ཆོས་དབྱིངས་སྐྱིད་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་འབྲེལ་ཏེ་བཅར་འདྲི་བྱས།
ཆོས་དབྱིངས་སྐྱིད།
ཆོས་དབྱིངས་སྐྱིད། བོད་རིགས། 1990ལོའི་ཟླ11པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་ཡིན་པ་དང་། གཟུགས་གི་རིང་ཚད་ལ159cmདང་ལྗིད་ཚད་ལ47kg། མིག་སྔར་མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་སློབ་གླིང་གི2010ལོའི་ལུས་རྩལ་སློབ་གསོ་ཆེད་སྦྱོང་འཛིན་གྲྭའི་སློབ་མ་ཞིག་སྟེ་བྱང་ཚད་མཐོ་བའི་འདུར་རྒྱུག་ལུས་རྩལ་པ་ཞིག་ཡིན། 2010ལོའི་ཟླ7པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས། 2010ལོའི་ཟླ9བར་རྒྱལ་ཁབ་ལུས་རྩལ་ཅུའུ་དང་། ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ནས་པེ་ཅིང་དུ་བསྡུས་པའི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་ཚོགས་སམ་རྒྱལ་ཡོངས་འདུར་རྒྱུག་འགྲན་ཚོགས་ཀྱི་སྤྱི་ལེ20ལ་བགྲོད་པའི་བུད་མེད་དར་མ་རུ་ཁག་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་རེད། ཁོ་མོ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ལོ་རྒྱུས་སྟེང་གི་བྱ་དགའི་རྟགས་མ་ལེན་མཁན་བོད་རིགས་ཐོག་མ་ཡིན་ལ། བོད་རིགས་བུད་མེད་འགྲན་ཞུགས་པ་དང་པོའང་ཡིན།
ཚེས8ཉིན། གསར་འགོད་པས་ཆོས་དབྱིངས་སྐྱིད་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་འབྲེལ་ཏེ་བཅར་འདྲི་བྱས།
གསར་འགོད་པ། ཉིན་འདི་འགར་ཧྲིན་དབྱང་དུ་ཚོར་སྣང་ཅི་འདྲ་འདུག
ཆོས་དབྱིངས་སྐྱིད། འདིར་ཚ་བ་ཅུང་ཆེ་བ་དང་དེ་རིང་རླུང་འཚུབ་ཅུང་ཆེ་བ་ལས་ཚོར་བ་མི་ལེགས་རྒྱུ་མི་འདུག
གསར་འགོད་པ། གལ་སྲིད་འགྲན་བསྡུར་ཉིན་མོར་རླུང་འཚུབ་ཆེ་བ་ཡིན་ན། འདུར་རྒྱུག་རྣམ་གྲངས་ལ་གནོད་རྐྱེན་ཅི་འདྲ་ཡོད་ངེས་སམ།
ཆོས་དབྱིངས་སྐྱིད། སྤྱི་ལེ20ཡི་འདུར་རྒྱུག་ལམ་ཐག་ཅུང་རིང་བ་དང་། གལ་སྲིད་རླུང་འཚུབ་ཅུང་ཆེ་བ་ཡིན་ན་ལུས་སྟོབས་དང་གོམ་སྟབས་ལ་གནོད་རྐྱེན་འབྱུང་ངེས་ཏེ། ཧ་ལམ་སྐར་ཆ་འགའ་ལྷག་གིས་ཇེ་དལ་དུ་འགྲོ་བར་སྙམ། སྐབས་འདིེར་རུ་ཁག་གི་སྙིང་སྟོབས་དེ་ཤིན་ཏུ་གལ་ཆེ་བ་རེད།
གསར་འགོད་པ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་དམིགས་ཡུལ་ག་འདྲ་ཡོད་དམ།
ཆོས་དབྱིངས་སྐྱིད། འདི་ནི་ངའི་སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཡིན་ཞིང་། ལོ་བཞིའི་ནང་ད་གཟོད་ཐེངས་ཤིག་ལ་སྤེལ་བས་ང་ལ་མཚོན་ནའང་ཧ་ཅང་གལ་ཆེ་བ་ཡིན། ན་ནིང་གི་ཟླ11པར་རྐང་པར་རྨས་ཕོག་ཅིང་དེའི་རྗེས་ནས་ཀྱང་སླར་གསོ་ཆེན་པོ་བྱུང་མ་ནུས། དེར་བརྟེན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གནོད་རྐྱེན་ཅུང་ཙམ་ཐེབས་ཁོ་ཐག་རེད། ཡིན་ཡང་ངས་གང་ནུས་ཡོད་རྒུས་འགྲན་བསྡུར་གྱི་སེམས་ཤུགས་ལེགས་པོ་འདོན་སྤེལ་གང་ལེགས་བྱེད་ངེས་ཡིན།
གསར་འགོད་པ། སྐབས་འདིའི་འགྲན་བསྡུར་དུ་ཚང་མས་ཁྱེད་ནི་སྐྱེས་མའི་འདུར་རྒྱུག་སྤྱི་ལེ20ཡི་རྒྱལ་ཁ་ལོན་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འགྲན་ཞུགས་པ་མང་པོས་ཁྱེད་དང་འགྲན་ཡ་བྱེད་པའི་རྣམ་འགྱུར་དྲགས་པས། ཁྱེད་རང་ཉིད་ཀྱིས་ཅི་ལྟར་འདོད་ཀྱི་ཡོད།
ཆོས་དབྱིངས་སྐྱིད། བསམ་ཕྱོགས་འདྲ་མིན་སྣ་ཚོགས་ཡོད་རྒྱུ་རེད། ཡིན་ཡང་རང་ཉིད་ཀྱི་རྨས་སྐྱོན་གནས་ཚུལ་ལ་ལྟ་དགོས། གང་ལྟར་གྲུབ་འབྲས་བཟང་བོ་ཞིག་ལེན་ཐུབ་པའི་སྨོན་ལམ་ཡོད། འོན་ཀྱང་ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་འགྲན་ཞུགས་པ་དག་དངོས་གནས་ཕུལ་དུ་བྱུང་བས། ངས་དེ་ལས་ཀྱང་འབད་བརྩོན་ལེགས་པོ་བྱེད་དགོས་ཀྱི་ཡོད།
གསར་འགོད་པ། དེ་ན་ཁྱེད་རང་གིས་བལྟས་ཚོད་ཀྱིས་ཨུ་རུ་སུ་སོགས་རྒྱལ་ཁབ་དང་འུ་ཅག་གི་འགྲན་ཞུགས་པ་དབར་གྱི་ཁྱད་པར་ཆེན་པོ་དེ་གང་རེད་འདོད་དམ།
ཆོས་དབྱིངས་སྐྱིད། འདི་ལྟར་བརྗོད་ཆོག་སྟེ། ཁོ་ཚོའི་ཕྱོགས་ཡོངས་ཀྱི་ནུས་ཤུགས་དེ་འུ་ཅག་གི་ཡན་དུ་ཡོད་པ་སྟེ་ནུས་རྩལ་དང་ནུས་ཤུགས་སོགས་གང་གི་ཆ་ནས་ཀྱང་འུ་ཅག་ལས་སྔོན་དུ་བསྐྱོད་ཡོད། ཡིན་ཡང་ཉེ་བའི་ལོ་འདི་འགའི་རིང་། འུ་ཅག་གི་གྲུབ་འབྲས་ཀྱང་སྔར་ལས་ལེགས་པོ་བྱུང་དང་བྱུང་གིན་འདུག