རྨ་ལྷོ་ཁུལ་གྱི་སྟོང་སྨིའི་ཐང་ག《རྗེ་ཙོང་ཁ་པའི་མཛད་རྣམ་ཀུན་བཏུས་ཞལ་ཐང་ཆེན་མོ》ད་ལོར་འགྲུབ་ངེས་པ།
མིག་སྔར། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི《འཆམ་མཐུན་བོད་ཡུལ་དུ་བསྐྱོད་པ》(མཚོ་སྔོན་གྱི་ཁག)རྨ་ལྷོའི་གསར་འགོད་ཚན་ཆུང་ཐུན་རིན་རྫོང་གཉན་ཐོག་ཞང་གཉན་ཐོག་སྡེ་བར་ཡོང་སྟེ་སྟོང་སྨིའི་ཐང་ག《རྗེ་ཙོང་ཁ་པའི་མཛད་རྣམ་ཀུན་བཏུས་ཞལ་ཐང་ཆེན་མོ》བཞེངས་པའི་སྤྱི་ཁྱབ་ལྟ་སྐུལ་པ་ཤ་བོ་ཚེ་བརྟན་ལ་བཅར་འདྲི་བྱས།
ཤ་བོ་ཚེ་བརྟན་གྱིས་བཤད་རྒྱུར། ཐང་ག་ཆེན་པོ་འདིའི་རིང་ཚད་ལ་སྨི1280ལྷག་དང་། ཞེང་ཚད་ལ་སྨི3ཡོད་པ་དང་། དེར་ཁག13གྱིས་དབྱེ་སྟེ་བཞེངས་ཤིང་ཡོངས་སུ་ཐང་ག850ཡིས་གྲུབ། འདིའི་ནང་རྗེ་ཙོང་ཁ་པའི་སྐྱེ་རབས་རྣམ་ཐར་དང་མཛད་རྣམ་ཧྲིལ་བོ་བརྗོད་དོན་དུ་བྱས་ཤིང་ཐང་གའི་མིང་ལའང《རྗེ་ཙོང་ཁ་པའི་མཛད་རྣམ་ཀུན་བཏུས་ཞལ་ཐང་ཆེན་མོ》ཞེས་གསོལ།། ནང་དོན་དུ་མཚོ་སྔོན་དང་། བོད་ལྗོངས་ཀྱི་གནས་ཁམས་ཆེན་དང་ལོ་རྒྱུས་མི་སྣ། དམངས་སྲོལ་རིག་གནས་སོགས་འདུས།
ཐང་ག་འདིའི་རགས་རིས་ནི2010ལོའི་ཟླ5བ་ནས་ཇུས་འགོད་ཀྱི་འགོ་བརྩམས་པ་དང་། ཟླ6པར་ཡིག་ཚགས་ཟིན་བྲིས་སུ་བཏབ། དེ་ནས་རིམ་བཞིན་བོད་ཁུལ་སོ་སོ་དང་མི་རིགས་སློབ་ཆེན། དགོན་པ20ལྷག་གི་ཆེད་མཁས་པ། ཤེས་ཡོན་པ་རྣམས་ཀྱི་བསམ་འཆར་སྡུད་ལེན་བྱས་པ་མ་ཟད། འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ10ལྷག་གདན་འདྲེན་ཞུས་ཏེ་ནན་ཏན་སྒོས་ལེགས་བཅོས་ཆ་ཚང་བ་ཞིག་བྱས། ཟླ7པར། དཔེ་རིས་ཇུས་འགོད་མི་སྣས་སྐབས་དེར་རྗེ་ཙོང་ཁ་པ་བོད་ཁུལ་དུ་བསྐྱོད་པའི་ལམ་ཐིག་གཞིར་བཟུང་སྟེ་རྒྱུ་ཆ་ཁྲི2ལྷག་འཚོལ་སྡུད་བྱེད་ཐུབ་པ་བྱུང་། ཟླ8པར། ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ཇུས་འགོད་དཔེ་རིས་དང་རགས་རིས་བཅས་ལ་བཤེར་འབེབས་གནང་། 2010ལོའི་ཟླ8པའི་ཚེས15ཉིན། སྟོང་སྨིའི་ཐང་ག་ཆེན་མོ་དངོས་སུ་བཞེངས་པའི་འགོ་བརྩམས་ཤིང་བསྡོམས་པས་ལྷ་རིས་སྒྱུ་རྩལ་པ380ཞུགས་ནས་བཞེངས་པ་ཡིན། དེར་རེབ་གོང་ལྷ་རིས་སྒྱུ་རྩལ་པ་གཙོས་པའི་བོད་ཁུལ་གྱི་ནུས་རྩལ་གཟེངས་སུ་ཐོན་པའི་ལྷ་རིས་སྒྱུ་རྩལ་པ་མིང་གྲགས་དག་དང་། རྒྱལ་ཁབ་རིམ་པའི་ཐང་གའི་སྒྱུ་རྩལ་པ་དང་བོད་རིགས་རི་མོ་བའང་འདུས།
རྒྱུས་ལོན་པ་ལྟར་ན། སྟོང་སྨིའི་ཐང་གའི་ལས་གཞིར་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི3000བཏང་པ་དང་། འདི་ནི་རྨ་ལྷོ་ཁུལ་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་འཕགས་ལས་གཞི་ཞིག་ཡིན། 2011ལོ་ནས་ཐང་ག་དངོས་སུ་གསར་སྐྲུན་བྱས་ཤིང་། ཚོད་དཔག་བྱས་པ་ལྟར་ན་ད་ལོར་ཡོངས་སུ་ལེགས་འགྲུབ་འབྱུང་ངེས་པ་མ་ཟད། གསར་དུ་བསྐྲུན་པའི་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་བྱ་འཆར་ཡོད་པ་དང་། སྐབས་དེར་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ད་དུང་སྨི1280ཅན་གྱི་ཐང་ག་འདི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་ཡར་ཞུ་བྱ་རྒྱུ་ཡིན་པ་རེད།