་ལ་ཞིབ་འཇུག་དང་ཁྲིད་ཟིན་ལ་ཇུས་འགོད། ལས་བྱ་ལ་ཞུ་དག་ལ་སོགས་ཀྱི་ཁྲོད་ནས་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ལ་ལྟ་བའི་དུས་ཚོད་མ་ལྡན་པ་རེད། གལ་ཏེ་ལྡན་པའི་དབང་དུ་བཏང་ན་ཡང༌། ཞེ་ལྷོད་ལ་བབ་ནས་སེམས་རྣལ་ལ་ཕབ་ནས་བལྟ་རྒྱུའི་དུས་ཚོད་ཉུང་སོང་བ་རེད། དེ་བས། ད་ཐེངས་ཁོ་ལ་ཁོ་རང་གི་རྩོམ་རིག་གསར་རྩོམ་གྱི་ལམ་བུའི་ཕྱོགས་ན་ཁ་བརྡ་ཞིག་བྱེད་དུ་འཇུག་རྒྱུ་དེ་འུ་ཚོ་ཚང་མའི་གཅིག་མཐུན་གྱི་རེ་བ་རེད།
འབྲོང་ཕྲུག དགེ་རྒན། ང་ཚོས་ཐོག་མར་ཤེས་འདོད་པ་ནི་ཁྱོད་རང་ཆུང་དུས་ནས་བཟུང་རྩོམ་ཡིག་འབྲི་རྒྱུར་དགའ་མཁན་ཞིག་ཡིན་ནམ་མིན། སྐབས་ཐོག་དེའི་འབྲོག་ཁུལ་གྱི་སློབ་གསོའི་གནས་བབ་ཅི་ལྟ་བུ་ཞིག་རེད། སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་ད་ལྟ་ནང་བཞིན་བསླབ་ཕྱིའི་སྐབས་སུ་ལྟ་རྒྱུའི་དཔེ་དེབ་སྣ་ཚོགས་ཡོད་དམ།
སྟག་འབུམ་རྒྱལ། སྐབས་དེའི་སྤྱི་ཚོགས་ནི་རིག་གནས་གསར་བརྗེ་ཆེན་མོའི་མཇུག་བསྡུས་མ་བསྡུས་ཀྱི་མཚམས་ཤིག་རེད། བར་སྐབས་དེར་བོད་ཁུལ་དང་ལྷག་པར་ཏུ་འབྲོག་ཁུལ་ནས་སློབ་གསོའི་མ་ལག་དེ་ཆགས་མ་ཆགས་ཀྱི་མཚམས་སུ་ཡོད་ལ། སུམ་མདོ་ས་ཁུལ་གྱི་སློབ་གྲྭ་དེ་བྲ་མ་རྒྱ་རིས་ཞེས་པའི་གནས་དེ་ན་ཆགས་ཡོད་པ་དང༌། སློབ་གྲྭའི་མིང་ལ་དར་དམར་ཆ་ཚང་སློབ་གྲྭ་ཟེར།
     སྔོན་ཆད་སློབ་གྲྭ་དེར་མ་སོང་གོང༌། ཨ་ཅེ་དང་ཕུ་བོ་གཉིས་སྦྲ་གར་སློབ་ཆུང་ལ་འགྲོ་བཞིན་ཡོད་པས། ཨ་ཕས་ཁོ་གཉིས་ཀྱི་དཔེ་ཆའི་སྟེང་ནས་ང་ལ་གསལ་བྱེད་ཡི་གེ་དག་ཁྲིད་མྱོང་བས། ང་རང་སྦྲ་གར་སློབ་ཆུང་དེར་སོང་མ་ཐག་འཛིན་གྲྭའི་ནང་ནས་གསལ་བཤད་སུམ་ཅུ་བོ་ཚང་མ་ཤེས་མཁན་དེ་ང་ཡིན་པ་འདྲ། དེའི་རྐྱེན་གྱིས་སྐབས་དེའི་དགེ་རྒན་གྱིས་བསྟོད་པ་ཡང་བྱས་མྱོང༌།
     ངའི་ཨ་ཕ་སྐབས་དེར་སྡེ་བའི་ཕྱུགས་ཟོག་སྨན་པ་ཡིན་པས། སྡེ་བའི་ནང་གི་ཚགས་པར་ལ་སོགས་པ་ངེད་ཚང་ལ་བསྐྱལ་ཡོང་གིན་འདུག སྐབས་ཐོག་དེར། མཚོ་སྔོན་བོད་ཡིག་ཚགས་པར་སྟེང་གེ་སར་སྒྲུང་གི་ཚན་པ་ཐུང་ངུ་རེ་མུ་འགོད་བྱེད་ཀྱིན་ཡོད་པས། ང་ལ་ཡང་དཔེ་ཀློག་གི་གོ་སྐབས་ཐུང་ཐུང་རེ་ཡོད་པ་རེད། དེར་མ་ཟད། སྐབས་ཐོག་དེར་ཏུན་ཞའོ་ཕེན་ལ་དགག་རྒྱག་གི་ཚོགས་འདུ་རྒྱུན་པར་ཚོགས་ཀྱིན་ཡོད་པ་དང༌། ང་ནི་སྡེ་བའི་བྱིས་པ་དག་གི་འཐུས་མི་བྱས་ནས་དགག་ཚིག་སྒྲོག་མཁན་དུ་གྱུར་ཡོད། སྐབས་དེར་ང་ལ་རྩོམ་འབྲིའི་དགའ་བ་སྐྱེས་མ་ཐུབ་མོད། དཔེ་ཀློག་གི་མོས་པ་སྐྱེས་འགོ་ཚུགས་པ་ཡིན་སྲིད།
ང་རང་ཐོག་མར་སློབ་གྲྭ་འགྲིམ་དུས་སུ། སློབ་མ་ཚོར་དཔེ་ཆ་མང་པོ་ཞིག་མེད་པས། དགེ་རྒན་གྱིས་ང་ལ་དཔེ་ཆ་མི་སྟེར་བར་བྱིས་པ་ཆེ་བོ་དག་ལ་བྱིན་འགྲོ ངས་དཔེ་ཆ་དེ་དག་གི་སྟེང་ནས་རང་གི་བློར་འབབ་པའི་ཚིག་དག་བཤུས་ནས་སྒེའུ་ཁང་གི་ཤེལ་ངོས་སུ་སྦྱར་བ་ལྟ་བུའི་ལས་སྒྲུབ་མྱོང༌། དེ་དུས་ཀྱང་འདི་ལྟར་གཞན་གྱི་བརྩམས་ཆོས་ཁྲོད་ཀྱི་ཚིག་ལེགས་པོ་དག་གིས་ད་ལྟའི་ངའི་རྩོམ་འབྲིའི་ནུས་པར་ཕན་ནུས་འགང་ཆེན་ཞིག་ཐེབས་ཡོད་རྒྱུ་རེད།
     ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། དེ་དུས་ཀྱི་དགའ་ཕྱོགས་དེས་རིག་གནས་གཞན་པར་སློབ་སྦྱོང་དང་བག་ཆགས་འཇོག་པའི་ཕྱོགས་སུ་ཤུགས་རྐྱེན་ངན་པ་གང་མང་ཐེབས་ཡོད་རྒྱུ་རེད། ཡིན་ནའང༌། སྐབས་ཐོག་དེར་དཔེ་ཆ་མང་པོ་མེད་པའི་དབང་གིས་ཡིན་མིན་བཤད་དཀའ་མོད། སྐབས་དེའི་མིས་དཔེ་ཆར་དགའ་ཞེན་དང་བདག་དམ་བྱེད་ཚུལ་དེ་ལྟ་བུ་ཞིག་ད་ལྟ་དཀོན་རྒྱུ་རེད་བསམ་གི སྡེ་བ་ནང་གི་ཕྱུགས་རྫི་དག་གིས་ཀྱང་སྒྲུང་དཔེ་སྣུམ་སྟུག་མ་ཚོའི་ཕྱི་ཤུན་རས་ཀྱིས་སྦྱར་ནས་བདག་བྱེད་ཀྱིན་ཡོད་པ་རེད།
འབྲོང་ཕྲུག དགེ་རྒན་གྱིས་ཕྱིར་འདང་ཞིག་བརྒྱབ་ན། ཁྱོད་ཀྱིས་ཐོག་དང་པོར་བྲིས་པའི་རྩོམ་ཡིག་དེ་སེམས་ལ་ཨེ་དྲན་གང་ཡིན། གོ་ཐོས་ལྟར་ན། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ན་ཡོད་དུས། ཁྱོད་ཚོ་འཛིན་གྲྭར་རྩོམ་པ་པོའི་འཛིན་གྲྭ་ཟེར་རབས་བཤད། དེ་ན་དེ་དུས་ཀྱི་སློབ་གྲོགས་ཚོའི་ཁྲོད་ན་རྩོམ་འབྲིའི་ཕྱོགས་ནས་ཕན་ལ་ཚུན་ཤུགས་རྐྱེན་ཐེབས་ཡོད་རྒྱུ་རེད། ཁྱོད་ལ་མཚོན་ན། རང་ཉིད་རྩོམ་རིག་གི་ལམ་བུ་འདིར་ཞུགས་པ་དེ་སློབ་གྲོགས་ཞིག་གི་ཤན་ཤུགས་ཡིན་ནམ། རང་གི་དགའ་མོས་ཁོ་ནས་ཡིན།
སྟག་འབུམ་རྒྱལ། མཚོ་ལྷོ་དགེ་ཐོན་སློབ་གྲྭ་ན་ཡོད་དུས། ངའི་དགེ་རྒན་བསོད་ནམས་དབང་ལྡན་ཡིན། ཁོ་ནི་དགེ་རྒན་བཙན་པོ་ཞིག་ཡིན་མིན་ང་ཚོ་འཛིན་གྲྭའི་འབྲུག་ལྷ་རྒྱལ་ལྟ་བུའི་གཤིས་གྱོང་དག་ཀྱང་ཁོ་ལ་ཧ་ཅང་སྐྲག་པ་འདིའི་སྟེང་ནས་ཤེས་ཐུབ། ཁོས་ཆེས་ཐོག་མར་ང་ཚོར་ཐོན་མིའི་བཞད་སྒྲ་བློར་འཛིན་དུ་བཅུག་པ་རེད། དེ་ལྟར་བྱེད་དོན་ང་ཚོ་འཛིན་གྲྭའི་སློབ་མ་དག་གི་ཁ་ལྕེ་སྦྱོང་ཆེད་རེད།
     རྩོམ་རིག་འཛིན་གྲྭ་ཟེར་དོན། ང་ཚོ་འཛིན་གྲྭའི་ནང་ན་རྩོམ་ཡིག་འབྲི་རྒྱུ་དང་དཔེ་ཆ་ལྟ་རྒྱུར་དགའ་བའི་སློབ་མ་ཧ་ཅང་མང༌། ལྷག་པར་དུ་སྐབས་དེར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས《ལྷ་གླིང་གབ་རྩེ་དགུ་སྐོར》དང《འཁྲུངས་གླིང་མེ་ཏོག་ར་བ》《རྟ་རྒྱུགས་ཀྱི་དཔྱིད་ཀྱི་ཉི་མ》གསུམ་པར་ཏུ་སྐྲུན་མ་ཐག་ཡིན་པ་མ་ཟད། སྒྲུང་དཔེ་དག་ནི་དེང་གི་སྒྲུང་དཔེ་གསར་བ་དག་དང་བསྡུར་ན་ལྟ་རྒྱུ་ཆེན་པོ་ཡོད་པ་མ་ཟད། དེའི་ཚིག་རྐང་རེ་རེའི་ཁྲོད་ན་བརྟན་ཚིགས་བཙན་པོ་དག་དག་ཡོད་པ་རེད། ད་ལྟའི་སྒྲུང་དཔེ་དག་གི་ཁྲོད་ན་གཏམ་དཔེ་མང་པ་མ་གཏོགས་གཏམ་དཔེ་གསོན་པོ་ཉུང་གི་བསམ། དེ་དག་ལྷན་ཅིག ང་ཚོ་སློབ་གྲོགས་ཚོས་ཕན་ཚུན་ལ་དཔེ་ཀློག་གི་བག་ཆགས་དང་ཤུགས་རྐྱེན་ཐེབས་ཡོད་རྒྱུ་རེད། རྒྱུ་མཚན་ནི། སྐབས་དེར་ང་ཚོ་འཛིན་གྲྭའི་ནང་ན་དཔེ་ཆ་ལྟ་རྒྱུར་དགའ་བའི་སློབ་གྲོགས་ཧ་ཅང་མང༌།
     ང་རང་གིས་ཆེས་ཐོག་མར་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ནི་སྙན་ངག་ཅིག་ཡིན། སྙན་ངག་དེ་ནི་ཕ་ཡུལ་དྲན་མགུར་ལྟ་བུ་ཞིག་ཡིན། སྐབས་ཐོག་དེར། ང་ཚོ་དམའ་གསུམ་གྱི་སློབ་མ་དག་གིས་མཐོ་འབྲིང་ལ་རྒྱུགས་སྤྲོད་དགོས་པས་དབྱར་གནང་མ་བྱིན་པར་སློབ་སྦྱོང་བྱས་ནས་འདུག་དགོས་བྱུང༌། ཉིན་ཞིག་ལ་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་ཡོད་ལ། ང་ལ་ཡང་གློ་བུར་དུ་ཕ་ཡུལ་དྲན་པའི་གདུང་བ་ཆེན་པོ་ཞིག་སྐྱེས་བྱུང༌། ངས་ཕ་ཡུལ་དྲན་པའི་གདུང་བ་ངོ་མ་བོ་དེ་ཚོར་བས་བྲིས་པ་ཡིན། རྗེས་སུ་དེ་དུས་དེབ་ཏུ་བཀོད་པའིཔ་རེད། དེ་བས། ངའི་སེམས་ནས་རྩོམ་རིག་བརྩམས་ཆོས་གང་དང་ཅི་ཡིན་རུང་འཚོ་བ་ངོ་མར་རྒྱབ་རྟེན་ཅི་ཐུབ་བྱས་པ་ཡིན།
འབྲོང་ཕྲུག དགེ་རྒན་གྱིས་གཞུང་གཉེར་དུས་དེབ་སྟེང་བཀོད་པའི་བརྩམས་ཆོས་ཐོག་མ་ནི་བཀྲ་བྷ་དང་མཉམ་དུ་བྲིས་ཤིང་རྗེས་སུ《ཟླ་ཟེར》སྟེང་སྤེལ་བའི《མཚོ་སྐྱེས》ཞེས་པ་དེ་ཡིན་ཟེར་བ་ཨེ་བདེན། སྒྲུང་གཏམ་དེ་གནས་བབ་ཅི་འདྲ་ཞིག་གི་འོག་ཏུ་བྲིས་པ་དང་དེས་ཁྱོད་ཀྱིས་བསམ་བློ་ཅི་ལྟ་བུ་ཞིག་མཚོན་ཡོད།
སྟག་འབུམ་རྒྱལ། ངས་གཞུང་གཉེར་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་ཐོག་མ་དེ《མཚོ་སྐྱེས》མིན། དེ་ནི་གོང་དུ་བཤད་པའི་ཕ་ཡུལ་དྲན་མགུར་དེ་ཡིན། དེ་བཞིན་དུ་ང་རང་ཐོག་མར་རྩོམ་རིག་གི་ལམ་ལ་ཞུགས་དུས་ཀྱང་སྒྲུང་གཏམ་བྲིས་པ་མ་ཡིན་པར་སྙན་ངག་བྲིས་པ་ཡིན། ད་ལྟ་བསམ་ན་དེ་དུས་ང་ལ་སྙན་ངག་གི་ཚོར་བ་རྣོན་པོ་ཞིག་ཡོད་འདུག ལྷག་པར་ཏུ་ང་ནི་རྒྱ་གར་ཤར་བའི་ལུགས་བཞིན་ཁ་དམ་པའི་སྐོར་འབྲི་རྒྱུར་ཧ་ཅང་དགའ་བོ་ཡོད། དེས་ནི་ད་ལྟར་ཡང་ང་ལ་སྙན་ངག་འབྲི་བའི་ཚོར་བ་ཉམས་མེད་དུ་ཡོད་བསམ།
     ངའི་སྒྲུང་གཏམ་མང་ཤོས་ནི་སློབ་མཐར་ཕྱིན་རྗེས། མང་རྫོང་མགོ་མང་དུ་དགེ་རྒན་གྱི་བྱ་བ་གཉེར་དུ་སོང་བ་ནས་འགོ་བརྩམས་པ་ཡིན། དེ་དུས་ད་དུང་རྩོམ་གཤིས་ཤིག་ཆགས་མེད་པར་སློབ་སྦྱོང་གི་གོ་རིམ་ཞིག་ཏུ་ངོས་འཛིན་གྱིན་ཡོད། དེ་བས། 《མཚོ་སྐྱེས》ཀྱང་སློབ་སྦྱོང་གི་ལས་བྱ་ལྟ་བུ་ཞིག་ལས་བསམ་བློའི་འབྲས་བུ་རྡོག་རྡོག་ཅིག་བཤད་རྒྱུ་མི་འདུག
འབྲོང་ཕྲུག ཁྱོད་རང་སློབ་མཐར་ཕྱིན་ནས་ཐོག་མར་དགེ་རྒན་གྱི་བྱ་བ་གཉེར་བ་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་བར་དུ་བརྩམས་ཆོས་བྲིས་པ་དང༌། ནུབ་བྱང་འགྲིམ་རྗེས་ཀྱི་བརྩམས་ཆོས་དག་གི་བར་ན་ཁྱད་པར་ཅི་ཞིག་ཡོད། ཡང་ན། དེ་ནི་ཁྱོད་ཀྱི་རྩོམ་འབྲིའི་དཀྱོགས་མཚམས་ཤིག་ཡིན་ནམ།
སྟག་འབུམ་རྒྱལ། དེ་རྩོམ་འབྲིའི་དཀྱོག་མཚམས་ཤིག་ཡིན་རྒྱུ་རེད། ངས་དེ་ནི་སློབ་སྦྱོང་གི་གོ་རིམ་ཞིག་ནས་རྩོམ་གཤིས་ཆགས་པའི་བར་གྱི་གོ་རིམ་ཞིག་ཏུ་བསམ་གིན་ཡོད། དེའི་ཡར་སྔོན་དུ་བྲིས་པའི་བརྩམས་ཆོས་ནི《ཁོ་རང་ལན་པ་ཡིན་ནམ》ཞེས་པ《རབ་ཏུ་བྱུང་བ》ཞེས་པ་ལྟ་བུ་རེད། ངས་དེ་དག་སྐད་ཆ་ལྷུ་འགྲིག་མོ་ཞིག་དང་ཚིག་རྐང་སྙན་མོ་དག་དག་སྒྲིག་ནས་བྲིས་པ་ལས། བསམ་བློའི་བརྗོད་དོན་འདི་འདྲ་ཞིག་གི་སྒོ་ནས་བྲིས་པ་ཡིན་ཞེས་བཤད་ཁག་པོ་འདུག
     སྐབས་ཐོག་དེར། ཨ་ཁུ་འགྱུར་མེད་ཀྱིས་ང་ལ་སློབ་སྟོན་གང་མང་གནང་མྱོང༌། ཡིན་ནའང༌། ང་ལ་མཚོན་ན། ཁོའི་སློབ་སྟོན་དེ་དག་ལ་གོ་བ་ཆེན་པོ་ཞིག་ལོན་ཐུབ་ཀྱིན་མི་འདུག དེའི་སྟེང་ནས་སྐབས་ཐོག་དེར་རྩོམ་འབྲིའི་ཕྱོགས་ཀྱི་ཤེས་བྱ་ཧ་ཅང་དམན་པ་ཤེས་ཡོང༌། དེ་བས། ནུབ་བྱང་དུ་སོང་བ་དེ་ཡང་སློབ་སྦྱོང་གི་གོ་རིམ་ཞིག་ལས་མ་འདས། ཡིན་ནའང༌། དཀྱོགས་མཚམས་ཤིག་ཡིན་ན་ཐང༌།
འབྲོང་ཕྲུག དགེ་རྒན་བདུད་ལྷ་རྒྱལ་གྱིས་ཁྱོད་ཀྱིས་ཞིང་གྲོང་གི་འཚོ་བ་བྲིས་པའི་བརྩམས་སྒྲུང《སྡེ་དཔོན》ཞེས་པ་དེ་ནི་ཁྱོད་ཀྱི་རྩོམ་རིག་གསར་རྩོམ་གྱི་དཀྱོགས་མཚམས་ཤིག་ལ་ངོས་འཛིན་གྱིན་འདུག ཁྱོད་རང་གིས་བལྟས་ན། སྡེ་དཔོན་གྱི་སྔོན་དང་རྗེས་ཀྱི་བརྩམས་ཆོས་དག་ལ་ཁྱད་པར་ཅི་ཞིག་ཡོད་ཁུ། ཡང་ན། འབྲི་ཐབས་དང་བསྟན་དོན་ལ་སོགས་པའི་ཕྱོགས་ནས་འཕེལ་རྒྱས་བྱུང་ཡོད་པའི་སྣང་བ་འདྲ་ཨེ་ཡོད་ཁུ།
སྟག་འབུམ་རྒྱལ། 《སྡེ་དཔོན》ནི་བདུད་ལྷ་རྒྱལ་གྱིས་བཤད་པ་ནང་བཞིན་ངའི་རྩོམ་རིག་གསར་རྩོམ་གྱི་དཀྱོགས་མཚམས་ཤིག་ཡིན་ན་ཐང༌། ལྷག་པར་ཏུ་རྗེས་སུ་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་ནི་ང་རང་ཉིད་ཀྱང་ཆེས་དགའ་བོ་བྱེད་སའི་བརྩམས་ཆོས་དག་ཡིན།
     རྒྱུ་མཚན་ནི། བརྩམས་ཆོས་འདི་དག་དང་བརྩམས་ཆོས་སྔོན་མ་དག་གི་མི་འདྲ་ས་ནི། རྗེས་ཀྱི་སྒྲུང་གཏམ་དག་གིས་འཚོ་བ་ངོ་མ་ཞིག་རྨང་གཞི་བྱས་པ་ཡིན། དེའི་སྔོན་མ་དག་གོང་དུ་བཤད་པ་ནང་བཞིན་རྩོམ་ཐབས་ཤིག་ལ་སྙེག་པ་ལས་བརྗོད་དོན་དག་ལ་དེ་འདྲ་སྣང་དོགས་ཆེན་པོ་བྱས་མེད། དཔེར་ན། སྐབས་དེར་དར་རྒྱུགས་ཆེ་བའི་སྒྱུ་འཕྲུལ་རིང་ལུགས་ལྟ་བུ་རེད། དེ་ལྟ་བུའི་རྩོམ་ཐབས་ལ་ཤུགས་བསྣན་ནས་བྲིས་པའི་བརྩམས་ཆོས་དག་ལ་འཚོ་བའི་རྨང་གཞི་དེ་འདྲ་ཞན་རྒྱུ་རེད་བསམ།
     ངས་བསམ་ན། སྒྲུང་གཏམ་ལ་ལས་བསམ་བློ་གཙོ་བོར་འཛིན་པ་དང་སྒྲུང་གཏམ་ལ་ལས་སྐད་ཆའི་སྒྱུ་རྩལ་གཙོ་བོར་འཛིན་པ་རེད། ང་ལ་མཚོན་ན། དོན་དག་ཆེན་པོ་ཞིག་ལ་དགག་རྒྱུ་དེ་མ་ཡིན་པར། དོན་དག་ཆུང་ཆུང་ཞིག་ཀྱང་གླེང་རྒྱུ་དེ་རེད་བསམ་བཞིན་ཡོད། ཕུན་སུམ་ཚོགས་པའི་སྣ་མང་རྙོག་འཛིང་གི་འཚོ་བ་དེ་ནི་ད་གཟོད་སྒྲུང་གཏམ་གྱི་མཛེས་སྡུག་ཡིན། མཛེས་སྡུག་གཞན་ཞིག་ནི་སྣང་བརྙན་གསར་སྐྲུན་གྱི་སྒྱུ་རྩལ་དེ་རེད། དེ་ན། ཁྱོད་ཚོས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ལ་གོ་བ་ཅི་ལྟར་ལེན་རྒྱུ་རེད།
བློ་བཟང་ཆོས་དར། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གླེང་ན། ཁོས་གཏམ་རྒྱུད་ཀྱི་མཇུག་འབྲས་ཀྱང་ཐག་གིས་བཅད་འགྲོ་བ་རེད། ངས་བསམ་ན། དེ་ནི་སྒྲུང་གཏམ་གྱི་འཛེམ་བྱ་རེད། གཏམ་རྒྱུད་ཀྱི་མཇུག་འབྲས་ནི་ཀློག་པ་པོས་ཐག་གིས་བཅད་ན་འགྲིག་གི་བསམ། དགེ་རྒན་གྱི་སྒྲུང་གཏམ་ལ་འདིའི་ཕྱོགས་ནས་བཤད་ན། སྒྲུང་གཏམ་དེ་བཀླགས་ནས་མ་ཚར་ན་མ་གཏོགས་ནང་དོན་ཧྲིལ་བོར་གོ་བ་མི་ལོན་གི
ངས་དགེ་རྒན་ཐོག་མར་ངོ་ཤེས་དུས། རྫོང་གི་མགྲོན་ཁང་ཞིག་གི་ནང་ཡིན། དེ་དུས་ཨ་ཁུ་ལྡོང་ཕྲུག་ཁྱོད་གཉིས་ཀྱིས་སྒྲུང་གཏམ་གླེང་བའི་ཁ་བརྡར་ཉན་ནས་འདུག་རྒྱུ་ལས་ངས་ཅི་ཡང་མ་གོ ཡིན་ནའང༌། དེའི་རྗེས་སུ། བདག་གིས་ཁྱོད་ཀྱི་སྒྲུང་གཏམ་ལ་ཡིད་འཇོག་བྱས་པ་མ་ཟད། སྒྲུང་གཏམ་མང་པོ་ཞིག་བཀླགས་མྱོང༌། ལྷག་པར་ཏུ་ཁྱོད་ཀྱིས་སྒྲུང་གཏམ་རིང་མོ་ཞིག་མཛོ་མོས་བཟས་སོང་ཟེར་བའི་སྐད་ཆ་དེ་གོ་རྗེས་ཕངས་སེམས་ཆེན་པོ་སྐྱེས་མྱོང༌། སྐབས་དེར། ཁྱོད་ལ་ཚོར་བ་ཅི་ལྟ་བུ་ཞིག་འདུག
སྟག་འབུམ་རྒྱལ། དེ་མཛོ་མོ་མ་རེད། བ་མོ་ཞིག་རེད། དེ་དུས་སུམ་མདོ་ནས་ཕག་མ་ཞིག་གིས་ཀྱང་བཟས་མྱོང༌། ཚོར་བ་དེ་བཤད་མི་ཤེས་པ་ཞིག་རེད། དོང་ནང་ལ་ལྷུང་སོང་བ་ལྟ་བུ་ཞིག་རེད། གཞན་ཞིག་གིས་བལྟས་ན། དེ་ནི་བསྐྱར་དུ་བྲིས་ཆོག་པ་ཞིག་ཡིན་ཡང་སྲིད་མོད། ང་ལ་མཚོན་ན། སྐབས་ཐོག་དེའི་ཚོར་བ་རྗེས་སུ་ཕྱིར་རྙེད་པ་ཞིག་མ་རེད།
དོན་གྲུབ་རྒྱལ་ལྟ་བུར་མཚོན་ན། ང་ཚོས་ཁོའི་སྒྲུང་གཏམ་ཡོད་ཚད་ལ་བལྟས་ནས་ཚར་རྗེས་མ་གཏོགས་ཁོའི་བརྩམས་ཆོས་ལ་སྐད་ཆ་བཤད་རྒྱུའི་དབང་ཆ་མི་འདུག་བསམ།
བར་བཅུག འབྲུག་ལྗང༌།
     རྩོམ་རིག་བརྩམས་ཆོས་ཀྱི་ངོས་ནས་བཤད་ན། དུས་རབས་རེ་རེའི་རྩོམ་པ་པོ་རེ་རེར་ཁོ་ཚོ་རང་རང་གི་དུས་རབས་ཀྱི་ཆ་ནས་ཁྱད་ཆོས་རེ་རེ་ཡོད་པ་རེད། དཔེར་ན། དོན་གྲུབ་རྒྱལ་ལྟ་བུར་མཚོན་ན། ཁོའི་སྐབས་དེའི་སྤྱི་ཚོགས་དང་ད་བར་གྱི་སྟག་འབུམ་རྒྱལ་གྱི་དུས་སྐབས་འདིའི་སྤྱི་ཚོགས་གཉིས་ཀ་ངོ་བོའི་ཆ་ནས་གཅིག་འདྲམིན་པ་རེད། དེ་བས། ཁོ་གཉིས་ཀྱི་བརྩམས་ཆོས་ལ་རང་རང་གི་ཁྱད་ཆོས་ཤིག་ཡོད་པ་སྟེ། མདོར་དེད་ན་ཁོ་ཚོའི་དུས་རབས་ཀྱི་ཁྱད་ཆོས་རེ་ཡོད་པ་རེད།
འབྲོང་ཕྲུག དགེ་རྒན་སྟག་འབུམ་རྒྱལ་ལ་མཚོན་ན། དགའ་ཕྱོགས་སྣ་མང་ཞིག་ཡིན་པ་མ་ཟད། དགའ་ཕྱོགས་ཀྱི་ཆེད་ལ་ཧུར་བརྩོན་བྱེད་པའི་མི་ཞིག་རེད། དེའི་ཕྱོགས་ནས་དགེ་རྒན་གནམ་བྱམས་རྒྱལ་ལ་མཚོན་ན་ཁྱོད་ཀྱིས་སློབ་མ་རེད། ཁོས་དེའི་ཕྱོགས་ནས་མྱོང་བ་རེ་བཤད་ན་ཅི་འདྲ་རེད།
གནམ་བྱམས་རྒྱལ། འདི་ཕྱོགས་ནས་ང་ལ་བཤད་རྒྱུ་ཅུང་ཡོད། རྒྱུ་མཚན་ཡིན་ན། དགེ་རྒན་སྟག་འབུམ་རྒྱལ་ལ་མཚོན་ན་སློབ་མར་འདང་རྩིས་ཆེ་བའི་དགེ་རྒན་ཞིག་རེད། དེ་ཁོར་ཡུལ་ནས་བསྐུར་ཡོང་བའི་དགུན་ཤ་ཡང་ང་ཚོ་སློབ་མ་ཚོ་དང་མཉམ་ཟ་མཉམ་འཐུང་བྱས་པ་དེས་མཚོན་ཐུབ།
     སྐབས་ཐོག་དེར། དགེ་རྒན་སྟག་འབུམ་རྒྱལ་སོ་མར་སློབ་མཐར་ཕྱིན་ནས་ཡོང་བ་ཡིན་ལ། དགའ་ཕྱོགས་གཙོ་བོ་སྙན་ངག་འབྲི་རྒྱུ་དེ་ཡིན་པ་མ་ཟད། རྒྱུན་པར་མེ་ཏོག་ར་བའི་རྩིག་པ་དམའ་མོའི་སྟེང་དུ་ཙོག་ནས་བསམ་གཞིགས་བྱེད་པ་དང༌། སྐབས་ཐོག་ཏུ་རྙེད་པའི་ཚོར་བ་དུད་ཤོག་ཅིག་གི་སྟེང་དུ་དེ་མུར་འབྲི་བ་རྒྱུན་པར་མཐོང་ཐུབ། དེ་མ་ཟད། ང་ཚོ་སློབ་མ་དག་དང་མཉམ་དུ་ལྒང་ལི་རྩེད་རྒྱུར་དགའ་བོ་ཡོད། ལྒང་མ་རྩེད་གོང་ལ་ཆུ་ལྕགས་ཟོ་གང་ཁྱེར་ཡོང་ནས་རྩེད་ཐང་ཆུ་གཏོར་ནས་བཅག་བཅག་བྱེད་པ་དང༌། དེ་ནས་ས་རྡུལ་མེད་པའི་རྩེད་ཐང་དུ་ལྒང་ལི་རྩེད་རྒྱུར་དགའ་བོ་ཡོད། དེའི་སྟེང་ནས་ཁོ་མི་ཚགས་ཡངས་ཤིག་ཡིན་པ་ཡང་ཤེས་ཐུབ། དྲང་མོར་བཤད་ན། སྒྲུང་གཏམ་འབྲི་རྒྱུ་དེ་ནི་མི་ཚགས་ཡངས་ཤིག་གི་ལས་ཀ་ཡིན་ཞེས་མི་ཚང་མས་བཤད་ཀྱིན་ཡོད་པ་དེ་རེད།
མཇུག་སྡོམ། འབྲོང་ཕྲུག
     རེད། དགེ་རྒན་ཁོ་དགའ་ཕྱོགས་སྣ་མང་ཅན་ཞིག་ཡིན་པར་མ་ཟད། དགའ་ཕྱོགས་ཀྱི་ཆེད་དུ་ཧུར་བརྩོན་བྱེད་མཁན་ཞིག་ཀྱང་རེད། དེ་ནི་ཁོའི་ལྒང་རྩེད་དང་མདའ་རྩེད་ཀྱི་དགའ་ཕྱོགས་དང་གྲུབ་འབྲས་ལས་བདེན་དཔང་བྱས་ཆོག་ཆོག་རེད། ང་ཚོ་སུ་ཡིན་རུང་དགའ་ཕྱོགས་ཀྱི་ཆེད་དུ་ཧུར་བརྩོན་བྱེད་མཁན་ཉུང་ཉུང་རེད། དེ་བས། དགེ་རྒན་གྱིས་བླངས་པའི་གྲུབ་འབྲས་འདི་དང་འདི་ལྟ་བུ་ང་ཚོས་གླེང་རྒྱུ་ལས་ལེན་མ་ཐུབ་ནི་རེད། ལྷག་པར་ཏུ། ད་ལོར་མཚོན་ན་དགེ་རྒན་གྱི་ལོ་ཞིག་རེད་ཅེས་བཤད་ན་མི་ཆོག་རྒྱུ་མེད་ཁུ། རྒྱུ་མཚན་ཡིན་ན། ད་ལོ་ཁྱོད་ཀྱི་བརྩམས་ཆོས་གསུམ་དཔེ་སྐྲུན་བྱས་དང་བྱེད་མུས་སུ་ཡོད་པ་མ་ཟད། ཆེ་མ་ཆུང་གསུམ་གྱི་བྱ་དགའ་ཡང་མང་པོ་བླངས་ཐལ། འདིའི་སྟེང་ནས་ཁྱོད་རང་ལ་མཚོན་ན་གྲུབ་འབྲས་ཀྱི་ལོ་ཞིག་རེད་ཅེས་བཤད་ན་མི་ཆོག་རྒྱུ་མི་འདུག
     གོང་ནས་ཡིན་ན། ང་ཚོས་དགེ་རྒན་སྟག་འབུམ་རྒྱལ་གྱི་འཚོ་བའི་ཁྲོད་ཀྱི་ཆ་ཤས་ཙམ་མམ་རྩོམ་རིག་གི་ལམ་བུར་རྒྱུས་ལོན་ཅུང་ཙམ་བྱས་ཐལ། ཡིན་ནའང༌། དུས་ཡུན་ཧ་ཅང་ཐུང་བའི་དུས་ཚོད་འདི་ལྟ་བུ་ཞིག་གི་ནང་ལ་ང་ཚོར་ཁྱོད་ཀྱི་མི་ལོ་མང་པོའི་རྩོམ་རིག་དང་འཚོ་བའི་བརྒྱུད་རིམ་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེས་ཐུབ་པ་མ་རེད། གལ་ཆེ་བོ་ནི། ང་ཚོས་མ་འོངས་པའི་གཞུང་ལས་དང་འཚོ་བ། སློབ་སྦྱོང་གི་གོ་རིམ་ཁྲོད་ནས་མུ་མཐུད་དུ་དགེ་རྒན་ཁོང་གི་རྩོམ་རིག་ལམ་བུར་རྒྱུས་ལོན་གཏིང་ཟབ་པ་ཞིག་བྱ་རྒྱུདང༌། དེ་དང་ལྷན་ཅིག ཐེངས་རྗེས་མའི་གཟའ་ཉི་མའི་ཁ་བརྡའི་ཁྲོད་དུ་མུ་མཐུད་དུ་ང་ཚོས་རང་ཉིད་ཀྱིས་དགེ་རྒན་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་གང་རུང་ཞིག་བཀླགས་པའི་མྱོང་ཚོར་ཁྱེར་ཡོང་རྒྱུ་ནི་ཧ་ཅང་གལ་ཆེ་བོ་ཞིག་བསམ།
ཟུར་ཞུ།
     གོང་གི་བཅར་འདྲི་འདི་ནི་སྒྲ་སྙུག་གི་ནང་དོན་ལྟར་ཡི་གེར་ཕབ་པ་ཡིན་མོད། སྒྲ་ཕབ་པ་ཅུང་མི་གསལ་བ་དང་བགྲོ་གླེང་གི་ནང་དོན་ཅུང་མང་པ་བཅས་ཀྱི་དབང་གིས་ཉུང་འཕྲི་བྱས་ཡོད་པ་དང༌། གོ་ནོར་དང་སྒྲ་ལོག་གི་ཚིག་རེ་འགའ་རེ་ཡོད་ཚེ་རྩོམ་པ་པོ་ཁོང་ལ་དགོངས་འགལ་མེད་པར་ཞུ། སྒྲ་ཧྲིལ་བོའི་ནང་དོན་དག་སྒྲིུག་བྱས་རྗེས་དྲ་ངོས་སུ་འཇོག་རྩིས་ཡོད།


འབྲེལ་ཡོད་འོས་སྦྱོར།