ནད་ཡམས་ཤིག་གི་འབྱུང་རྩ།---“བོད་ཡིག་གི་དག་ཆ་དང་བསྲེས་སྐད་སྐོར་ཡང་བསྐྱར་གླེང་བ།”
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཚེ་ལོ་ལགས།
ངེད་དྲ་རྒྱའི་གསར་འགོད་པས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན《375ཐད་གཏོང་ཁང》གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཚེ་ལོ་ལགས་ལ་སྐུད་ལམ་དུ་བཅར་འདྲི་བྱས་པའི་ནད་ཡམས་ཤིག་གི་འབྱུང་རྩ་སྟེ“བོད་ཡིག་གི་དག་ཆ་དང་བསྲེས་སྐད་སྐོར་ཡང་བསྐྱར་གླེང་བ།”ཞེས་པའི་གླེང་གཞི་ལས་དྲངས་ཏེ་ཡིག་ཐོག་ཏུ་བཀོད།
དྲི་བ་འདོན་མཁན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན《375ཐད་གཏོང་ཁང》གི་ལེ་ཚན་འགོ་འཛིན་པ་བཀྲ་ཤིས་དོན་གྲུབ་ལགས།
གདན་ཞུས་སྐུ་མགྲོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཚེ་ལོ་ལགས།
1.འགོ་འཛིན་པ། རང་སྐྱོང་ཁུལ་གྱི་སྲོལ་ཡིག་ཁྲོད་གཞུང་ཡིག་གཙོར་བྱས་པའི་སྒོ་བྱང་དང་། ལམ་བྱང་སོགས་སུ་བྱུང་བའི་ཡིག་ནོར་ལ་གཏན་འབེབས་ཇི་ལྟར་བྱས་ཡོད།
རྒན་ཚེ་ལོ་ལགས། ང་རང་ཉིད་ལ་མཚོན་ན་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགན་འཛིན་མཁན་ཞིག་ཡིན་པས་རང་སྐྱོང་ཁུལ་གྱི་སྲིད་ཇུས་དང་གཏན་འབེབས་དང་འབྲེལ་ཏེ་རང་ཉིད་ཀྱི་མྱོང་ཚོར་རགས་ཙམ་གླེང་བར་བྱ། ཀུན་གྱིས་མཁྱེན་གསལ་ལྟར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད་ཅིང་སོ་སོར་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བའི་སྲོལ་ཡིག་ཡོད་པ་ནི་སྨོས་མ་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་སྲོལ་ཡིག་དེ2007ལོར་བཟོ་བཅོས་བྱས་པ་ཡིན་ཞིང་། དེའི་ཡར་སྔོན་གྱི་ལོ་ངོ་བཅུ་བདུན་རིང་སྟེ1990ལོ་ནས2007ལོའི་བར་དུ་སྔོན་མའི་སྲོལ་ཡིག་ལག་བསྟར་བྱས་པ་ཡིན། དུས་རབས་ཀྱི་འགྲོས་དང་བསྟུན་པའི་དགོས་དབང་གིས2007ལོ་ནས་འགོ་བཟུང་སྟེ་ཞིང་ཆེན་ཡོངས་སུ་ཐོག་མར་མི་རིགས་སྐད་ཡིག་གི་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་མཛད། དེར་མ་ཟད་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་སྟེང་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་དེའི་ནང་དུ་བོད་ཡིག་གི་དག་ཆའི་ཐད་ལ་གཏན་ཁེལ་གསལ་བོ་བྱས་ཡོད་པ་རེད། དཔེར་ན་དོན་ཚན་བཅུ་བཞིའི་ནང་དུ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་མི་རིགས་ཀྱི་སྐད་དང་ཡི་གེ་གཉིས་བཀོལ་བའི་ཚེ་ངེས་པར་དུ་ཡང་དག་དང་། ཚད་ལྡན། དོ་མཉམ་བཅས་ཡིན་དགོས་ཤིང་། རྒྱ་བོད་ཡིག་རིགས་གཉིས་ཀྱི་གོ་རིམ་སྒྲིག་སྟངས་ཀྱང་རེ་རེ་བཞིན་གསལ་ལེར་བཀོད་ཡོད་པ་སྟེ། གོང་ལ་བོད་ཡིག་དང་གཤམ་དུ་རྒྱ་ཡིག་དང་། གཡོན་དུ་བོད་ཡིག་དང་གཡས་སུ་རྒྱ་ཡིག དབྱིབས་གོར་མོ་ཞིག་ཡིན་ཚེ་ཕྱི་རུ་བོད་ཡིག་དང་ནང་དུ་རྒྱ་ཡིག་སོགས་ཞིབ་མོར་བཀོད་འདུག དེ་ཙམ་དུ་མ་ཟད་མཚོ་ལྷོའི་ཁོངས་སུ་མངའ་བའི་ཡུལ་སོ་སོའི་ལས་རིགས་ཀུན་གྱིས་རྒྱ་བོད་ཡིག་རིགས་གཉིས་སྤྱོད་པའི་སྐབས་སུ་ངེས་པར་དུ་སྲོལ་ཡིག་ནང་བཀོད་པ་ལྟར་སྒྲུབ་དགོས་པ་རེད། དེ་ལས་གཞན་སྲིད་གཞུང་གི་གཞུང་ཡིག་ཁྲོད་ཀྱི་ཡིག་ནོར་རམ་སྒོ་བྱང་དང་ལམ་ཡིག་སྟེང་གི་ཡིག་ནོར་སོགས་ཅི་རིགས་མི་འབྱུང་བའི་ཆེད་དུ་དོན་ཚན་བཅོ་ལྔའི་ནང་དུ་རང་སྐྱོང་ཁུལ་གྱི་ནང་རོལ་ལ་འབྲེལ་བའི་བོད་རྒྱ་ཡིག་རིགས་གཉི་གའི་བསྒྱུར་མིང་ནི་ངེས་པར་དུ་རིམ་མཉམ་གྱི་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་ཨུ་ཡོན་ལྷན་ཁང་ལ་ཞུ་ནས་ཞིབ་བཤེར་གཏན་འབེབས་བྱེད་དུ་འཇུག་དགོས་ཚུལ་སོགས་གསལ་བོ་ཁེལ་པོར་བཀོད་ཡོད། གོང་གསལ་བཞིན་མི་རིགས་ཀྱི་སྐད་དང་ཡི་གེ་ཐད་སྲོལ་ཡིག་ཞིབ་ཚགས་ལྡན་པ་ཞིག་གཏན་འབེབས་བྱས་ཡོད་མོད་ཀྱང་། ང་ཚོའི་སྤྱི་ཚོགས་འཚོ་བ་དངོས་ཁྲོད་དུ་ད་དུང་ཡིག་ནོར་གང་མང་མང་ཞིག་བྱུང་དང་འབྱུང་བཞིན་འདུག དེ་བས་སྣང་ཚུལ་འདི་ལེགས་སྒྱུར་བྱེད་པར་དམིགས་ནས་ང་ཚོ་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་བོད་སྐད་ཡིག་གཞུང་ལས་ཁང་གིས་རྒྱན་སྤྲས་ཁང་ལྟ་བུ་སྤྱི་ཚོགས་ཀྱི་ལས་རིགས་བར་གན་རྒྱ་བཞག་སྟེ་སྒོ་བྱང་སོགས་སུ་ཡིག་ནོར་བྱུང་ཚེ་འགན་འཁུར་དགོས་ཚུལ་གྱི་དོན་ཚན་རེ་རེ་གསལ་བོར་ཁྱབ་སྒྲོག་བྱེད་པ་དང་མཉམ་དུ། ལོ་རེ་རེར་རྫོང་དང་ཞང་གྲོང་དུ་སོང་ནས་ཁྲོམ་གཞུང་དུ་སྤྱོད་པའི་སྒོ་བྱང་དང་ལམ་བྱང་སོགས་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་པ་ཡིན།
2.འགོ་འཛིན་པ། སྤྱི་ཚོགས་འཚོ་བའི་ཁྲོད་སྔར་བཞིན་དུ་ཡིག་ནོར་མང་པོ་མཐོང་ཐུབ་པར་མ་ཟད། ལོ་དུ་མར་དག་བཅོས་མི་བྱེད་པར་སྐྱུར་འདུག དེས་ན་ནད་ཡམས་འདི་ཕྱོགས་གང་དག་ལ་འབྲེལ་བ་དང་ཡང་ན་སྣང་ཚུལ་འདིས་ང་ཚོར་གསལ་བརྡ་ཇི་ལྟ་བུ་ཞིག་གནང་འདུག་གམ།
རྒན་ཚེ་ལོ་ལགས། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་བལྟས་ན་ཡིག་ནོར་དེ་དག་སྒོ་བྱང་དང་ལམ་བྱང་སོགས་སུ་བྱུང་དང་འབྱུང་བཞིན་པ་ཙམ་མ་ཡིན་པར། བོད་ཡིག་གི་དུས་དེབ་དང་། ཚགས་པར། བརྙན་འཕྲིན། དྲ་བ་སོགས་སུ་ཡང་འབྱུང་གིན་འདུག་ལ། ཐ་ན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་དེབ་རྣམས་སུའང་མང་དུ་མཆིས། དེའི་རྒྱུ་རྐྱེན་ནི་གང་ཡིན་ཞེ་ན། བོད་འབངས་སྤྱིའི་རིག་གནས་ཀྱི་བྱང་ཚད་དང་བསམ་བློའི་གོ་རྟོགས་ལ་རག་ལས་པ་དང་། བྱེ་བྲག་ཏུ་བོད་སྐད་ཡིག་གི་སློབ་གསོའི་རྒྱུ་སྤུས་དང་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན། དེང་སྐབས་ཀྱི་བསླབ་དེབ་ནང་དུ་བསྒྱུར་རྩོམ་མང་དྲག་ཅིང་རྒྱ་ཡིག་གི་ཤན་ཞུགས་ནས་སུམ་རྟགས་དག་གསུམ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་མ་ཐུབ་པས་རེད། བོད་ཡིག་ཇེ་ལེགས་སུ་གཏོང་དགོས་ན་སྤྱི་ཚོགས་ཡོངས་ཀྱིས་བརྩི་མཐོང་དང་གཙིགས་ཆེན་བྱེད་དགོས། དེང་སྐབས་དྲ་རྒྱ་སོགས་སུ་སྙན་ངག་པ་ལ་ལས་མིང་ཚིག་དང་ཐ་སྙད་གང་འདོད་དུ་གསར་བཟོ་བྱེད་པ་མང་པོ་ཞིག་འདུག་པ་དེ་དག་གིས་ཡིག་ནོར་ཇེ་མང་དུ་འགྲོ་བར་ངན་སྐུལ་གྱི་ནུས་པ་ཐེབས་པ་འདྲ། ཡིག་ནོར་རྒྱུན་འབྱམས་སུ་འགྲོ་བའི་སྣང་ཚུལ་འདི་ལས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཉེན་གྱི་ཕྱོགས་སུ་གོམ་སྟབས་བསྒྱུར་པའི་འཇིགས་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་བར་མ་ཟད། བོད་ཀྱི་སྐད་དང་ཡི་གེ་ཉམས་ཆུང་སྐད་ཡིག་གི་གྲས་སུ་ཚུད་པར་ཉེན་བརྡ་ཞིག་ཀྱང་གཏོང་གིན་འདུག དེར་བརྟེན། སྤྱི་ཚོགས་ཡོངས་སུ་ཕྱར་བ་གྲུ་འདེགས་དང་། གཟོང་ཁ་གཅིག་སྒྲིལ་ལས་བོད་སྐད་ཡིག་སྡེ་ཁག་རེ་འགས་གནད་དོན་འདི་རྩ་བ་ནས་ཐག་གཅོད་བྱ་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་ཡིན་ཞིང་མངོན་སུམ་གྱི་ཕན་འབྲས་ཀྱང་འབྱུང་དཀའ། དཔེར་ན་ང་ཚོས་མཚོ་ལྷོའི་ཁུལ་ནས་ལོ་རེར་བསྡུ་བཞིན་པའི་དམངས་ཆེན་གྲོས་ཚོགས་སམ་ཡང་ན་སྲིད་གྲོས་གྲོས་ཚོགས་དང་། ཏང་ཨུའི་གྲོས་ཚོགས་བཅས་ཀྱི་ཡིག་ཆ་མཐའ་དག་བོད་ཡིག་ཏུ་བསྒྱུར་ནས་རྒྱ་སྐད་མི་ཤེས་པའི་ཨུ་ཡོན་རྣམས་ལ་སྤྲད་པར་མ་ཟད། ཚོགས་ཐོག་ཏུ་ཁོང་ཚོར་ཉན་ཆས་བྱིན་ནས་སྐབས་ཐོག་ཏུ་ལོ་ཙཱ་བྱེད་བཞིན་ཡོད་མོད་ཀྱང་། ཕ་སྐད་སྐྱུར་ཏེ་རྒྱ་སྐད་རྟོགས་པའི་ཚུལ་ཞིག་བཟུང་ནས་ཉན་ཆས་མི་སྤྱོད་པ་སོགས་ཀྱི་གནས་ཚུལ་ཀྱང་གང་མང་མང་འདུག སྣང་ཚུལ་འདི་ཙམ་ལས་སྤྱི་ཚོགས་ཡོངས་སུ་མཐོང་ཆེན་ཇི་འདྲ་བྱེད་པའི་ཚུལ་རྟོགས་ཐུབ། དེ་བས་དེང་སྐབས་སྤྱི་ཚོགས་འཚོ་བའི་ཁྲོད་ཡིག་ནོར་རྒྱུན་འབྱམས་སུ་འགྲོ་བ་ནི་མཐར་ཐུག་ན་ཀུན་གྱིས་མཐོང་ཆེན་མི་བྱེད་པས་རྐྱེན་རེད། ང་རང་ཉིད་ཀྱིས་བལྟས་ན་སྤྱི་ཚོགས་ཡོངས་ཀྱིས་གཙིགས་སུ་འཛིན་རྒྱུ་དེ་གལ་ཆེ་བར་འདོད།