logo

བོད་ཁུལ་གྱི་སྐོར་ཐེངས་གསར་བའི་འཕེལ་རྒྱས་ཁྲོད་གོ་སྐབས་བརྩོན་ལེན་བྱེད་དགོས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-12-11 ཀློག་གྲངས།:

བོད་ཁུལ་གྱི་སྐོར་ཐེངས་གསར་བའི་འཕེལ་རྒྱས་ཁྲོད་གོ་སྐབས་བརྩོན་ལེན་བྱེད་དགོས།
              ——ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ལ་བཅར་འདྲི་བྱས་པ།

     ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་གསུངས་རྒྱུར། “རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་འགོ་ཁྲིད་པ་དགོས་ལ། རླབས་ཆེ་བའི་འགོ་ཁྲིད་པས་མང་ཚོགས་ཀྱི་གཅིག་བསྡུས་སྟོབས་ཤུགས་ལ་བརྟེན་ནས་རླབས་ཆེན་གྱི་བསམ་བློ་བསྐྲུན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་པ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་ཤེས་རིག་གི་ཉིང་བཅུད་ཡིན། ”
     ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་གྲུབ་འབྲས་ནི་ཁྱོན་ཡོངས་རང་བཞིན་དང་གསར་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་པས། དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་ཡོད།
     ཀྲང་ཝུན་ཁུའེ་ཡིས་གསུངས་རྒྱུར། ལོ་ལྔ་ཡི་རིང་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཙུགས་ནས། དཔལ་འབྱོར་སྤྱི་ཚོགས་རྗེས་མཐུད་འཕེལ་རྒྱས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱས། ལོ་ངོ་ལྔ་ཡི་འཕེལ་རྒྱས་བརྒྱུད་རིམ་གྱིས་ང་ཚོས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཞི་རྩར་འཛིན་པ་དང་བསྒྱུར་བ་བཞིའི་བྱེད་ཐབས་སྤྱད་དེ། གཙང་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་རྒྱ་ཆེར་སྤེལ་བ་དང་། ལྷད་མེད་ཐོན་ལས་གསོ་སྐྱོང་བྱེད་པ། རྣམ་པ་གསར་བའི་ཐོན་ལས་སྤེལ་བ་བཅས་ལས། བོད་ཁུལ་གྱི་སྐོར་ཐེངས་གསར་བའི་འཕེལ་རྒྱས་ཁྲོད་དུ་སྔོན་སྐྱོད་ཀྱི་གོ་སྐབས་གསར་བ་བརྩོན་ལེན་བྱེད་པར་གོ་བ་སྔར་ལས་གཏིང་ཟབ་ལེན་ཐུབ་སོང་ཟེར།
     ཀྲང་ཝུན་ཁུའེ་ཡིས་གསུངས་རྒྱུར། “2012ལོར། ང་རང་མཚོ་ལྷོ་རུ་རྩད་ཞིབ་བྱེད་དུས་ཐུན་ཏེ་རྫོང་གི་འབྲོག་སྡེ་ཞིག་གི་སྡེ་བའི་ཏང་ཀྲི་པུའུ་ཚང་ལ་སོང་། དུས་དེར། ཁོ་ཚང་ལ་ཅང་སུའུ་ཁ་གཏད་རོགས་སྐྱོར་གྱིས་གནང་སྦྱིན་བྱས་པའི་ཉི་ནུས་གློག་སྒྲོན་དེ་མ་རྩིས་ན། ཁྱིམ་གྱི་རྒྱུ་ནོར་ཚང་མ་བསྣན་ན་རིན་གོང་སྒོར3600ལས་མི་འདུག  ན་ནིང་ང་ཡང་བསྐྱར་ཀྲི་པུའུ་ཧྲུའུ་ཅི་ཁོ་དང་འཕྲད་བྱུང་། ད་ལྟ་ཁོ་ཚང་སྡོད་ཁང་གསར་པའི་ནང་བསྡད་ཡོད་པར་མ་ཟད། ཁྱིམ་སྤྱོད་གློག་ཆས་ཀྱང་མང་པོ་ཞིག་བསྒྲིགས་འདུག”
     ཀྲང་ཝུན་ཁུའེ་ཡིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་དང་བླང་བྱ་གསར་བ་ལྟར། མཚོ་ལྷོ་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ང་ཚོས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་མུ་མཐུད་དུ་ཤུགས་ཆེན་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་སྐོར་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་དེང་རབས་སྐྱེ་ཁམས་འཁོར་སྐྱོད་ཞིང་ཕྱུགས་ལས། ལྷོ་ཕྱོགས་མཐོ་སྒང་འཁྱག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་བཅས་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་རྒྱུད་ཆེན་པོ་གསུམ་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཁུལ་ཆེན་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། གཙང་སེལ་ནུས་ཁུངས་ཐོན་ལས་གསར་བ་མགྱོགས་མྱུར་སྒོས་སྤེལ་ནས། འཕྲིན་སྦྲེལ་དྲ་བ+ཤེས་རིག་ནུས་ཁུངས་ལས་གཞི་ལག་བསྟར་བྱེད་པ་དང་། གློག་སྒྱུར་དྲ་སྦྲེལ་རྟེན་གཞི་དང་གློག་འདྲེན་སྐུད་ལམ་ཕྱིར་སྐྱེལ་ལས་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། ནུབ་བྱང་ས་ཁུལ་གྱི་ནུབ་གློག་ཤར་སྐྱེལ་རྟེན་གཞི་གལ་ཆེན་བསྐྲུན་རྒྱུ་ཡིན། རིག་གནས་ཡུལ་སྐོར་དང་ཞབས་ཞུ་ལས་རིགས་མགྱོགས་པོར་སྤེལ་ནས། མཚོ་སྔོན་པོ—ཚལ་རྔ་འགག—ཁྲི་ཀ་བཅས་གནས་གསུམ་ལམ་ཐིག་གཅིག་ཅན་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲས་བཞེངས་བསྐྲུན་བྱེད་པ་དང་། གྲངས་མཛོད་ཆེན་མོ་སོགས་ཐོན་ལས་གསར་བ་མགྱོགས་པོར་སྤེལ་ནས། ཧྲིན་ཀྲིན་ཧྭ་ཝེ་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གནས་གསར་བ་ཆགས་སུ་འཇུག་རྒྱུ་ཡིན། མཁར་གྲོང་ཅན་གྱི་འཕེལ་རིམ་མགྱོགས་པོར་སྐུལ་བ་བརྒྱུད། གུང་ཧོ་དང་ཁྲི་ཀ་གཉིས་གྲོང་ཁྱེར་དུ་བསྒྱུར་བའི་གོ་སྐབས་དང་བསྟུན་ནས། གུང་ཧོ་རྫོང་དེ་མཚོ་བོད་ལམ་ཐིག་སྟེང་གི་དཔལ་འབྱོར་ཐད་ཀྱི་མཁར་གྲོང་གཙོ་གྲས་དང་རིག་གནས་ཡུལ་སྐོར་ཐད་ཀྱི་མཁར་གྲོང་མིང་གྲགས་ཅན་དུ་གཏོང་བ་དང་། ཁྲི་ཀ་དེ་མཁར་ཞང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྲོད་ཀྱི་སྔོན་སྐྱོད་ཁུལ་དུ་བསྐྲུན་རྒྱུ་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན།
      གཞོན་ནུ་དར་ན་རྒྱལ་ཁབ་དར་ཞིང་། གཞོན་ནུ་སྟོབས་ལྡན་ན་རྒྱལ་ཁབ་ལ་སྟོབས་ལྡན། གཞོན་ནུའི་མི་རབས་དག་ལ་ཕུགས་འདུན་ལྡན་ཞིང་འཇོན་ཐང་དར་བ། འཁུར་སེམས་ལྡན་ན་རྒྱལ་ཁབ་ལ་མདུན་ལམ་ཡངས་ཤིང་མི་རིགས་ལ་རེ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུངས་དེ་ངའི་སེམས་གཏིང་ལ་ཕོག་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཏན་འབེབབས་བྱས་ཐོག   སློབ་གསོ་ལ་བརྟེན་ནས་མི་རབས་བརྒྱུད་སྤྲོད་ཀྱི་དབུལ་ཕོངས་རྣམ་པ་གཏན་འགོག་བྱས་ཏེ། དུས་རབས་གསར་བའི་བོད་རིགས་གཞོན་ནུ་དག་གིས་ཀྲུང་ཧྭ་མི་དམངས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཁྲོད་ཕུགས་འདུན་དོན་གཉེར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་སོ།།


འབྲེལ་ཡོད་འོས་སྦྱོར།