logo

སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་བརྩེ་བ་རྣལ་མ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-24 ཀློག་གྲངས།:

སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་བརྩེ་བ་རྣལ་མ།   

----ཧི་ནན་རྫོང་རྩྭ་ཐང་བྱ་བའི་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་མཁའ་འགྲོ་ཚེ་རིང་ལ་བཅར་འདྲི་བྱས་པ།


ཧི་ནན་རྫོང་རྩྭ་ཐང་བྱ་བའི་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་མཁའ་འགྲོ་ཚེ་རིང་།

  དེ་ཡང་སྟོན་ཟླ་བརྒྱད་པའི་གནའ་མཁར་ཟི་ལིང་ནི་ནམ་ཟླ་ཆེས་ལེགས་པའི་དུས་ཚིགས་ཤིག་ཡིན་ལ།ཞོགས་པའི་ཉི་ཟེར་གྲོང་ཁྱེར་གྱི་ཡུལ་ལྗོངས་ཀུན་ལ་འཕྲོས་པ་དང་ལྷན།ང་ཚོ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་གནའ་མཁར་ཟི་ལིང་དང་སྤྱི་ལེ་སུམ་བརྒྱའི་ཆོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཧི་ནན་རྫོང་དུ་ཆས་པ་ཡིན།ཧི་ནན་རྫོང་ནི་རྨ་ལྷོ་ཁུལ་གྱི་བྱང་ཕྱོགས་སུ་ཆགས་ཡོད་ལ།རྫོང་འདི་ནི་ཕྱུགས་ལས་ཁོ་ན་བརྟེན་པའི་རྫོང་ཞིག་ཡིན་པར་མ་ཟད།གནས་འདིའི་རང་བྱུང་ལྷུན་ཆགས་ཀྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། གནའ་མཁར་ཟི་ལིང་ནས་དུས་ཚོད་བཞི་ལ་བསྐྱོད་རྗེས་སུ་ང་ཚོ་གཞི་ནས་ཧི་ནན་རྫོང་དུ་ཐོན་བྱུང་། ང་ཚོ་ཧི་ནན་རྫོང་དུ་ཐོན་མ་ཐག མི་རྣམས་ཀྱི་ངག་ལས་ཐོས་པ་ནི་གནས་འདིའི་རྩྭ་ཐང་བྱ་བའི་ས་ཚིགས་ན་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕུལ་བྱུང་མི་སྣ་ཞིག་འདུག་པ་དེ་ཡིན་ལ། ཁོ་ནི་སྟོང་སྐོར་ཕྱུགས་ལས་སློབ་གྲྭའི་རྩྭ་ཐང་བདག་གཉེར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་ཅིང་ད་ལྟ་ཧི་ནན་རྫོང་རྩྭ་ཐང་བྱ་བའི་ས་ཚིགས་ན་འགོ་གཙོ་གཞོན་པའི་འགན་ཁུར་བཞིན་པའི་བློ་མཐུན་མཁའ་འགྲོ་ཚེ་རིང་རེད། 
  དེ་བས། ང་ཚོ་གསར་འགོད་པ་དག་ཁོའི་གཞུང་ལས་ཁང་དུ་ཕྱིན་ནས་ལོ་འདི་གའི་རིང་ལ་ཧི་ནན་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་གྲུབ་འབྲས་ཇི་ལྟར་བླངས་པར་བཅར་འདྲི་བྱེད་དུས་སུ་མཁའ་འགྲོ་ཚེ་རིང་གིས་བཤད་དོན།ཁོ་རང1998སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན་ལ།ཆེད་ལས་གཙོ་བོ་ནི་རྩྭ་ཐང་སྲུང་སྐྱོབ་དོ་དམ་འཆར་འགོད་ཡིན། སློབ་མཐར་ཕྱིན་མ་ཐག་ཧི་ནན་རྫོང་རྩྭ་ཐང་བྱ་བའི་ས་ཚིགས་སུ་ལས་བགོས་བྱས་ལ།དེ་ནི་ང་རང་གིས་ཡུན་རིང་རེ་བའི་རྨི་ལམ་ཞིག་མངོན་འགྱུར་བྱས་པ་ཡང་ཡིན།རྒྱུ་མཚན་ནི།ང་རང་ཆུང་དུས་ནས་རྩྭ་ཐང་ནས་འཚར་ལོངས་བྱུང་བས་རང་བྱུང་ལྷུན་ཆགས་ཀྱི་མཛེས་ལྗོངས་འདི་ལ་དགའ་བོ་ཡོད་ལ།ལྷག་ཏུ།རང་ཉིད་ནར་སོན་སའི་ཧི་ནན་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ང་ལ་ལས་ཀའི་ཕྱོགས་ནས་མཐུན་རྐྱེན་ལེགས་པོ་ཞིག་རང་བཞིན་གྱིས་གྲུབ་པ་རེད།  ང་རང་བྱ་བར་ཞུགས་མ་ཐགལས་ཁུངས་འདིའི་ནང་དུ་ལས་བྱེད་མི་སྣ་23ཡོད་ལ།དེ་ལས་རྩྭ་ཐང་ཆེད་ལས་ཀྱི་མི་སྣ་5ཡོད།སྐབས་དེ་དུས་སུ།ལས་ཁུངས་ཀྱི་བྱ་བ་གཙོ་བོ་ནི་ཆ་ཚང་བཞི་འཛུགས་སྐྲུན་བྱེད་པ་སྟེ།ཕྱུགས་ཀྱི་དྲོད་ཁང་དང་། ལྕགས་ར།འཐུང་ཆུ།གཏན་སྡོད་ཁང་བ་བཟོ་བསྐྲུན་བྱེད་པ་སོགས་ཀྱི་ལས་ཀ་ཡིན་ལ།  ལྷག་ཏུ།ཧི་ནན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པའི་ཆ་ནས། ཨ་བྲའི་གནོད་པ་དང་འབུ་ཐུལ་མའི་གནོད་པ། བྱི་ལོང་གི་གནོད་པ་བཅས་སྔོན་འགོག་བྱེད་རྒྱུ་ནི་བྱ་བའི་གཙོ་གནད་དུ་བཟུང་འདུག   སྐབས་ཐོག་དེར།རང་གི་སེམས་ངོས་ནས་ཁ་གཏད་དུ་གནས་པའི་གནད་དོན་དེ་དག་མྱུར་བར་ཐག་གཅོད་འདོད་ཀྱི་རེ་འདུན་ཆེན་པོ་ཞིག་འདུག་ན་ཡང་།ང་རང་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་ཡིན་པའི་གཞུང་ལུགས་མ་གཏོགས་ལག་ལེན་གྱི་ཁྲོད་ན་ཉམས་མྱོང་ཅི་ཡང་མེད་པས།གོང་གི་གནོད་འཚེ་དེ་དག་ཟློག་བྱེད་དུ་ལག་ཐབས་མྱུར་མོ་ཞིག་ཅིས་ཀྱང་འཐེན་རྒྱུ་མ་བྱུང་། ཡིན་ན་ཡང་། ཕྱུགས་ལས་རྐྱང་རྐྱང་ཡིན་ཅིང་རྩྭ་ཐང་ཁོ་ན་ཡིན་པའི་རྫོང་འདི་ལ་ཨ་བྲ་དང་། བྱི་ལོང་།འབུ་ཐུལ་བ་སོགས་རང་བྱུང་གི་གནོད་འཚེ་གང་རུང་ཐེབས་ཀྱིན་པ་དེ་ཐག་གཅོད་བྱེད་རྒྱུ་ནི་ངས་རང་ཉིད་ཀྱི་གཡོལ་མེད་ཀྱི་འགན་འཁྲི་ཞིག་ཏུ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་བྱ་བའི་བརྒྱུད་རིམ་རེ་རེ་ནས་ཉམས་མྱོང་བླངས་ཤིང་ཟིན་ཐོ་བྲིས་པ་ཡིན་ལ། ལོ་ངོ་མང་པོ་ཞིག་གི་བྱ་བའི་ཉམས་མྱོང་བརྒྱུད།ད་གཟོད་ང་ལ་གོང་གི་གནོད་ཚེ་དེ་དག་ཟློག་ཐབས་བྱེད་པའི་ཐབས་ལམ་གསར་བ་ཞིག་སྐྱེས།དེ་ནི་མི་མང་པོ་ཞིག་གིས་རྩྭ་ཐང་ལ་གནོད་པ་ཆེས་ཆེ་བའི་ཨ་བྲ་དང་།བྱི་ལོང་།འབུ་ཐུལ་བ།ལྡུམ་རྩྭ་སོགས་མེད་པར་བཟོ་བར་དུག་རིགས་སྣ་ཚོགས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ།དེ་ལྟར་བྱས་ན་རྩྭ་ཐང་མགྱོགས་མྱུར་ངང་སླར་གསོ་བྱེད་ཐུབ་བསམ་གྱིན་ཡོད་མོད།ཡིན་ན་ཡང་།དེ་ནི་ཆེས་ལེགས་པའི་ཐབས་ལམ་ཞིག་མ་ཡིན་སྟེ་དེས་ནི་ཡུན་རིང་བོར་གནོད་འཚེ་དེ་དག་འགོག་སྲུང་བྱེད་མི་ཐུབ་པ་དེ་རེད།རྒྱུ་མཚན་ནི།རྩྭ་ཐང་ངན་རུལ་དུ་འགྲོ་བ་དེ་རྩ་བའི་སྟེང་ནས་རྒྱུ་རྐྱེན་གཉིས་འདུག་པ་སྟེ།གཅིག་ནི་གནམ་གཤིས་དང་རང་བྱུང་གི་གནོད་པ་སྟེ། དཔེར་ན།ཆར་ཆུའི་འབབ་ཚད་ཉུང་བ་སོགས་རེད།གཉིས་ནས་མིའི་གནོད་པ་ཡིན་ཏེ། མིའི་གནོད་པ་དེ་ཇི་ལྟར་བྱུང་བ་རེད་ཅེ་ན།མི་གྲངས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་ཕྱུགས་ཟོག་ཇེ་མང་དུ་ཕྱིན་པས།རྩྭ་ཐང་གི་ཤོང་ཚད་ལས་ཕྱུགས་ཟོག་བརྒལ་བས།རྩྭ་ཡི་སྐྱེ་ཚད་ཇེ་དམའ་རུ་ཕྱིན་པ་དང་བསྟུན་ནས།ཨ་བྲ་དང་།འབུ་ཐུལ་བ།བྱི་ལོང་སོགས་ལ་འཚམས་པའི་ཁོར་ཡུག་ཅིག་རང་འགུལ་གྱིས་བསྐྲུན་པ་རེད།རྒྱུ་མཚན་ནི།རྩྭ་ཡི་སྐྱེ་ཚད་མཐོ་ན་ཨ་བྲས་རང་གི་དགྲ་བོ་ཁྲ་སོགས་མཐོང་མི་ཐུབ་པས་གནས་སྤར་འགྲོ་བ་དང་།རྩྭ་ཐང་གི་བརླན་ཚད་ཇེ་ཆེར་སོང་ན་ཨ་བྲ་ལ་གློ་ནད་སོགས་ཕོག་སླ་བས་ཡང་རང་འགུལ་ངང་གནས་སྤར་འགྲོ་བ་རེད།དེ་ཡང་བྱི་ལོང་ལ་མཚོན་ཡང་རྩྭ་ལྡུམ་གྱི་རྩད་པ་ཟ་བས་རྩྭ་ཡི་སྐྱེ་ཚད་མ་བཟང་ན་ཁོ་ལ་ཁ་ཟས་ཡོད་པས་ཁོ་ཡི་གསོན་ཚད་ཇེ་མང་དུ་འགྲོ་བ་ཡིན་ལ།དེ་བཞིན་དུ་དུག་རྩྭའི་རིགས་ཀྱང་ཇེ་མང་དུ་འགྲོ་བ་རེད།  དེ་བས་ན། གོང་གི་གནོད་འཚེ་འདི་གཉིས་བསྒྱུར་བཅོས་བྱས་ཏེ་རྨ་ལྷོ་རྫོང་ལ་ཆེས་མཛེས་སྡུག་གི་རྩྭ་ཐང་ཞིག་གཏན་དུ་གནས་རྒྱུ་ནི་ཁོ་བོའི་རེ་བ་ཉག་ཅིག་ཀྱང་ཡིན་ཟེར།

/files/Content/32-444632-clip_image002.jpg
མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པ།

  མ་འོངས་པར་ཧི་ནན་རྩྭ་ཐང་གི་སྐྱེ་ཁམས་ཇི་ལྟར་སྲུང་སྐྱོབ་བྱེད་པའི་ཐད་ནས་ང་ཚོའི་མཁའ་འགྲོ་ཚེ་རིང་ལ་བཅར་འདྲི་བྱེད་དུས་སུ་ཁོས་བཤད་དོན།གཅིག་ནས་རང་བྱུང་གི་གནོད་པ་ལ་སྔོན་འགོག་དང་། གཉིས་ནས་རྩྭ་ཕྱུགས་དོ་མཉམ་བྱེད་རྒྱུ་དེ་གཙོ་བོ་ཡིན་ལ།གོང་རིམ་ནས་མ་དངུལ་མང་པོ་ཞིག་བརྩོན་ལེན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་མ་ཟད། ལྷག་ཏུ། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་དེ་ཡིན་ལ།ཧི་ནན་རྫོང་ནི་ཞིང་ཆེན་ཡོངས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་སྟེར་བའི་ལམ་ལུགས་ལག་བསྟར་བྱས་པའི་རྫོང་ཐོག་མ་ཡིན་པའི་ཆ་ནས།ཁ་གསབ་རིགས་གཉིས་ཏེ་ཕྱུགས་འཚོ་མཚམས་འཇོག་པའི་ཁ་གསབ་དང་།ཕྱུགས་རྩྭ་དོ་མཉམ་གྱི་ཁ་གསབ་བྱ་དགའ་ལག་བསྟར་བྱས་ཏེ།ཧི་ནན་རྫོང་ནི་རང་བྱུང་ཕྱུགས་ལས་རྟེན་གཞིའི་ཁ་ཕྱོགས་སུ་བསྒྱུར་ཏེ་ལོ་ཐུང་ངུའི་ནང་ལ་སྐྱེ་ཁམས་སླར་གསོ་བྱེད་རྩིས་ཡོད་ལ།ད་དུང་ཧི་ནན་རྫོང་གི་རྩི་ཤིང་དེབ་ཐེར་གྱི་དཔེ་དེབ་ཞིག་དཔར་བསྐྲུན་བྱས་ནས་རྩི་ཤིང་སྣ་ཚོགས་སྲུང་སྐྱོབ་བྱས་ཏེ་ཕྱི་རབས་པར་ཕན་པའི་ལས་ཀ་ཡག་པོ་ཞིག་ཀྱང་བསྒྲུབ་རྩིས་ཡོད་ཟེར།
  དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ང་ཚོས་བཅར་འདྲི་བྱས་པ་བརྒྱུད།བློ་མཐུན་མཁའ་འགྲོ་ཚེ་རིང་གིས་བརྗོད་པའི་བཅར་འདྲི་ཁོ་ན་ཙམ་མ་ཡིན་པར་སྐྱེ་ཁམས་ཁོར་ཡུག་ཇི་ལྟར་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་རེ་རེ་བརྗོད་པ་དེས།ང་ཚོ་ལ་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་སྐོར་ནས་ངེས་ཤེས་དང་འདུ་ཤེས་གསར་བ་ཞིག་རྒྱས་སུ་བཅུག་ལ།  ད་དུང་ཁོས་བྲིས་པའི་རྩྭ་ཐང་སྐྱེ་ཁམས་སྐོར་གྱི་དཔྱད་རྩོམ་སྟེ་རྨ་ལྷོ་ཁུལ་གྱི་རྩྭ་ར་སྐོར་རྒྱུག་གནས་ཚུལ་གྱི་བྱ་བའི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་ཧི་ནན་རྫོང་གི་རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྩ་བའི་བསམ་གཞིགས་དང་ཐབས་ལམ།  ཧི་ནན་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི་གནས་བབས་དང་ཁ་ཕྱོགས།  ཧི་ནན་རྫོང་གི་ཕྱུགས་ལས་ཀྱི་མིག་སྔའི་གནས་བབས་དང་འབྱུང་འགྱུར་སོགས་ལས་ཁོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བཟུང་བའི་བརྩེ་བ་རྣལ་མ་དེ་ངང་ངམ་ཤུགས་ཀྱིས་མཐོང་ཡོང་ལ།ང་ཚོས་ཧི་ནན་རྩྭ་ཐང་ལ་བདེ་མོ་བཞག་ནས་ཕྱིར་གནའ་མཁར་ཟི་ལིང་དུ་ཆས་དུས་སུ།ཕྱི་མིག་གི་ཁྲོད་ན་གསོན་ཉམས་ཀྱིས་ཁེངས་པ་ནི་མཛེས་སྡུག་དཔལ་གྱིས་ཁེངས་པའི་ཧི་ནན་རྩྭ་ཐང་ཡིན་ལ།གནས་དེ་རུ་ལང་ཚོ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་གཞོན་ནུ་ཞིག་གིས་རྩྭ་ཐང་གི་རི་ཆུ་ལ་ནགས་གསུམ་ལ་བརྩེ་བ་ཟབ་མོ་ཞིག་བསྣམས་ནས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དེ་རེད། 


འབྲེལ་ཡོད་འོས་སྦྱོར།