འབྲོང་ཕྲུག་གིས་རྩོམ་པ་པོ་སྟག་འབུམ་རྒྱལ་སྐོར་གྱི་བཅར་འདྲི་དང་དུ་བླངས་པ།
རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་ལགས།
1.སྟག་འབུམ་རྒྱལ་དང་ཁྱེད་ཚོ་ག་དུས་ནས་ངོ་ཤེས་སུ་གྱུར་པ་ཡིན། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཁོ་ནི་མི་ག་འདྲ་ཞིག་རེད།
ལན་དུ། སྟག་འབུམ་རྒྱལ་ངོ་ཤེས་པ་དེ་ནི་ང་ལ་མཚོན་ན། ངའི་མི་ཚེ་འདིའི་དཀྱོག་མཚམས་གལ་ཆེན་ཞིག་ལ་ངོས་འཛིན་གྱིན་ཡོད། དེ་ནི་ང་རང་སློབ་མཐར་ཕྱིན་ནས་མཚོ་ལྷོའི་བྱ་མདོ་ཡུལ་ཚོ་རུ་དགེ་རྒན་གྱི་བྱ་བ་གཉེར་དུ་སོང་བའི་དུས་སྐབས་ཏེ། དེ་དུས་ང་རང་ད་དུང་རྩོམ་རིག་གི་ལམ་ལ་ཞུགས་མེད། ངའི་དྲན་ཡིད་ཀྱི་སྟག་འབུམ་རྒྱལ་དང་མི་འདྲ་བར་ཁོ་ནི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པར་མ་ཟད། དགའ་ཕྱོགས་མང་ཞིང་དགའ་ཕྱོགས་དེ་དག་ལ་བྱང་ཆ་ལྡན་པའི་མི་ཞིག་ཡིན་པ་ཐོག་མར་ཚོར་བྱུང་། དཔེར་ན། ངས་ཐོག་མར་མཐོང་དུས་ཁོ་དང་དགེ་གྲོགས་འགས་གཟེབ་གྲུག་རྩེད་ཀྱིན་འདུག་ལ། ཁོའི་རྩེད་རྩལ་ནི་ཧ་ལས་པ་ཞིག་རེད། དེར་མ་ཟད། ཁོང་ནི་འབྲོག་ཕྱོགས་ནས་ནར་སོན་པའི་མི་ཞིག་ཡིན་པའི་ཆ་ནས་ཀྱང་ངས་ཁོའི་མདའ་རྩལ་ལ་ཡང་སྨོན་པ་མི་བྱེད་ཐབས་མེད་རེད། རྗེས་སུ་རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ནི་དགའ་ཕྱོགས་མང་བའི་མི་ཞིག་ཡིན་པར་མ་ཟད། དགའ་ཕྱོགས་ལ་ཤུགས་སྣོན་བྱེད་པའི་མི་ཞིག་ཡིན་པ་ཡང་གཞི་ནས་ཤེས་བྱུང་།
2. རྒྱུན་པར་ཆང་ཁ་ནས་སྟག་འབུམ་རྒྱལ་ནི་མི་ཇི་འདྲ་ཞིག་རེད།
ལན་དུ། སྟག་འབུམ་རྒྱལ་དང་མཉམ་དུ་ཆེས་ཐོག་མར་ཆང་འཐུང་བ་དེ་ནི་དགུན་གཞུང་ཞིག་ཡིན། ས་སྲོད་དེར། ཁོང་དང་ཁོང་གི་དགེ་གྲོགས་ཤིག་གིས་ཆང་རྒྱ་མ་གང་དང་ཁ་བཏགས་ཤིག་བཟུང་ནས་ང་ཚོའི་སློབ་གྲྭར་ཐོན་བྱུང་། དེ་ནི་ངེད་གཉིས་ཐོག་མར་བར་ཐག་ཆེས་ཉེ་ཞིང་ཁ་བརྡ་བྱེད་ཐེངས་དང་པོ་ཡང་ཡིན། ཁོང་ནི་ངའི་བརྩམས་ཆོས་ཤིག་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྟེང་དུ་བཀོད་པར་རྟེན་འབྲེལ་ཞུ་རུ་ཡོང་བ་ཡིན་འདུག སྐབས་དེའི་ངའི་སེམས་ཁམས་ནི་སྨྲ་མི་ཤེས་པ་ཞིག་སྟེ། གཅིག་ནི་རང་གི་བརྩམས་ཆོས་ལ་གཞན་གྱིས་གདེང་འཇོག་བྱས་པ་དེ་དང་། གཉིས་ནི་གདེང་འཇོག་བྱེད་མཁན་དེ་ནི་གཞན་མ་ཡིན་པར་རང་ཉིད་ཀྱིས་དང་དད་དང་བརྩི་བཀུར། ཡིད་སྨོན་སྐྱེས་མྱོང་བའི་རྩོམ་པ་པོ་ཁོང་ཡིན་པས་རེད། ཆང་ཁ་ནས་ཁོང་གིས་ང་ལ་ཁོང་ཆུང་དུས་ཀྱི་རྩོམ་འབྲིའི་ལོ་རྒྱུས་གང་མང་གླེང་བྱུང་ལ། ཞོར་དུ་རྩོམ་འབྲིའི་ཉམས་མྱོང་ཀྱང་ཕུན་སུམ་ཚོགས་པ་ཞིག་གནང་ཡོད་པ་སྨྲོས་ཅི་དགོས། དེ་བས། ངའི་སེམས་ཀྱི་རྩོམ་པ་པོ་ཁོང་ནི་ནམ་ཡང་རང་དང་འདྲ་བའི་རྩོམ་རིག་གི་དགའ་ཕྱོགས་ཅན་དང་འགྲོག་པའི་གོམས་གཤིས་ཡོད་པར་མ་ཟད། ཁོ་ཚོ་དང་ལྷན་དུ་མི་ཚེའི་དགའ་སྡུག་གླེང་བའི་སྤྲོ་སྣང་ཅན་ཞིག་ཡིན་པ་ཡང་ཞོར་དུ་ཤེས་བྱུང་། ཡིན་ནའང་། སྐབས་ལན་རེར་གྲོགས་པོའི་གདམ་བསལ་གྱི་ནོར་འཆུག་གི་དབང་གིས་བློ་ཁ་མི་མཐུན་པའི་མི་ལ་ཆང་ཁ་ནས་ཞེ་འགྲས་སུ་སོང་བའི་སྐབས་ཀྱང་མེད་དུ་མི་སྲིད་དེ། དེ་ནི་འགྲོ་བ་མིའི་རང་གཤིས་སུ་གྲུབ་པའི་ཆོས་ཉིད་ཅིག་ཏུ་བརྩི་བ་ལས་གཞན་པའི་མི་ཁ་རུ་བགྲང་མི་འོས་བསམ།
3.ཁྱེད་རང་ལ་བག་ཆགས་ཟབ་པའི་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་དེ་གང་ཡིན། སྟག་འབུམ་རྒྱལ་གྱི་གསར་རྩོམ་ལ་དགོངས་འཆར་ག་འདྲ་འདོན་གྱིན་ཡོད།
ལན་དུ། དེ་ནི་སྡུག་གི་ལོ་མ་ཆང་གིས་བང་བ་མིན་ཞེས་པ་དེ་དང་སྡེ་དཔོན། ཁ་བ་མེད་པའི་དགུན་ཁ་ལ་སོགས་པའི་ཉེ་དུས་ཀྱི་བརྩམས་ཆོས་དག་ཡིན། རྒྱུ་མཚན་ནི། འཚོ་བ་དང་ཇི་ལྟར་ཐག་ཉེ་བའི་བརྩམས་ཆོས་དེར་ཡིད་འགུག་གི་ཆ་དེ་ལྟར་ཆེ་བས་རེད། ལྷག་པར་དུ་ཁོང་གིས་རྒྱུན་པར་ང་ལ་རྒྱ་ནག་གི་རྩོམ་པ་པོ་ལོའུ་ཡོ་དང་ཡིས་དཔའ་ལྟ་བུའི་བརྩམས་ཆོས་ངོ་སྤྲོད་བྱེད་དོན་ཡང་རྒྱུ་རྐྱེན་དེ་ལ་ཐུག་ཡོད་ངེས་སྙམ།
4. ཉེ་བའི་ལོ་འདི་འགའི་རིང་སྟག་འབུམ་རྒྱལ་གྱིས་ཁྱི་བརྗོད་བྱ་བྱས་པའི་སྒྲུང་གཏམ་ཁ་ཤས་བྲིས་འདུག དེར་ཉིད་ཀྱིས་གོ་བ་ག་འདྲ་ལེན་གྱིན་ཡོད།
ལན་དུ། སྤྱིར་ཁྱི་ལ་རིགས་མང་བ་ནང་བཞིན་སྟག་འབུམ་རྒྱལ་གྱི་སྨྱུག་འོག་ནས་ཐོན་པའི་ཁྱི་ལ་ཡང་རིགས་གསུམ་དུ་ཕྱེ་ཆོག་སྙམ། གཅིག་ནི་སྒོ་ཁྱི་སྟེ་མིའི་རིགས་ཀྱི་གྲོགས་པོའི་རིགས་སུ་འདུ་ཞིང་། འབྲོག་ཁུལ་དུ་སྒོ་ཁྱིའི་རིགས་ནི་མི་ལས་ཀྱང་སྤྱང་གྲུང་འཛོམས་ཤིང་། མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གྲོགས་པོ་བཟང་བོ་ཞིག་སྟེ། ཁྱི་འདིའི་རིགས་ནི་རང་གི་བདག་པོ་ལ་ཉེ་ཞིང་གཞན་གྱི་མིའམ་སྲོགས་ཆགས་ལ་སྡང་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་ནམ་ཡང་རང་གི་གྲོགས་པོ་ལྟར་གཅེས་འོས། གཅིག་ནི་ཁྱི་རྒན་ཏེ་རང་ཉིད་དོགས་ཤིང་འཇིགས་པའི་ཁྱིའི་རིགས་སྟེ། ཁྱི་འདིའི་རིགས་ནི་རང་སེམས་ན་ཉེས་པ་དང་ནོངས་ཡོད་པའི་མི་རྣམས་ཀྱི་གདོན་དགག་ཡིན་པའི་ཆ་ནས། སྒོ་ཁྱི་དང་ཆ་འདྲ་བོ་ཡོད་ལ་སྒོ་ཁྱི་དང་མི་འདྲ་ས་ནི་སྒོ་ཁྱི་ནི་རང་གི་ཡིན་ལ་ཁྱི་རྒན་ནི་གཞན་གྱི་ཡིན་པ་དེ་ཙམ་མོ། ། གཞན་ཞིག་ནི་ཧྰ་པ་སྟེ། ཁྱི་འདིའི་རིགས་ནི་ངོ་ཚ་ཁྲེལ་དང་བྲལ་ཞིང་དྲིན་ལན་ལོག་འཇལ་བྱེད་ལ། ཁ་ཡག་ངོ་བསྟོད་ལ་མཁས་པས་ང་ཚོ་སུ་དང་སུ་ཡིན་ཡང་དགའ་བསུ་མི་བྱེད་མོད། ཏན་ཏན་འཚོ་བ་དངོས་ཀྱི་ཁྲོད་ན་ཁྱི་འདི་ལྟ་བུར་དགའ་བསུ་བྱེད་མཁན་ཡང་མེད་དུ་མི་སྲིད་པས་ན། ཁྱི་བརྗོད་བྱ་ཡིན་པའི་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དག་ནི་འདི་དག་གི་ངོ་ལྤགས་དམར་བཤུ་ཐེངས་གཅིག་ཡིན་པའི་ཚོར་བ་བྱིན་ཡོང་།
5. འཚོ་བའི་ཁྲོད་ཀྱི་སྟག་འབུམ་རྒྱལ་དང་རྩོམ་རིག་ཁྲོད་ཀྱི་སྟག་འབུམ་རྒྱལ་གཉིས་ལ་མི་འདྲ་ས་གང་འདུག
ལན་དུ། འཚོ་བའི་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་བུད་མེད་ཅིག་གི་ཁྱོ་བོ་དང་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་ལ། སློབ་ཕྲུག་མང་པོ་ཞིག་གི་དགེ་རྒན་ཡིན་པ་དེ་རེད། དེ་དག་གིས་ཁོ་ལ་བརྩམས་ཆོས་ཀྱི་རྒྱུ་ཆ་སྣ་ཚོགས་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་མ་ཟད། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མང་པོ་རེས་མོས་སུ་བྱིན་ནས་བརྩམས་ཆོས་ཀྱི་ཁ་གྲངས་དང་རྒྱུ་སྤུས་ལ་ཡང་ཁག་ཐེག་བྱེད་ཀྱིན་ཡོད་ངེས། བརྩམས་ཆོས་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་འཚོ་བའི་ཁྲོད་ཀྱི་སྟག་འབུམ་རྒྱལ་གྱི་གྲིབ་མ་ལྟ་བུ་ཞིག་ཡིན་ལ་མགྲིན་ཚབ་པ་ཡང་ཡིན་ཏེ། དེ་གཉིས་ཀྱི་མི་འདྲ་ས་ནི་འཚོ་བའི་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་མི་ཚེའི་བདེ་སྡུག་ཐད་ཀར་མྱོང་མཁན་དེ་ཡིན་ཞིང་བརྩམས་ཆོས་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་བདེ་སྡུག་གི་ཚོར་བ་དེར་གསོན་ཤུགས་རྒྱས་སུ་འཇུག་མཁན་དེ་རེད། ཁ་གསལ་བོའི་སྒོ་ནས་བཤད་ན། འཚོ་བའི་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་ལུས་ལ་ཚེར་མ་ཟུག་ཏུ་འཇུག་མཁན་དེ་རེད་ལ། བརྩམས་ཆོས་ཁྲོད་ཀྱི་སྟག་འབུམ་རྒྱལ་ནི་ན་ཟུག་གི་འོ་དོད་འབོད་མཁན་དེ་རེད།
6. ཁྱེད་ཀྱིས་བལྟས་ན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་མི་འདང་པའི་ཆ་གང་འདྲ་འདུག
ལན་དུ། མི་སུ་དང་སུ་ཡིན་ཡང་བརྩམས་ཆོས་ཁྲོད་ན་མི་འདང་ས་ཞིག་ཡོད་པ་ནི། རང་གིས་ནམ་ཞར་ཡང་རང་གི་མི་འདང་ས་དེ་མི་ཤེས་པ་དེ་རེད། སྟག་འབུམ་རྒྱལ་ཡང་དེ་ལས་མ་འདས། དེ་བཞིན་དུ་ང་ཚོའི་མི་འདང་ས་ཡང་དེ་རེད་སྙམ། ངའི་རེ་བ་ནི་སྟག་འབུམ་རྒྱལ་གྱིས་ཀྱང་རང་གི་བརྩམས་ཆོས་ལ་རང་གིས་ཞིབ་འཇུག་བྱས་ཏེ་གཞན་གྱིས་མཐོང་བ་དང་མ་མཐོང་བའི་ལེགས་ཉེས་གང་ཡོད་རང་གིས་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེ་སྙམ། གཞན་དུ་ཁོའི་བརྩམས་ཆོས་ལ་ཡང་མི་འདང་ས་མེད་དུ་མི་སྲིད་མོད། ང་ནི་ཁོའི་བརྩམས་ཆོས་ལ་དགའ་མཁན་ཞིག་ལས་བློ་ཞིབ་མོས་ཞིབ་འཇུག་བྱས་མ་མྱོང་བས་འདིར་ཉིད་ཀྱི་འདོད་བློ་ཚིམས་པའི་ལན་ཞིག་འདེབས་ཐབས་མི་འདུག
7.སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་དང་སྒྲུང་ཐུང་གཉིས་ལས་ཁྱེད་རང་གང་ལ་དགའ།
ལན་དུ། ང་ནི་ཁོའི་སྒྲུང་ཐུང་ལ་དགའ་ཞིང་སྒྲུང་འབྲིང་ལ་ལྷག་ཏུ་དགའ་སྟེ། ལྷག་པར་དུ་སྡེ་དཔོན་རྗེས་ཀྱི་བརྩམས་ཆོས་དག་ལ་དེ་བས་ཀྱང་དགའ་ཞེན་ཆེན་པོ་ཡོད། དེ་ནི་ཁོའི་བརྩམས་ཆོས་དག་རྟོགས་བཟོ་ཁོ་ན་ལས་འཚོ་བའི་ཟབ་སར་འཛུལ་འགོ་ཚུགས་པ་དེའི་རྐྱེན་གྱིས་ཡིན་སྲིད།