logo

བོད་སྐད་རླུང་འཕྲིན་སློབ་རའི་འགྱུར་ཁུགས་ལེ་ཚན་གྱིས་ཁྲི་ཀ་བཅའ་སྡོད་སློབ་གྲྭའི་གསར་འགོད་པར་བཅར་འདྲི་བྱས

རྩོམ་པ་པོ།:འབྲུག་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-12 ཀློག་གྲངས།:

མདོ་འཛིན་པ།   དགེ་རྒན་འབྲུག་ཐར་རྒྱལ་ཁྱོད་བདེ་མོ། 
སྐུ་མགྲོན། མདོ་འཛིན་པ་གནམ་སྐྱབས་རྒྱལ་བདེ་མོ།
མདོ་འཛིན་པ། རེད། ཐོག་མར་ཁྱེད་ཀྱིས་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་སློབ་རའི་འགྱུར་ཁུགས་ཀྱི་བཅར་འདྲི་འདི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
སྐུ་མགྲོན།   ཨོ། བཀའ་དྲིན་ཆེ་ཞུ་དགོས་པ་མ་རེད།
མདོ་འཛིན་པ། མིག་སྔར་གོ་ཐོས་ལྟར་ན་ཁྱེད་ཚོའི་སློབ་གྲྭས་རྒྱང་སྒྲོག་གི་ལས་གནས་འདི་ལྟ་བུ་ཞིག་བཙུགས་ཏེ་ད་ལྟ་ཡིན་རྒྱུ་ན་དགེ་སློབ་ཡོངས་ལ་དགེ་མཚན་མོད་པོ་ཞིག་བསྐྲུན་འདུག་ཅེས་ཟེར། དེ་ན་དགེ་རྒན་ཁྱེད་ཀྱིས་སློབ་ར་ནས་དེ་ལྟ་བུའི་རྒྱང་སྒྲོག་གི་ལས་གནས་ཤིག་ཐོག་མར་འཛུགས་པའི་ཀུན་སློང་ཅི་ལྟར་སྐྱེས་པ་དང་།དམིགས་ཡུལ་ཅི་ལྟ་བུ་ཞིག་གི་འོག་ནས་བཙུགས་པ་བརྒྱུད་རིམ་དང་སྦྱར་ནས་བཤད་ན།
སྐུ་མགྲོན། རེད། རེད། ཡ་ད་ཐོག་མར་ངས་འདི་ནས་ཁྱེད་མཚོ་སྔོན་བོད་སྐད་རྒྱང་སྒྲོག་ལས་ཁུང་ས་ཀྱི་སློབ་རའི་འགྱུར་ཁུགས་ལེ་ཚན་གྱིས་ང་འདི་ལྟ་བུའི་གོ་སྐབས་བཟང་བོ་ཞིག་བྱིན་ནོ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ནི་ཡིན།
མདོ་འཛིན་པ། རེད་རེད་རེད། དེ་ང་ཚོས་སྒྲུབ་འོས་པ་ཞིག་རེད།
སྐུ་མགྲོན། དེ་ཡིན་ན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཙུགས་ནས་ཕལ་ཆེར་ལོ་ངོ་གཉིས་ཙམ་མ་གཏོགས་འགོར་ཡོད་ནི་མ་རེད། སློབ་གྲྭ་འདི་ཡིན་རྒྱུ་ན་ལོ་དགུའི་འགན་བབ་སློབ་གསོ་མྱོང་བའི་བཅའ་སྡོད་རང་བཞིན་གྱི་མི་རིགས་སློབ་གྲྭ་གཅིག་པུ་རེད། ཁྲི་ཀ་རྫོང་གི་རོང་ཕྱོགས་ཀྱི་བྱིས་པ་ཡོད་ཚད་དང་འབྲོག་ཕྱོགས་ཀྱི་བྱིས་པ་ཚང་མ་སློབ་གྲྭ་འདིར་སྐྱེལ་གྱིན་ཡོད་ནི་རེད། སློབ་མའི་ཁ་གྲངས་ཀྱང་ཕལ་ཆེར་སྟོང་གསུམ་ཙམ་ཡོད།   
            སློབ་ལོ་སྔུན་མ་ཡིན་རྒྱུ་ན་སློབ་གྲྭས་ལོ་རེའི་བཅུ་བའི་དགའ་སྟོན་གྱི་སྐབས་དང་ལྔ་གཅིག་སྐབས་ཀྱི་དུས་ཆེན་ལ་མ་གཏོགས་ཟླ་གནང་ལ་སོགས་པ་གཏོང་གི་ཡོད་ནི་མ་རེད། སྐབས་ཐོག་དེར་གནང་བ་ཅུང་ཙམ་ཞིག་གཏོང་བའི་དུས་ཡིན་རྒྱུ་ན་གཟའ་ཉི་མའི་ཕྱི་དྲོར་གཅིག་པུ་མ་གཏོགས་ངལ་གསོའི་དུས་ཚོད་མེད་པ་རེད།     དེའི་སྟབས་ཀྱིས་སློབ་མ་ཚོ་ཟླ་ངོ་གསུམ་ལྷག་ལ་སློབ་གྲྭ་དང་ཁ་བྲལ་རྒྱུའི་དུས་ཚོད་ཧ་ཅང་དཀོན་པ་རེད།  དེའི་མི་ཚད་ཉིན་རྒྱུན་དུ་སློབ་གྲྭ་ནས་སློབ་ཁྲིད་ཐོག་ལ་སློབ་ཁྲིད་བརྩེགས་ཏེ་བསྡད་ན་སློབ་མ་རྣམས་ཀྱི་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཇེ་ཞན་དུ་འགྲོ་བ་མ་ཟད་སློབ་སྦྱོང་གི་གནོན་ཤུགས་ཀྱང་ཧ་ཅང་ཆེ་ཞིང་།  དེར་བསྟུན་སྒོས་སློབ་གྲྭ་ནས་སུན་སྣང་སྐྱེས་པའི་སློབ་མ་ཡང་མི་ཉུང་བ་ཞིག་དངོས་སུ་རྣ་ཡིས་ཐོས་པ་དང་མིག་གིས་མཐོང་བ་རེད།  འདི་ལྟ་བུའི་གནོན་ཤུགས་ཆེན་པོ་ཞིག་གི་ཁྲོད་ནས་གཞི་རྒྱ་ཆེས་ཆེ་བའི་སློབ་གྲྭ་ཞིག་ལ་རིག་གནས་མཁའ་དབུགས་གསར་བ་ཞིག་ངེས་པར་དུ་མཁོ་བ་བཤད་མ་དགོས།
            དེའི་རྐྱེན་གྱིས་སློབ་གྲྭའི་གོང་རིམ་པས་ཀྱང་དེར་དམིགས་ནས་ངལ་དུབ་དེ་དག་སེལ་ཆེད་དམ་དཀའ་ཁག་དེ་དག་འཇགས་སླད་དུ་སློབ་སྐབས་སྔོན་མ་མཚོན་རྒྱུ་ན་རིག་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།    ད་ཐེངས་སློབ་སྐབས་སུ་དེ་ལས་ལྷག་པའི་འཐུས་ཇེ་ཚང་དུ་བཏང་ནས་སློབ་མ་སོ་སོ་རང་ཉིད་ཕྱོགས་གང་ལ་སྤྲོ་བ་དང་དགའ་བ་ཡོད་ན་དེའི་ཕྱོགས་སུ་གང་འདོད་ལྟར་ཞུགས་སུ་བཅུག་ནས་ཚོགས་པ་མང་པོ་བཙུགས་ཡོད་པ་རེད།  དཔེ་ཞིག་འཇོག་རྒྱུ་ན། རྡུང་ལེན་གྱི་ཕྱོགས་ནས་རྒྱུད་དྲུག་ཚོགས་པ་ཟེར་བ། གླུ་དབྱངས་ཀྱི་ཕྱོགས་ནས་ཚངས་དབྱངས་དྲུག་འགྱུར་ཚོགས་པ་ཟེར་བ།  ཞབས་བྲོའི་ཕྱོགས་ནས་བྲོ་གར་མཚོ་མོའི་གླིང་ཟེར་བ།   རི་མོའི་ཕྱོགས་ནས་བི་ཤ་ཀ་རྨའི་ཕྱག་རྒྱུན་ཚོགས་པ་ཟེར་བ། གློག་ཀླད་ཀྱི་ཕྱོགས་ནས་མ་འོངས་ལམ་སྟོན་ཚོགས་པ་ཟེར་བ། དྲག་རྩལ་གྱི་ཕྱོགས་ནས་སྟག་མོའི་མཆོངས་རྩལ་གླིང་ཟེར་བ།  ལག་རྩལ་སྤོ་ལོའི་ཕྱོགས་ནས་རི་སྤྱང་དར་མའི་ཚོགས་པ་ཟེར་བ།  རྐང་རྩེད་སྤོ་ལོའི་ཕྱོགས་ནས་རླུང་ནག་འཚུབ་མའི་ཚོགས་པ་ཟེར་བ། ཡིག་གཟུགས་ཀྱི་ཕྱོགས་ནས་ཁྱུང་བོ་གཡུ་ཁྲིའི་རྗེས་སྐྱོང་ཚོགས་པ་ཟེར་བ། ཕན་ཆད་ཀྱིས་སློབ་མ་རང་ཉིད་ནས་སྲོལ་ཡིག་བྲིས། ཚོགས་མི་རྩ་འཛུགས་བྱས་ཏེ་གོང་རྒན་ལ་སྙན་ཞུའི་ཡི་གེ་བྲིས་ཏེ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ།  ཕ་སྐད་སྲུང་སྐྱོབ་ཚོགས་པ་ཟེར་བ།  ཟས་རིགས་གྲོན་ཆུང་ཚོགས་པ་ལ་སོགས་པ་བཙུགས་ནས་སློབ་མ་རང་ཉིད་ཀྱི་འདོད་མོས་ལྟར་དུ་རང་ལ་དབང་བའི་དོ་ར་ཆུང་ཆུང་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པ་རེད།   དེ་ལ་དེ་བསྟུན་དང་དགའ་ལ་གཉེར་བསྟུན་སྒོས་སློབ་གྲྭ་སྤྱིའི་འཕེལ་རྒྱས་ལ་དམིགས། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ཆེད་དང་། གཞན་རིག་གནས་མཁའ་དབུགས་གསར་བ་ཞིག་སྔོག་འདོན་བྱེད་པའི་ཆེད་དུ་ཡག་ཐོག་ལ་ཡག་བརྩེགས་པ་དང་སྒ་ཐོག་ལ་ཁྲ་བརྒྱབ་པའི་དཔེ་ལྟར་དུ་སློབ་རའི་རྒྱང་སྒྲོག་དང་སློབ་རའི་གསར་འགོད་ཚོགས་པ་ཡང་དེ་བཞིན་དུ་འཛུགས་སྒྲུབ་བྱས་པ་རེད།  འདི་ཚང་མ་ཡང་མདོར་དེད་ན་སློབ་མ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་རྒྱུ་དང་སློབ་མ་ཚོ་འཇོན་ཐང་ཅན་ཞིག  ཤེས་ཡོན་ཅན་ཞིག་གི་སློབ་མ་དགའ་ཏག་ཏག་སྐྱེད་སྲིང་བྱེད་རྒྱུའི་ཐོག་མའི་རྨང་གཞི་རེད་ཅེས་བཤད་ན་ཡང་མི་ཆོག་རྒྱུ་མེད་བསམ།
            སྤྱིར་སློབ་གྲྭ་ཞིག་ལ་མཚོན་ན་རྒྱང་སྒྲོག་གི་བྱ་བ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད།   ལས་རིགས་འདིར་མཚོན་ནས་བཤད་ནའང་དྲིལ་སྒྲོག་གི་རང་བཞིན་དང་ཁྱབ་བསྒྲགས་ཀྱི་རང་བཞིན་ཧ་ཅང་ཆེ་བའི་རིག་གནས་ཤིག་ཡིན་ལ།  བཅའ་སྡོད་བྱེད་པའི་སློབ་མ་ཞིག་ལ་མཚོན་ན་ཡང་སློབ་གྲྭའི་ནང་ཁུལ་གྱི་དོན་དག་ཆེ་མ་ཆུང་གསུམ་དང་། དཔེ་ཆའི་ཐོག་གི་ཤེས་བྱ་མ་གཏོགས་ཤེས་བྱ་གཞན་དག་སློབ་རྒྱུའི་བར་སྟོང་ཆེན་པོ་ཞིག་མེད་པ་མ་ཟད།     དེ་ལས་གཞན་གྱི་རྒྱལ་སྤྱིའི་ཕྱོགས་ཡིན་ནའང་འདྲ།  རྒྱལ་ནང་གི་ཕྱོགས་ཡིན་ནའང་འདྲ།  བོད་ཁུལ་གྱི་ཕྱོགས་ཡིན་ནའང་འདྲ།   དོན་དག་གསར་བ་གཅིག་ཀྱང་གོ་ཐུབ་གིན་མེད་པ་རེད། ཡིན་ཡང་སློབ་འབྲིང་གི་སློབ་མའི་དུས་རིམ་འདིར་མཚོན་ན་ཤེས་བྱ་ཡོན་ཏན་ལ་སོགས་པ་བློ་དང་རིག་པས་སྡུད་ལེན་བྱས་ན་ཆེས་མགྱོགས་པའི་སྐབས་གླགས་བཟང་བོ་ཞིག་ཡིན་པའི་སྟབས་ཀྱིས་སློབ་གྲྭས་ཀྱང་ཆེད་དམིགས་སྒོས་མ་དངུལ་འབོར་ཆེན་བཏང་ནས་སློབ་གྲྭས་རྒྱང་སྒྲོག་གི་སྒྲིག་ཆས་དང་སྒྲ་ཕབ་བྱེད་ཀྱི་སྒྲིག་ཆས་ལ་སོགས་པ་མཐུན་རྐྱེན་མང་པོ་སྦྱར་ཏེ་རྒྱང་སྒྲོག་གཏོང་རྒྱུའི་ལས་ཀ་ཡང་འདི་ལྟར་མགོ་བརྩམས་པ་རེད།
            ཉིན་ཉི་ཤུ་ལྷག་ལ་འབྲེལ་ཡོད་རྒྱང་སྒྲོག་གི་སྐོར་ནས་གསོ་སྦྱོང་དང་སློབ་སྦྱོང་རབ་དང་རིམ་པ་བརྒྱུད་མཐར ༢༠༡༡ལོའི་ཟླ༣པའི་ཚེས༢༡ཉིན་ཏེ་གཟའ་འཁོར་དང་པོའི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་དུ་དངོས་སུ་སློབ་རའི་བོད་སྐད་རྒྱང་སྒྲོག་གཏོང་མགོ་བརྩམས་ནས་སློབ་རའི་རྒྱང་སྒྲོག་གི་ཐོག་མའི་གོམ་ཁ་བསྒྱུར་བ་རེད། 
            ང་ཚོའི་སློབ་རའི་རྒྱང་སྒྲོག་པ་མཚོན་ནས་བཤད་རྒྱུ་ན་ཡང་ལོ་རིམ་ལྔ་བ་ནས་དགུ་བའི་བར་གི་སློབ་མ་ཡོངས་ཀྱི་ཁྲོད་ནས་ཁོ་ཚོ་ངག་རྒྱུག་དང་ཡིག་རྒྱུག་རིམ་པ་གཉིས་བླངས་ནས་མཇུག་མཐར་སློབ་མ་༢༥བདམས་ཐོན་བྱུང་བ་རེད།  སློབ་མ་༢༥བོ་ཡང་ཚོ་སྐོར་ལྔ་བགོས་ནས་ཚོ་སྐོར་རེར་མི་ལྔ་རེ་བྱས་ནས་ལོ་རིམ་སོ་སོའི་མཐོ་དམའ་ལྟར་དུ་ཕན་ཚུན་སྡེབ་ནས་རོགས་རམ་གྱི་ནུས་པ་ཐོན་པར་དམིགས་ཏེ་རྒྱང་སྒྲོག་གིི་བྱ་བ་ཡང་སྒྲུབ་ནུས་ཤིང་། རྩོམ་སྒྲིག་པའི་འགན་ཡང་ཁོ་ཚོས་ཁུར་དུ་བཟོད་པའི་དམིགས་ཚད་བཀོད་ནས་ ལག་ལེན་གཏན་འབེབས་བྱས་པ་རེད། 
            སློབ་རའི་རྒྱང་སྒྲོག་གཏོང་བའི་དུས་ཚོད་ཡིན་ན་ཡང་གཟའ་ཉི་མའི་ཉིན་ལ་ངལ་གསོ་བྱས་ཏེ་རྒྱང་སྒྲོག་ལས་ཀ་སྒྲུབ་གིན་མེད་པ་མ་གཏོགས།  གཟའ་འཁོར་དང་པོ་ནས་དྲུག་པའི་བར་ལ་གཟའ་འཁོར་གཅིག་གི་ཉིན་གསུམ་ལ་ཐེངས་གཅིག་རྒྱང་སྒྲོག་བྱས་ནས་གཟའ་འཁོར་གཅིག་ལ་ཐེངས་གཉིས་རྒྱང་སྒྲོག་བྱེད་རྒྱུའི་ཐག་བཅད་ཡོད་པ་རེད། འདི་ནས་བཤད་རྒྱུ་ཞིག་ལ་གཟའ་འཁོར་རེའི་ཡ་གྲངས་ཀྱི་ཉིན་མ་ཆ་བོའི་ཉིན་གུང་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སློབ་རའི་འགྱུར་ཁུགས་གཏོང་བཞིན་ཡོད་པ་དང་། ཆ་གྲངས་ཀྱི་ཉི་མ་ཆ་བོའི་ཉིན་གུང་ལ་དྲ་ཐོག་ནས་སྔོན་ལ་བར་སྣང་འཕྲིན་གྱི་ཕོ་ཉ་དང་ན་ཆུང་བྱིས་པའི་དགའ་ཚལ་གྱི་ལེ་ཚན་གཉིས་ཚུར་བླངས་ནས་རེས་མོས་སྒོས་འཁོར་བསྐྱོད་ཀྱི་ཚུལ་དུ་བརྒྱུད་གཏོང་བྱས་པ་རེད།  དེ་ལྟར་མ་བྱས་ཚེ་དྲ་ཡི་མྱུར་ཚད་ཀྱི་དབང་གིས་ཆད་མ་མཐུད་བྱས་ནས་ཆ་ཚང་ཞིག་གྲག་མི་ཐུབ་པས་ཉིན་གུང་གི་སྒྲ་གཏོང་བའི་ཆེད་དུ་སྔོན་གྱི་གྲ་སྒྲིག་ཐམས་ཅད་ཀྱང་ཚགས་སུ་ཆུད་པར་བྱས་པ་ཡིན།  ཕྱི་དྲོའི་དུས་ཚོད་ལྔའི་ཐོག་ཏུ་ད་གཟོད་སློབ་རའི་བོད་སྐད་རྒྱང་སྒྲོག་གཏོང་རྒྱུ་མགོ་བརྩམས་པ་ཡིན།   དུས་ཚོད་ལྔའི་གཡས་གཡོན་གྱི་སྐབས་སུ་སློབ་ཐུན་གྲོལ་ནས་ལྷོད་གཡེང་གི་བར་སྟོང་རིང་བོ་ཞིག་ཡོད་ལ། སློབ་མ་ཚང་མ་ཡང་རྩལ་སྦྱང་ར་བའི་གཡས་གཡོན་ནམ་སློབ་རའི་ཟུར་གང་རུང་ན་སོས་དལ་བག་ཕེབས་ངང་བསྡད་ཡོད་པའི་སྐབས་དུས་ཤིག་ཡིན་པའི་རྐྱེན་གྱིས་དེ་དུས་རྒྱང་སྒྲོག་བཏང་ཚེ་འོས་ཤིང་འཚམས་པ་རེད།
            རྒྱང་སྒྲོག་གི་ནང་དོན་མང་ཆེ་བའི་རྒྱུ་ཆ་ཡིན་རྒྱུ་ན་ཁོ་ཚོས་མན་ཆད་ཀྱི་དུས་ཚོད་བེད་སྤྱད་ནས་འཚོལ་སྡུད་བྱས་པ་རེད།  དཔེར་ན། གནའ་གཏམ་བཤད་རྒྱུ་ཡིན་ན་ཆོག་གི ཁེད་དམ་གབ་ཚིག་བཤད་རྒྱུ་ཡིན་ན་ཆོག་གི   ཁ་ཤགས་སམ་བཤད་པ་བཤད་རྒྱུ་ཡིན་ན་ཆོག་གི  གླུ་གླུ་དབྱངས་ལེན་རྒྱུ་ཡིན་ན་ཆོག་གི  སློབ་མ་ཚོར་ངེས་པར་དུ་འཛོམས་དགོས་པ་དང་ཉེ་བར་མཁོ་བའི་རྒྱུན་ཤེས་ཀྱི་ཕྱོགས་ལ་སོགས་པ་ཐམས་ཅད་པོ་སློབ་མ་ཚོར་འགན་བཀྱག་ནས་ཁོ་ཚོར་བཙལ་དུ་བཅུག་པ་ཡིན།  ཕན་ཆད་ཀྱི་སློབ་རའི་ནང་ཁུལ་ལས་གཞན་པའི་གསར་འགྱུར་གྱི་ཕྱོགས་ལ་སོགས་པ་དྲ་ཐོག་གི་དུས་ཐོག་གསར་འགྱུར་དང་སློབ་གྲྭས་མངག་ཉོ་བྱེད་པའི་མཚོ་སྔོན་བོད་ཡིག་གསར་འགྱུར། མཚོ་སྔོན་ཁྲིམས་ལུགས་ཚགས་པར།  གངས་རྒྱན་ན་ཆུང་ཚགས་པར། མཚོ་ལྷོ་ཚགས་པར། རྨ་ལྷོ་ཚགས་པར། ཕན་ཆད་གི་ལྷ་སའི་དགོང་དྲོའི་ཚགས་པར།   གཞིས་རྩེ་ཚགས་པར་ལ་སོགས་པའི་ངོས་ནས་གསར་འགྱུར་གྱི་ནང་དོན་གདམ་བསལ་རང་བཞིན་གྱི་འཚོལ་སྡུད་བྱས་པ་མ་ཟད།  འཚོ་བའི་རྒྱུན་ཤེས། སྣ་མང་ཤེས་བྱ་ལ་སོགས་པ་ཡང་དེར་བསྟུན་སྒོས་འཚོལ་སྡུད་བྱས་ཏེ་གཟའ་འཁོར་གཅིག་གི་ནང་གི་ཉིན་དང་པོ་ལ་འབྲེལ་ཡོད་རླུང་འཕྲིན་གྱི་ནང་དོན་འཚོལ་སྡུད་བྱེད་རྒྱུའི་ཉི་མ་གཏན་འཁེལ་བྱས། ཉིན་གཉིས་པར་རྒྱང་སྒྲོག་གི་ནང་དོན་སྦྱོང་བརྡར་བྱེད་ཞོར་སྒྲ་བླངས་པ་ཡིན། ༼སྒྲ་ལེན་དུས་ཀྱང་དཀའ་ཁག་རབ་དང་རིམ་པ་ཞིག་ལ་ཐུག་པ་སྟེ།  སེམས་འཚབ་ནས་བཤད་སྟངས་ཐད་ནོར་འཆུག་རེ་འགའ་བྱུང་བའམ། སྒྲ་བླངས་པ་ཚད་ཐིགས་ལ་མ་ཐོན་པ་རྣམས་ཡང་བསྐྱར་ཐེངས་འགའ་རེར་སྒྲ་ལེན་པའི་དུས་ཀྱང་ཡོད་པ་རེད༽ཉིན་གསུམ་པར་ད་གཟོད་སྒྲ་བླངས་པ་ཐད་གཏོང་བྱས་པ་ཡིན།  དེའི་འཕྲོར་སློབ་རའི་བོད་སྐད་རྒྱང་སྒྲོག་གི་ལེ་ཚན་གི་ནང་དོན་ཐད་ནས་ཚན་པ་བདུན་ལ་བགར་ཡོད་དེ།
དང་པོ། གསར་འགྱུར་གནད་བསྡུས།
            གསར་འགྱུར་གནད་བསྡུས་ཀྱི་ལེ་ཚན་འདིའི་ནང་དུ་རྒྱལ་སྤྱིའི་གསར་འགྱུར་དང་རྒྱལ་ནང་གསར་འགྱུར།  བོད་ཁམས་གསར་འགྱུར། སློབ་གྲྭའི་གསར་འགྱུར་བཅས་བཀོད་སྒྲིག་བྱས་ཡོད།
གཉིས་པ། རྩོམ་རིག་པད་མའི་གླིང་ག
            རྩོམ་རིག་པད་མའི་གླིང་གའི་ལེ་ཚན་ནང་དུ་མིང་གྲགས་ཅན་གྱི་རྩོམ་པ་པོའི་བརྩམས་ཆོས་ངོ་སྤྲོད་བྱས་པའི་རྗེས་སུ་བརྩམས་ཆོས་གྱེར་འདོན་བྱེད་པ། དཔེར་ན་སྐུ་ཞབས་དོན་གྲུབ་རྒྱལ་ངོ་སྤྲོད་བྱེད་ཞོར་དུ་ཁོའི་བརྩམས་ཆོས་གང་རུང་ཞིག་གྱེར་འདོན་བྱེད་པ་ལྟ་བུ།
གསུམ་པ། གཏམ་གླེང་གཞོན་ནུའི་ལྕགས་ཀྱུ།
            གཏམ་གླེང་གཞོན་ནུའི་ལྕགས་ཀྱུའི་ལེ་ཚན་ནང་དུ་ཆེ་ཕྱོགས་ནས་བཤད་ན་ད་ཡོད་བོད་ཁུལ་སྤྱིའི་གླེང་རིན་ཡོད་པའི་ཕྱོགས་ཁ་བརྡ་བྱ་བ་དང་འབྲེལ་ཡོད་སློབ་གསོའི་ཕྱོགས། སློབ་རའི་ནང་ཁུལ་གྱི་སློབ་སྦྱོང་། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་ནས་གླེང་མོ་བྱེད་པ། དེ་ལ་ཡང་དཔེ་ཞིག་བཞག་ན་སློབ་གྲྭའི་ཟ་ཁང་གི་ཕྱོགས་ན་ཟ་མ་ཆུད་ཟོས་བྱེད་པའི་སྐོར་དང་།   དེའི་འཕྲོ་ནས་ལུས་ཕུང་བདེ་ཐང་ཐད་གནོད་པའི་ཞོར་ཟས་སྔོན་འགོག་གི་ཕྱོགས་ལ་སོགས་པ་ཡ་རབས་བསམ་ཤེས་ཅན་ཁ་བརྡ་བྱས་ན་ཉམས་མྱོང་ཡོད་པའི་སློབ་མ་གདན་འདྲེན་བྱས་ཏེ་ཕན་ཚུན་ལ་གླེང་མོལ་ལམ་ཁ་བརྡ་བྱས་པ་རེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།