logo

༄༅།།བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་གྱིས་བཅར་འདྲི་བྱས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-09-22 ཀློག་གྲངས།:
དངོས་ཡོད་ལས་བརྒལ་བའི་ཚོན་མདངས་སྐོར།
ནན་ཏུའུ། ཁྱེད་ནི་སྒྲུང་གཏམ་རྩོམ་མཁན་ཞིག་ཡིན་པ་མ་ཟད་འཁྲབ་ཁྲིད་པ་ཡང་ཡིན་ལ། བྱ་དགའང་སྣ་ཚོགས་ཐོབ་མྱོང་། རྩོམ་རིག་ཁྱབ་ཁོངས་སུ་ཁས་ལེན་ཐོབ་པ་འདི་གློག་བརྙན་ཁྱབ་ཁོངས་སུ་ཁས་ལེན་ཐོབ་པ་དང་བསྡུར་ན་ཁྱེད་ལ་ཚོར་བ་མི་འདྲ་ས་གང་འདྲ་འདུག
པདྨ་ཚེ་བརྟན། ལོ་འདི་འགར་གློག་བརྙན་ཐད་ནས་བྱ་དགའ་ཐོབ་པ་མང་ནའང་། རང་ཉིད་ལ་མཚོན་ན་དང་ཐོག་ནས་རྩོམ་རིག་ལས་མགོ་བརྩམས་པས། ཐེངས་འདིར་ལྷོ་ཕྱོགས་རྩོམ་རིག་གཟབ་ཚོགས་ཀྱི་ལོ་འཁོར་སྒྲུང་གཏམ་རྩོམ་པ་པོའི་གཟེངས་རྟགས་ཐོབ་པ་འདིས་དོན་སྙིང་ཆེས་ཆེར་ལྡན་ལ་དངོས་གནས་སྤྲོ་སེམས་འཁོལ་བ་ཞིག་རེད།
ནན་ཏུའུ། ཁྱེད་ཀྱི་སྒྲུང་གཏམ་བརྩམས་ཆོས་ནི་དུས་རྒྱུན་མི་དང་རང་བྱུང་། མི་དང་དད་མོས་དབར་གྱི་འབྲེལ་བ་ཙག་ཙིག་ཐག་གཅོད་བྱེད་ཀྱི་འདུག་པས། ཁྱེད་ཀྱིས་བལྟས་ན། བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་དང་དད་མོས་ཀྱི་སྲོལ་རྒྱུན་དེ་ཁྱེད་ཀྱི་གསར་རྩོམ་ལ་འབྲེལ་བ་ག་འདྲ་ཞིག་ཡོད།
པདྨ་ཚེ་བརྟན། བོད་ཁུལ་གྱི་རང་བྱུང་ཁོར་ཡུག་ཡིན་ན་འདྲ། ཆོས་ལུགས་རིག་གནས་ཀྱི་སྲོལ་རྒྱུན་ཡིན་ན་འདྲ། ཚང་མ་ངའི་གསར་རྩོམ་གྱི་ཁུངས་དང་གཞི་ཚུགས་ས་ཡིན།
ནན་ཏུའུ། ཁྱེད་ཀྱི་སྒྲུང་གཏམ་ཁྲོད་སྐབས་འགར་དངོས་ཡོད་ལས་བརྒལ་བའི་ཚོན་མདངས་ཀྱང་ལྡན་ཏེ། 《ལྷིང་འཇགས་ངང་མ་ཎི་བརྐོ》སོགས་བརྩམས་ཆོས་ཁྲོད་མཚོན་པ་ནང་བཞིན། ཁྱེད་རང་འདི་ལྟ་བུའི་ཚོན་མདངས་ལ་ལྟ་ཚུལ་ག་འདྲ་ཡོད།  སྒྱུ་རྩལ་གྱི་ཐག་གཅོད་སྟངས་ཐད་ནས་ལ་ཏིང་མེ་གླིང་སྒྲུང་གཏམ་རྩོམ་པ་པོའི་བརྩམས་ཆོས་ལ་ཟུར་ལྟ་བྱས་མྱོང་ངམ།
པདྨ་ཚེ་བརྟན། བོད་ཀྱི་རིག་གནས་ཁྲོད་མ་གཞི་ནས་དེ་ལྟ་བུ་འཐིབ་ཡོད་པས། དེ་ནི་ངའི་བརྩམས་ཆོས་ཁྲོད་དབང་མེད་དུ་བྱུང་བ་ཞིག་རེད། རྩོམ་འབྲིའི་གོ་རིམ་ཁྲོད་ངས་ཀྱང་ལ་ཏིང་མེ་གླིང་སྒྲུང་གཏམ་རྩོམ་པ་པོའི་བརྩམས་ཆོས་འགའ་རེ་བཀླགས་པ་ཡིན་མོད། འདི་ལྟ་བུའི་སྒྱུ་རྩལ་ཐག་གཅོད་ཐབས་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་གནའ་རབས་རྩོམ་རིག་བརྩམས་ཆོས་ཁྲོད་མང་པོ་ཡོད། དེར་བརྟེན། འདི་ལྟ་བུའི་ཚོན་མདངས་དེ་དེང་རབས་བོད་སྐད་ཀྱི་ལམ་མམ་རྒྱ་སྐད་ཀྱི་ལམ་ནས་གསར་རྩོམ་གནང་མཁན་གྱི་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་ཁྲོད་རང་དབང་དུ་བྱུང་བའི་དོན་ཞིག་རེད།
ནན་ཏུའུ། ཁྱེད་ཀྱིས་ད་ཅི་བཤད་སོང་། དངོས་ཡོད་ལས་བརྒལ་བའི་ཐག་གཅོད་བྱེད་ཐབས་དེ་དོན་དངོས་ཐོག་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་མང་པོ་ཡོད་ཟེར། ཁྱེད་ཀྱིས་འབྲེལ་ཡོད་བརྩམས་ཆོས་འགའ་དཔེ་བརྗོད་ཅིག་གནང་མི་ཐུབ་བམ། ངས་བསམ་ན་ཀློག་པ་པོ་མང་པོར་ཡང་སྤྲོ་བ་ལྡན་ངེས། ཁྱེད་ལ་བརྩམས་ཆོས་འདི་དག་གིས་བློ་བསྐྱེད་བྱུང་བའི་རྣམ་པ་ག་འདྲ་ཡིན་ནམ།
པདྨ་ཚེ་བརྟན། ཅུང་མང་པོ་ཡོད། ཐ་ན་བོད་ཀྱི་ལོ་རྒྱུས་རིག་པའི་བརྩམས་ཆོས་ཁྲོད་ཀྱང་དངོས་ཡོད་ལས་བརྒལ་བའི་སྐོར་ཡོད། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་དཔེ་མཚོན་ཅན་གྱི་ལོ་རྒྱུས་རིག་པའི་བརྩམས་ཆོས་བཀླག་ན། དེའི་ཁྲོད་དོན་དག་ག་གེ་མོ་དང་མི་སྣ་ཞིབ་འབྲི་བྱེད་ཐབས་ཀྱི་ཐད་ནས་ང་ལ་བློ་བསྐྱེད་གང་མང་བྱུང་སོང་། དམངས་ཁྲོད་ཀྱི་རྩོམ་རིག་བརྩམས་ཆོས་ཁྲོད་ལྷག་ཏུ་མང་སྟེ། དཔེར་ན་ང་རང་ཉིད་ཀྱིས་ལོ་ཙཱ་བྱས་པའི《མི་རོ་རྩེ་སྒྲུང》ནི་ལྷག་ཏུ་འདིའི་ཐད་ཀྱི་དཔེ་མཚོན་ཡིན་ལ། ཅུང་ཙམ་ཁཱ་ཨར་ཝེ་ནོས་ལེགས་སྒྲིག་གནང་བའི《དབྱི་ཐ་ལིའི་བྱིས་སྒྲུང》དང་འདྲ་བ་དང་། གཏམ་རྒྱུད་ཀྱི་རིགས་མང་པོ་དང་དོན་དག་བརྗོད་པའི་ཐབས་མང་པོ་འདུས་ཡོད། ཐ་ན་དེའི་སྐད་རིགས་ཀྱང་སྒྲུང་གཏམ་ལ་ཉེ་བའི་དོན་དག་བརྗོད་ཐབས་ཀྱི་སྐད་རིགས་སྤྱད་འདུག་པས། ངས་བལྟས་ན་ནོར་བུ་རྩ་ཆེན་པོ་ཞིག་རེད། ཡིན་ཡང་ད་དུང་དམངས་ཁྲོད་ཀྱི་རྩོམ་རིག་བརྩམས་ཆོས་གང་མང་འདུག་སྟེ། འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོའི་སྒྲུང》ཞེས་པའི་ཁྲོད་ཀྱི་བསམ་གཞིག་ནུས་པ་དང་དོན་དག་བརྗོད་ཐབས་ནི་དངོས་གནས་ངོ་མཚར་བ་ཡིན། བརྩམས་ཆོས་འདི་དག་གིས་དངོས་གནས་སྐད་རིགས་ཀྱི་སྒྱུ་རྩལ་རྣལ་མ་དེ་ཚོར་དུ་འཇུག་སྲིད་ལ། ཏག་ཏག་མ་རྩོམ་གྱི་ཡི་གེའི་ཁྲོད་ད་གཟོད་བོད་སྐད་ཀྱི་ཁྱད་དུ་འཕགས་པའི་མཛེས་ཉམས་དེ་ཚོར་ཐུབ་ཅིང་།  དོན་བརྗོད་དང་བརྗོད་སྟངས་ཐད་ནས་མཚོན་པར་བྱེད་པའི་དངོས་པོ་དེའི་རིགས་ནི་ལོ་ཙཱ་བརྒྱུད་དེ་མཚོན་དཀའ་ལ། མ་ཡིག་ལོ་ཙཱ་བྱས་ཀྱང་ཚོར་དཀའ་བ་ཞིག་ཡིན།
སྐད་ཡིག་དང་སྐད་ཡིག་རྒྱབ་ཀྱི་རིག་གནས།
ནན་ཏུའུ། ཁྱེད་ཀྱི་བརྩམས་ཆོས་ཁྲོད་ཀྱི་རྒྱ་ཡིག་ནི་ཚིག་ཉུང་ཞིང་དོན་གསལ་ལ། ཡང་བྲོ་བ་ཁྱད་པར་ཞིག་ལྡན། ཁྱེད་ཀྱིས་རྒྱ་ཡིག་རྩོམ་འབྲིའི་ཐད་ནས་རྒན་རབས་རྩོམ་པ་པོ་རྣམས་ཀྱི་རྗེས་སྙེག་མྱོང་ངམ། ཁྱེད་ལ་དུས་རབས་གཅིག་པའི་རྒྱ་རིགས་སྒྲུང་གཏམ་རྩོམ་པ་པོའི་སྐད་ཆའི་ཉམས་འགྱུར་ལ་ལྟ་སྟངས་ཅི་ཞིག་ཡོད།
པདྨ་ཚེ་བརྟན། སྒྲུང་རྩོམ་བྲིས་ནས་ད་ལྟའི་བར་རྒན་རབས་རྩོམ་པ་པོ་མང་པོའི་རྗེས་སྙེག་ལོས་ཡོད། སྐད་ཆའི་ཉམས་འདི་ལྟ་བུའང་རིམ་པ་བཞིན་ཆགས་པ་ཞིག་ཡིན་ལ། ངས་བལྟས་ན་འདི་ནི་ཕྱོགས་བསྡུས་ཤུགས་རྐྱེན་ལས་བྱུང་བའི་འབྲས་བུ་ཞིག་རེད། ཡིན་ཡང་འདི་ནི་རང་གི་རྒྱུད་ལས་བྱུང་བའི་གཤིས་ཀའམ་བརྗོད་སྟངས་ལའང་རག་ལས། དུས་རབས་གཅིག་པའི་རྒྱ་རིགས་སྒྲུང་གཏམ་རྩོམ་པ་པོའི་སྐད་ཆའི་ཉམས་འགྱུར་གྱི་ལྟ་སྟངས་ཐད་ནས་རྩོམ་པ་པོ་ལ་ལར་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་སྐད་ཆའི་ཉམས་ཤིག་འདུག་ལ། ཁྱེད་ཀྱིས་རྩོམ་པ་པོའི་མིང་ལ་མ་བལྟས་ཀྱང་སུའི་བརྩམས་ཆོས་ཡིན་པ་ཤེས་ཐུབ། འགའ་ཤས་ནི་མངོན་གསལ་མིན་པའམ་མི་འདུག
ནན་ཏུའུ། ཁྱེད་ཀྱི་སྒྲུང་ཐུང《ལུག་བརྒྱད》ཅེས་པའི་ཁྲོད་དབྱིན་སྐད་བཤད་པའི་ཨ་རི་བ་དང་བོད་སྐད་ལས་བཤད་མི་ཤེས་པའི་བུ་ཆུང་གཉིས་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་སྣང་བརྙན་བྲིས་འདུག་ལ། སྒྲུང་གཏམ《རྐང་རྗེན་སྨན་པ》ཁྲོད་ཀྱང་རྐང་རྗེན་སྨན་པ་ཞེས་པའི་ཐ་སྙད་འདིར་གོ་བ་ལོན་དཀའ་བ་བརྗོད་ཡོད། དེ་ན་ཁྱེད་ཀྱིས་སྐད་རིགས་མི་གཅིག་པ་བཤད་པའི་མི་རྣམས་ཀྱིས་སྐད་རིགས་ལ་ཚོར་བ་མི་འདྲ་བ་ཡོད་པར་ཇི་ལྟར་ལྟ། ཁྱེད་རང་ཉིད་ལ་སྐད་རིགས་འབྲེལ་འདྲིས་ཀྱི་དཀའ་ཁག་བྱུང་མྱོང་ངམ།
པདྨ་ཚེ་བརྟན། ཕྱོགས་གཅིག་ནས་སྐད་རིགས་རང་སྟེང་ནས་བྱུང་བའི་འབྲེལ་འདྲིས་དཀའ་ཁག་སྟེ། དཔེར་ན་ཁྱེད་ཀྱིས་བོད་ཡིག་མི་ཤེས་པའམ་བོད་ཡིག་ལ་ཆ་རྒྱུས་མེད་པའི་གནས་ཚུལ་འོག  བོད་སྐད་ལས་མི་ཤེས་པའི་མི་ཞིག་ལ་འབྲེལ་འདྲིས་བྱེད་ན་དཀའ་ཁག་ཆེན་པོ་ལྡན། ཡིན་ཡང་ལག་པ་སོགས་གཞོགས་འདེགས་ཀྱི་ཐབས་ལ་བརྟེན་ན་འབྲེལ་འདྲིས་ཅུང་ཙམ་བྱ་ཐུབ་མོད། གཏིང་ཟབ་པའི་འབྲེལ་འདྲིས་བྱེད་དཀའ། སྒྲུང་ཐུང《ལུག་བརྒྱད》ཀྱི་ཁྲོད་བྲིས་པ་ནང་བཞིན། ང་ཚོ་དངོས་ཡོད་འཚོ་བའི་ཁྲོད་ཀྱང་རྒྱུན་དུ་འདི་ལྟ་བུའི་གནད་དོན་ལ་འཕྲད་སྲིད། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་ཕྱི་ངོས་ནས་སྐད་རིགས་ག་གེ་མོ་ཤེས་ནའང་། མི་རིགས་ག་གེ་མོའམ་ས་ཁོངས་ག་གེ་མོ། རྒྱལ་ཁབ་ག་གེ་མོའི་རིག་གནས་མི་མཚུངས་པའི་དབང་གིས་འབྲེལ་འདྲིས་ལ་དཀའ་ཁག་འབྱུང་སྲིད།
ང་ཚོས་ལོ་ཙཱ་བྱེད་པའི་གོ་རིམ་ཁྲོད་རྒྱུན་དུ་འདི་ལྟ་བུའི་གནད་དོན་ལ་འཕྲད་སྲིད། ཁ་སྐད་དང་ཡིག་ཐོག་ལོ་ཙཱ་གང་ཡིན་ཡང་། ཡིད་བརྙན་མི་མཐུན་པའི་དབང་གིས་གོ་བ་ལེན་སྟངས་མི་འདྲ། དཔེར་ན红红的太阳ཞེས་པ་འདི་རྒྱ་སྐད་དུ་ལེགས་ཕྱོགས་ལ་གོ་བ་ལེན་ཡང་། བོད་སྐད་དུ་ལྟས་ལེགས་པོ་ཞིག་ལ་མི་བསམ། དེར་བརྟེན་ལོ་ཙཱ་བྱེད་དུས་ཡིད་བརྙན་མི་འདྲ་བར་གཞིག་སྟེ་བལྟོས་བཅས་ཀྱི་ཐ་སྙད་དམ་ཡིད་བརྙན་འདེམ་དགོས། ཡང་དཔེར་ན་རྐང་རྗེན་སྨན་པ་ཞེས་པའི་ཐ་སྙད་ལ་མཚོན་ན། རྒྱ་སྐད་དུ་ཁྱབ་རྒྱ་ཆེ་བས་མི་ཚང་མས་དེའི་ཡིག་ངོས་དང་ནང་དོན་ཤེས་སླ་ནའང་། བོད་སྐད་དུ་ཐད་སྒྱུར་བྱས་པའི་དབང་གིས་མི་མང་པོ་ཞིག་གིས་དེའི་དོན་ངོ་མར་གོ་བ་ལོན་དཀའ་ཞིང་། དེའི་དོན་ལ་ལྷམ་མི་གྱོན་པར་རྐང་རྗེན་དུ་འགྲོ་བའི་སྨན་པར་གོ་བ་བླངས་པས་དགོད་གཏམ་འགའ་བྱུང་བ་རེད། འདི་ལྟ་བུའི་དགོད་གཏམ་མང་པོ་འདུག ང་རང་ཉིད་ཀྱིས་ཀྱང་སྐད་རིགས་གཞན་གྱིས་བརྗོད་པའམ་རྩོམ་འབྲི་དུས་རྟག་ཏུ་འདི་ལྟ་བུའི་གནད་དོན་ལ་འཕྲད་པ་ཡིན། དེ་ན་ཐག་གཅོད་བྱེད་ཐབས་ནི་གང་ནུས་ཅི་ལྕོགས་ཀྱིས་ཁྱེད་ཀྱིས་བེད་སྤྱོད་བྱ་བའི་སྐད་རིགས་དེ་དང་དེའི་རྒྱབ་ཀྱི་རིག་གནས་ལ་གཏིང་ཟབ་ཏུ་རྒྱུས་ལོན་བྱེད་དགོས། གལ་སྲིད་ཁྱེད་རང་སྐད་རིགས་གཉིས་དང་དེའི་རིག་གནས་ལ་རྒྱུས་ལོན་ནམ་བྱང་ཆུབ་པ་ཡིན་ན། ཚིག་མཛོད་ལ་བརྟེན་ནས་ལོ་ཙཱ་བྱེད་མཁན་ཞིག་མ་ཡིན་པར་ཁྱེད་རང་དབང་མེད་དུ་ལོ་ཙཱ་བ་ལེགས་པོ་ཞིག་ཏུ་འགྱུར་བ་ཡིན།
སྔར་ལས་རྩོམ་འབྲི་བར་གཞོལ་བ།
ནན་ཏུའུ། 《ཨོ་རྒྱན་གྱི་སོ》ཞེས་པའི་དཔེ་ཆའི་ཁྲོད་བརྩམས་ཆོས་འགའ་ཤས་ནི་ལོ་མང་པོའི་སྔོན་ལ་བྲིས་འདུག སྤྱིའི་ཆ་ནས་བཤད་ན། ཁྱེད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་ཚད་མང་པོ་མི་འདུག་པ་འདྲ། ཐེངས་འདིར་ལྷོ་ཕྱོགས་རྩོམ་རིག་གཟབ་ཚོགས་ཀྱི་མཐའ་མའི་ཞིབ་དཔྱད་ཚོགས་འདུའི་སྟེང་། དཔྱད་འདེམ་པ་ལ་ལས་རྗེས་ཕྱོགས་ཀྱི་གློག་བརྙན་གསར་རྩོམ་གྱིས་ཁྱེད་ཀྱི་སྒྲུང་གཏམ་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁུར་བྱེད་ཀྱི་འདུག  ཁྱེད་རང་ཉིད་ལ་མ་འོངས་པའི་སྒྲུང་གཏམ་གསར་རྩོམ་ཐད་འཆར་གཞིའམ་བསམ་ཚུལ་ག་འདྲ་ཡོད།
པདྨ་ཚེ་བརྟན། འདིའི་ཐད་ནས་ང་རང་ཉིད་ལའང་སེམས་ཁུར་ཆེན་པོ་འདུག སྐབས་མང་པོར་སྒྲུང་གཏམ་གྱི་འཆར་སྣང་ལེགས་པོ་ཡོད་ནའང་། དུས་ཚོད་སོགས་ཀྱི་དབང་གིས་ལག་བསྟར་བྱེད་དཀའ། ཅིག་བསམ་ན་དངོས་གནས་ཡིད་འགྱོད་སྐྱེས་པའི་དོན་ཞིག་དང་། གྱོང་གུད་ཆེན་པོ་རེད། མ་འོངས་པར་ང་རང་ལ་གསར་རྩོམ་གྱི་འཆར་གཞི་མང་པོ་ཡོད་དེ། སྒྲུང་ཐུང་གཙོས་པའི་སྒྲུང་རིང་ཡང་ཡོད། ཡིན་ཡང་ཡོངས་སུ་ལག་བསྟར་བྱེད་ཐུབ་པར་སྨོན། དེ་ལ་ངས་རང་ཉིད་ཀྱི་དུས་ཚོད་ལེགས་པོར་བཀོད་སྒྲིག་བྱས་ཏེ་སེམས་ཤུགས་འདོན་ངེས་ཡིན། ངས་མ་འོངས་པར་སྔར་ལས་ལྷག་པར་གསར་རྩོམ་གནང་ཐུབ་པར་རེ་བ་འཆིང་གིན་ཡོད། སྐད་རིགས་ཀྱི་སྟེང་ནས་ཀྱང་རྒྱ་སྐད་ཡིན་པའི་ངེས་པ་མེད་ཅིང་། སྔོན་ཆད་ལྟར་དོན་སྙིང་ལྡན་པའི་ཕལ་སྐད་སྒྲུང་རྩོམ་འགའ་འབྲི་རྒྱུར་རེ་བ་ཆེ།
པདྨ་ཚེ་བརྟན་གྱི་སྤྱི་སྟེགས་ལས་བཤུས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།