༄༅། །བརྩམས་སྒྲུང«སོར་གདུབ»ཀྱི་ཕྱི་ནང་བཀྲོལ་པ།
རྩོམ་པ་པོ།:དཔལ་ལྡན་རྒྱ་མཚོ།
ཡོང་ཁུངས།:ས་སྡེ་གནམ་སྡེ་འཕྲིན་སྟེགས།
དུས་ཚོད།:2021-11-17
ཀློག་གྲངས།:
༄༅། །བརྩམས་སྒྲུང«སོར་གདུབ»ཀྱི་ཕྱི་ནང་བཀྲོལ་པ།
དཔལ་ལྡན་རྒྱ་མཚོ།
ཉེ་ལམ་ཁྱོད་ཀྱི་བརྩམས་སྒྲུང་སོར་གདུབ་བཀླགས་པའི་མོད་ལ་དྲན་འཆར་སྣ་ཚོགས་ཤིག་བྱུང་བར་གཞི་བཅོལ་ནས་དེའི་སྐོར་གྱི་སྐད་ཆ་རེ་འགའ་འདྲི་དགོས་བྱུང་བས། ཉིད་ཀྱི་སློབ་སྦྱོང་དང་གསར་རྩོམ་གྱི་དུས་ཚོད་ལ་རེ་ཞིག་བར་ཆད་བཟོ་དགོས་བྱུང་བར་བཟོད་གསོལ་ཞུས་པ་ཡིན།
མདོ་སྨད་ཧེ་རུ་ཀ བརྩམས་སྒྲུང་སོར་གདུབ་ལ་མཚོན་ན། བུད་མེད་གསུམ་གྱི་གཏམ་རྒྱུད་ལ་སྦྱར་ནས་བྲིས་པ་ཞིག་རེད། འདི་ལྟ་བུའི་གཏམ་རྒྱུད་དགོངས་སྙིང་དུ་བཅིངས་ནས་བྲིས་པའི་བརྩམས་སྒྲུང་ལ་ལོ་རབས་དགུ་བཅུའི་ནང་དུ་རྩོམ་པ་པོ་གཡང་མཚོ་སྐྱིད་ཀྱི«རྩྭ་ཐང་གི་ཉིན་ཐོ»ཡོད་པ་དང་། ཉེ་ལམ་ཚེ་རིང་ནོར་བུ་ལགས་ནས་བརྩམས་པའི«ཟླ་བ་གཞོན་ནུ»ཡང་དེ་དང་འདྲ། སྔ་མ་ནི་ཨ་མདོའི་ཡུལ་གྱི་རྩྭ་ཐང་གི་བུད་མེད་གསུམ་སྟེ། ཨ་མ་དཔལ་མོ་དང་འཛོམས་སྐྱིད། བུ་མོ་སྒྲོལ་དཀར་བཅས་ཀྱི་མི་ཚེའི་ལས་དབང་གི་ཁུད་སོར་གཉེན་སྒྲིག་གི་ལྟ་གྲུབ་བཅོལ་ནས་བྲིས་པ་ཞིག་དང་། ཕྱི་མ་ནི་ལྷ་སའི་སྐུ་དྲག་གི་ཁྱིམ་རྒྱུད་དུ་སྐྱེས་པའི་མི་སྣ་པད་མ་དབྱངས་ཅན་དང་ཁོ་མོའི་ཨ་མ། ཨ་ཕྱི་གསུམ་གྱི་མི་ཚེའི་ལས་དབང་གི་གྱེས་གདུང་སྐྱོ་གར་དུ་བྲིས་པ་ཞིག་རེད། ཁྱོད་ཀྱི་བརྩམས་སྒྲུང«སོར་གདུབ»ལ་མཚོན་ནའང་། སྔར་བཞིན་བུད་མེད་གསུམ་གྱི་ལས་དབང་བརྩེ་དུང་ལ་བརྒྱུས་ནས་བྲིས་ཡོད་པ་ཞིག་རེད། མི་སྣ་དེ་དག་ནི་ཉི་ཧོང་གི་བུ་མོ་ཅིན་ཙི་དང་བོད་རིགས་བུ་མོ་ལྷ་སྒྲོན། ད་དུང་ཕུལ་བྱུང་སྒྲོལ་མ་བཅས་རེད། བརྩམས་སྒྲུང་གསུམ་གྱི་སྤྱིའི་མི་སྣ་བུད་མེད་གསུམ་དུ་བདམས་པའི་གཏམ་རྒྱུད་ཀྱི་ཕྲེང་རྡོག་གཅིག་ཏུ་ཡོད་ནའང་། ཡུལ་ཁམས་ཀྱིས་བསྐྱེད་པའི་རིག་གནས་དགོངས་གཞི་སོ་སོར་བཀྲལ་ནས་བྲིས་ཡོད། ལྷག་དོན་ཁྱོད་ཀྱི་བརྩམས་སྒྲུང«སོར་གདུབ»ལས་མངོན་པའི་མི་སྣ་ཅིན་ཙི་ཡུལ་ཁོངས་ཉི་ཧོང་ནས་བྱས་པས། བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་རྒྱལ་ཁོངས་བརྒལ་བར་བྱས་པའི་ཧེ་བག་ཡོད། འདིའི་ཕྱོགས་ནས་ང་ལ་མཚོན་ན། རྩོམ་པ་པོ་རིག་ལྡན་རྒྱ་མཚོའི«གནའ་གྲོང»ལས་ལྷ་སའི་མི་སྣTཟུང་ཟླ་བ་ཨ་མདོའི་བརྩམས་སྒྲུང་ཁྲོད་དུ་སླེབས་པར་བྱས་པ་དེ་བར་བརྒལ་ཞིག་ཏུ་ངོས་འཛིན་བྱས་ཡོད་པས། ཁྱོད་ཀྱིས་མི་སྣ་ཅིན་ཙི་བརྩམས་སྒྲུང་ཁྲོད་དུ་བཀོད་སྒྲིག་བྱས་པར་རིག་གནས་ཀྱི་རྒྱབ་ལྗོངས་ག་འདྲ་ཞིག་ལ་རྐྱེན་བཅོལ་བ་ཡིན་ནམ།
སྙན་བུ། ཁྱེད་ཀྱི་དྲི་བ་འདི་ལ་ཕྱོགས་གསུམ་ནས་ལན་གདབ་པར་བྱ་སྟེ།
གཅིག ན་ནིང་གི་ལོ་མཇུག་ཏུ་ངས་རང་གི་བརྩམས་སྒྲུང་དག་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཕྱི་མིག་ལན་ཞིག་བལྟས་ཚེ། ཡ་མཚན་པ་ཞིག་ལ་བརྩམས་སྒྲུང་ཕལ་ཆེ་བར་བུད་མེད་ཀྱི་ལས་དབང་རྐྱང་རྐྱང་བྲིས་འདུགསྐབས་དེར། ངས་རེ་ཞིག་གནད་དོན་འདིའི་ཐད་ལ་བསམ་བློ་ཞིབ་མོ་ཞིག་གཏོང་དགོས་བྱུང་། རང་གི་བརྩམས་ཆོས་དག་ཏུ་བུད་མེད་ཀྱི་སྣང་བརྙན་མང་པོ་འབུར་དུ་ཐོན་ཡོད་པའི་རྒྱུ་མཚན་ཅི། རང་གི་བརྩམས་ཆོས་དག་ཏུ་བུད་མེད་ཀྱི་ལས་དབང་སྣ་ཚོགས་ཁུར་དུ་བླངས་ཡོད་པའི་དགོས་པ་ཅི། བརྩམས་སྒྲུང་སྔོན་མ་དེ་དག་འབྲི་སྒང་ལ་ངས་གནད་དོན་འདི་ལ་ཁྱོན་ནས་མནོ་བསམ་བཏང་མ་མྱོང་། བུད་མེད་དེ་དག་གི་སྣང་བརྙན་དང་ལས་དབང་ནི་ངས་བསམ་བཞིན་དུ་བཞེངས་སྐྲུན་དང་བསམ་བཞིན་དུ་འཚོལ་སྙེག་བྱས་པ་ཞིག་མིན་པར། ཁོང་ཚོ་ནི་ངང་ངམ་ཤུགས་ཀྱིས་ངའི་བློས་སློང་གི་བར་སྣང་དུ་མངོན་འདུག་ལ། ཁོང་རྣམ་ནི་ངང་ངམ་ཤུགས་ཀྱིས་ངའི་བརྩམས་ཆོས་ཀྱི་བརྗོད་སྙིང་དུ་སིམ་འདུག རྒྱུ་མཚན་ཅི། ངས་ཅིའི་ཕྱིར་བུད་མེད་ཀྱི་ལས་དབང་ལ་དེ་འདྲའི་དོ་ཁུར་བྱེད་དགོས་སམ། འདི་ནི་མཐར་གཏུགས་ན་རྒྱུ་དང་རྐྱེན་གང་ཞིག་ལ་ཐུག་ཡོད་དམ། ངས་འདི་ལྟར་བསམ་བློ་ཡང་ཡང་བཏང་མུས་སུ། ང་ལ་རིམ་གྱིས་ཤེས་རྟོགས་སད་སུད་ཅིག་བྱུང་བར་བསྟུན། ངས་རྒྱུ་རྐྱེན་རེ་འགའ་ཞིག་ཀྱང་རང་ཤུགས་ཀྱིས་རྙེད་ཐུབ་པ་བྱུང་སོང་། དེ་ནི་ཁོ་བོ་འཚར་ལོངས་བྱུང་སའི་ཁོར་ཡུག་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་རག་ལས་ཆེན་པོ་འདུག་སྙམ་སྟེ། གང་ལགས་ཤེ་ན། དུས་རབས་ཉེར་གཅིག་པའི་སྔ་རོལ་དུ། རང་རེའི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཁྲོད་སྤྱི་ཚོགས་སྟེང་སྐྱེས་མའི་རིན་ཐང་དང་ཐོབ་ཐང་ལ་བརྩི་མཐོང་བྱེད་མཁན་ཧ་ཅང་དཀོན་ཏེ། བོད་ཀྱི་དེང་རབས་སྐྱེས་མའི་རྩོམ་རིག་ཁྲོད་དུ་སྐྱེས་མ་རྣམས་རྐྱེན་ངན་བར་ཆད་ལ་འཕྲད་སྐབས་དེ་ནི་རང་ཉིད་ཀྱི་ལས་དབང་དམན་པ་ལས་བྱུང་བ་རེད་སྙམ་པའི་སེམས་ཁམས་ཤིག་ཡོད་པའི་དཔེ་གཞི་མང་པོ་མཐོང་རྒྱུ་ཡོད་པར་མ་ཟད། དངོས་ཡོད་འཚོ་བའི་ཁྲོད་དུ་སྐྱེས་མ་རྣམས་ཀྱིས་དེ་བས་ཀྱང་རང་ཉིད་དམན་སར་འཛིན་པའི་བག་ཆགས་ཤིག་རང་བཞིན་གྱིས་གྲུབ་འདུག སྲོལ་རྒྱུན་གྱི་འདུ་ཤེས་དེ་འདྲའི་འོག་ཏུ་ཁོ་བོའི་ཕ་ཡུལ་གྱི་བུད་མེད་དག་ཀྱང་བག་ཆགས་དེ་ལས་འགོངས་ཐུབ་མེད་པར་རང་དམན་གྱི་འདུ་ཤེས་ཤིག་ངང་གིས་ཆགས་ཡོད་ཅིང་། སྐྱེས་པ་རྣམས་ཀྱིས་བུད་མེད་ལ་བཟུང་བའི་ལྟ་སྟངས་ལ་ཡང་སྔར་སྲོལ་བཞིན་དུ་འགྱུར་བ་ཅི་ཡང་བྱུང་མི་འདུག ཁོ་བོ་ཆུང་དུས་སུ་ཨ་མ་ལགས་ཀྱིས་འདུ་ཤེས་དེ་འདྲའི་འོག་ཏུ་དཀའ་སྡུག་དང་མནར་གཅོད་མང་ཙམ་མྱངས་མྱོང་ལ། ཕོ་མཆོག་མོ་དམན་གྱི་ལྟ་སྟངས་དེས་སྡེ་བའི་ནང་གི་མནའ་མ་བྱིངས་དང་བུ་མོ་ཕལ་ཆེ་བ་ཡང་གནས་ཡུལ་མི་སྐྱིད་པ་དང་བཟའ་ཚང་མི་མཐུན་པ། ཁྱིམ་ཚང་གི་འགན་འཁྲི་ལྕི་བ་དང་རང་བདག་གི་འདུ་ཤེས་ཞན་པའི་གནས་བབ་སྐྱོ་བོ་ཞིག་ཏུ་ལྷུང་ཡོད་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད། ཁོ་བོས་ནི་ཆུང་དུས་ནས་བུད་མེད་དེ་དག་གི་ལས་དབང་དམན་པའི་གནས་བབ་སྐྱོ་བོ་གང་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་བ་ཞིག་དངོས་སུ་སྐྱེས་མྱོང་བ་ད་ལྟ་གསལ་པོར་དྲན་ཐུབ་ལ། ཁྱིམ་མཚེས་ཀྱི་མནའ་མ་ཞིག་ཉིན་ལ་ཟླ་དང་། ཟླ་ལ་ལོ་མཐུད་ནས་ཕྱུགས་རྫིར་ཏག་ཏག་སོང་སྟེ་དཀའ་སྡུག་མང་པོ་མྱོང་གིན་པའི་གནས་བབ་སྐྱོ་བོ་དེ་གཞིར་བཟུང་ནས་ཉིན་ཐོ་ཞིག་བྲིས་པའང་དྲན་རྒྱུ་འདུགད་ལྟ་ཞིབ་ཏུ་བསམས་ན། ཕལ་ཆེར་རྒྱུ་རྐྱེན་དེ་འདྲ་ཞིག་གི་དབང་གིས་བུད་མེད་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས་པའི་བག་ཆགས་ཤིག་ཁོ་བོའི་འདུ་ཤེས་ཀྱི་ཟབ་ས་རུ་ངང་ངམ་ཤུགས་ཀྱིས་བཞག་སོང་བ་ཡིན་པར་འདོད་ཅིང་། ཕྱིས་སུ་བག་ཆགས་དེ་དག་རང་གི་བརྩམས་ཆོས་སུ་བསམ་བཞིན་མ་ཡིན་པར་ནར་མའི་ཚུལ་དུ་བྱུང་བ་ཡང་གནས་ལུགས་དང་མཐུན་པར་འདོད་བཞིན་ཡོད།
གཉིས། ཁོ་བོ་ཉི་ཧོང་གི་རྩོམ་རིག་ལ་ཧ་ཅང་དགའ། ཉི་ཧོང་གི་སྙན་ངག་པ་དང་བརྩམས་སྒྲུང་པ་སྐོར་ཅིག་ངས་རང་གི་རྩོམ་རིག་གི་དེད་དཔོན་དུ་བརྩིས་ནས་ཁོང་རྣམ་པར་རྒྱུན་དུ་སློབ་སྦྱོང་དང་གུས་འདུད་ཞུ་བཞིན་ཡོད། ཕལ་ཆེར་ངའི་སྙན་ངག་དང་བརྩམས་སྒྲུང་ལ་ཤུགས་རྐྱེན་ཐེབས་པ་ཆེ་ཤོས་ཀྱང་ཉི་ཧོང་གི་རྩོམ་པ་པོ་འགའ་ཞིག་ཡིན་ངེས། ཡིན་ཡང་ཉི་ཧོང་གི་རྩོམ་པ་པོ་དེ་དག་ལ་དངོས་སུ་སློབ་སྦྱོང་དང་དད་གུས་ཆེན་པོ་བྱུང་བའི་དུས་ནི་ཧ་ལམ2019ལོ་ཡིན་ཏེ། འདིའི་ཡར་སྔོན་དུ་ཁོ་བོས་ཧ་ཅང་རྒྱུས་མངའ་ཡོད་པའི་ནུབ་གླིང་གི་རྩོམ་པ་པོ་གྲགས་ཅན་སྐོར་ཅིག་གི་བརྩམས་ཆོས་དག་ལག་ལ་གང་སོན་དང་མིག་གིས་གང་མཐོང་དུ་བཀླགས་པ་མ་གཏོགས། རང་ཉིད་ཤིན་ཏུ་དགའ་བའི་དམིགས་བསལ་གྱི་རྩོམ་པ་པོ་ཞིག་ཧ་ལམ་བགྲང་རྒྱུ་མི་འདུག སྤྱིར་གསར་རྩོམ་གྱི་གོ་རིམ་ནི་འཚོལ་སྙེག་གི་གོ་རིམ་ཞིག་ཀྱང་ཡིན་པས་ན། ཁོ་བོས་དཔེ་ཀློག་མང་དུ་བྱས་པའི་བརྒྱུད་རིམ་ཁྲོད། བརྩམས་ཆོས་བརྒྱུད་ནས་བརྩམས་ཆོས་རྙེད་ཅིང་། རྩོམ་པ་པོ་བརྒྱུད་ནས་རང་ཉིད་ལ་ཤིན་ཏུ་འཚམ་པའི་རྩོམ་པ་པོ་རེ་འགའ་ཡང་གཞི་ནས་རྙེད་བྱུང་། ཉི་ཧོང་གི་བརྩམས་སྒྲུང་པ་ཡ་སུ་ན་རི·ཁ་ཝ་བྷ་ཐ་ནི་ཁོ་བོས་བརྩམས་ཆོས་བརྒྱུད་ནས་རྙེད་པའི་རྩོམ་པ་པོ་ཞིག་ཡིན་ཏེ། ཁོ་བོས་ཁོང་གི་བརྩེ་དུང་གི་བརྩམས་སྒྲུང་ཕལ་ཆེ་བ་ཡང་ནས་ཡང་དུ་བཀླགས་པའི་གོ་རིམ་ཁྲོད། ཁོང་གི་བརྩམས་སྒྲུང་གི་སྐད་ཆའི་མཛེས་པ་དང་མཚོན་ཐབས་ཀྱི་སྒྱུ་རྩལ། ཐུན་མོང་མ་ཡིན་པའི་བློས་སློང་སོགས་ཀྱིས་ཁོ་བོར་བག་ཆགས་ཟབ་མོ་བཞག་ཅིང་ཤུགས་རྐྱེན་ངེས་ཅན་ཐེབས། ཁོ་བོའི་བརྩམས་སྒྲུང«སོར་གདུབ»ནང་གི་བུ་མོ་ཅིན་ཙིའི་སྣང་བརྙན་དང་གཤིས་ཀ་ཡང་མདོར་དྲིལ་ན་རྩོམ་པ་པོ་ཁོང་གི་ཤུགས་རྐྱེན་འོག་ཏུ་བྱུང་བ་ལས་མ་འདས།
གསུམ། ཁོ་བོས་ཡུལ་ཁོངས་ཉི་ཧོང་ནས་ཡིན་པའི་མི་སྣ་ཅིན་ཙི་བརྩམས་སྒྲུང་དུ་འདྲེན་དགོས་པ་འདི་ལ་མནོ་བསམ་བཏང་མྱོང་སྟེ། འདི་ནི་བསམ་བཞིན་ཡུལ་ཁོངས་རྒྱ་བསྐྱེད་པ་དང་ཡང་ན་རིག་གནས་ཀྱི་རྒྱབ་ལྗོངས་ཤིག་ལ་རྐྱེན་བཅོལ་ནས་བཀོད་སྒྲིག་བྱས་པ་མ་ཡིན་པར། རྩོམ་རིག་གི་ངོས་འཛིན་ཞིག་ལ་རག་ལས་ཡོད་པར་འདོད་དེ། ཁོ་བོས་རྩོམ་རིག་ནི་དངོས་ཡོད་དང་དངོས་ཡོད་ལས་བརྒལ་པའི་མཛེས་པ་མཐར་ཐུག་ཅིག་ལ་ངོས་འཛིན་བཞིན་ཡོད། དེ་ཡི་ཕྱིར་ན། ཉི་ཧོང་གི་བུ་མོ་ཞིག་རང་གི་བརྩམས་ཆོས་སུ་དྲངས་པ་དེ་བརྩམས་སྒྲུང་ལ་སྒྱུ་རྩལ་གྱི་མཛེས་པ་ཞིག་བསྐྲུན་ཕྱིར་དང་། རྒྱལ་མཚམས་དང་རིགས་རུས་ཀྱི་མཆོག་དམན་མེད་པའི་བར་སྟོང་རྒྱ་ཆེན་པོ་ཞིག་བཞེངས་འདོད་པས་ཡིན། རང་རེའི་རྩོམ་མཁན་རྒན་པ་སྐོར་ཅིག་གིས་ང་ལ་ཁ་བསྒོ་བའི་ཚུལ་དུ་སྒྲུང་གཏམ་ལ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་དགོས། གྲོང་ཁྱེར་གྱི་འཚོ་བ་གལ་ཆེ་ཡང་གཙོ་བོ་ཞིང་འབྲོག་གི་འཚོ་བ་འབྲི་རྒྱུ་གལ། ཁྱོད་ཚོ་གཞོན་རབས་པ་ཚོའི་སྒྲུང་གཏམ་ནང་གི་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་མ་རེད་ཅེས་དགོངས་འཆར་མོད་པོ་བཏོན་མྱོང་། ཡིན་ཡང་། ཁོ་བོས་ནི་གུས་ཉམས་དང་བཅས་ཡ་ཡ་ཞེས་ཨ་ལན་སྟབས་བདེ་ཞིག་བསྐྱོན་པ་མ་གཏོགས། ཁོང་ཅག་གི་བསམ་འཆར་ཡོད་ཚད་དང་ལེན་བྱས་པ་མིན། རྒྱུ་མཚན་ཁོ་བོ་ནི་ལྟ་སྟངས་དེ་དག་ལ་མོས་མཐུན་དེ་ཙམ་མེད། 2019ལོའི་རྗེས་ཀྱི་བརྩམས་སྒྲུང་དག་ཏུ་ཁོ་བོས་མི་སྣའི་སེམས་ཁམས་ཞིབ་འབྲི་གཙོར་བཟུང་བ་ཡིན་པས་སྲོལ་རྒྱུན་བརྩམས་སྒྲུང་གི་འབྲི་སྟངས་དང་འདུ་ཤེས་འཛིན་སྟངས་དེ་དག་དེ་ཙམ་ལྷུར་ལེན་བྱས་པ་མིན། དུས་རབས་གསར་པའི་བརྩམས་སྒྲུང་དུ་ཅིས་ཀྱང་མི་སྣའི་སྣང་བརྙན་གསོན་པོ་ཞིག་བཞེངས་སྐྲུན་བྱེད་དགོས་པའི་ངེས་པ་གཏན་ནས་མི་འདུག་ལ། བརྩམས་སྒྲུང་ནང་དུ་ངེས་པར“ཕ་ཡུལ”ཅིག་འབྲི་དགོས་པའི་ངེས་པའང་མི་འདུག་པར་སྙམ། རྩོམ་པ་པོ་རེ་ལ་རང་རང་གི་གདམ་ག་རེ་ཡོད་པས། བརྩམས་སྒྲུང་ནི་ངེས་པར་འདི་ལྟར་དུ་འབྲི་དགོས་ཞེས་སྒྲིག་སྲོལ་ཞིག་དང་སྤྱི་འགྲོས་ཤིག་གཏན་ནས་མེད། ངས་བསམས་ན་རྩོམ་པ་པོ་ཞིག་ལ་མཚོན་ན་རྩོམ་རིག་གི་བློ་སྦྱོང་གལ་ཆེ་མོད། དེ་ལས་ཀྱང་གལ་ཆེ་བ་ནི་རྩོམ་རིག་གི་བློ་རྒྱ་ཡིན་པར་འདོད། ང་ཚོའི་རྩོམ་པ་པོ་མང་ཆེ་བར་རྩོམ་རིག་གི་བློ་སྦྱོང་ཡོད་ནའང་རྩོམ་རིག་གི་བློ་རྒྱ་དེ་ཙམ་མི་འདུག ཁོ་བོས་རྩོམ་པ་པོ་པད་མ་ཚེ་བརྟན་དང་ཚེ་རིང་ནོར་བུ། རིག་ལྡན་རྒྱ་མཚོ་སོགས་རེ་འགའ་ཞིག་ནི་བློ་སྦྱོང་ཡོད་ལ་བློ་རྒྱ་ཡང་ཡོད་པའི་གྲས་སུ་བགྲང་གིན་ཡོད།
མདོ་སྨད་ཧེ་རུ་ཀ བརྩམས་སྒྲུང་འདིའི་བརྗོད་སྙིང་བརྩེ་དུང་གི་གཏམ་རྒྱུད་དུ་བྱས་པས། ནང་དོན་གྱི་ཆ་ནས་ཡངས་པ་ཅན་དུ་ཡོད། བརྩེ་དུང་ནི་མིའི་རིགས་ལ་ཐུན་མོང་དུ་ཡོད་པས་ཡོང་ཁྱབས་ཀྱི་རིན་ཐང་གིས་ཁྱོག་པ་ཞིག་རེད། དེ་བས། བརྩམས་སྒྲུང་འདི་ལ་མཚོན་ན། བརྩེ་དུང་གི་ངོས་ནས་གཏམ་རྒྱུད་དཀྲོལ་བའི་ཐབས་རྩལ་དེ་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཡིན་དགོས་ཤིང་འོས་མོད། ང་ལ་མཚོན་ན། བརྩམས་སྒྲུང་འདིའི་ཡིད་དབང་འཕྲོག་སའི་བསླུ་བྲིད་ཀྱི་ཆ་ནི་བརྩེ་དུང་གི་གཏམ་རྒྱུད་འཁྲོལ་བའི་མཚོན་དོན་གྱི་དགོངས་པའི་སྟེང་ལ་བཙུགས་པ་ཙམ་མིན་པར་ཐ་སྙད་སློང་མཁན་གྱི་སློང་མོ་བའི་མཚོན་ཐབས་ཀྱི་སྟེང་ལ་དཔྱངས་ནས་ཡོད་པའི་འཕྲུལ་རྟོག་ཉམས་སྣང་གིས་ཕྱུག་པ་ཅན་དེ་ཡིན། སློང་མོ་བ་ཁྱད་གཤིས་ཅན་གྱི་བློས་སློང་འདི་འདྲ་བརྩམས་སྒྲུང་གི་ཁྲོད་དུ་བཀོད་སྒྲིག་བྱ་བའི་འཆར་སྒོ་ཇི་ལྟར་བསྐྱེད་པའི་སྐོར་གྱི་བསམ་ཚུལ་བསྐྱོན་རོགས།
སྙན་བུ། ཁྱེད་ཀྱི་དྲི་བ་འདི་ལ་བློས་སློང་དང་འབྲེལ་ནས་ཅུད་ཟད་གླེང་བར་བྱ་སྟེ། སྤྱིར་བློས་སློང་ནི་སྒྱུ་རྩལ་བརྩམས་ཆོས་གང་ཞིག་ལ་མཚོན་ནའང་། ཅིས་ཀྱང་མེད་དུ་མི་རུང་བའི་གསར་རྩོམ་གྱི་བརྒྱུད་རིམ་ཞིག་ཡིན། རྩོམ་པ་པོ་ཞིག་ལ་གསར་རྩོམ་གྱི་འདུན་མ་དྲག་པོ་སྐྱེས་པ་ནས་སྒྱུ་རྩལ་བརྩམས་ཆོས་ལེགས་པར་གྲུབ་པའི་བར་དུ་རྙོག་དྲ་ལྡན་ཞིང་དུས་ཡུན་རིང་བོའི་གོ་རིམ་ཞིག་བརྒྱུད་དགོས། གོ་རིམ་དེ་ནི་སྒྱུ་རྩལ་བློས་སློང་གི་གོ་རིམ་ཡིན། བློས་སློང་ལ་ཕྱོགས་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་འཚོ་བ་རྩོམ་པ་པོའི་ཀླད་པར་ཚུར་སྣང་བྱེད་པའི་གོ་རིམ་དང་། ཅིག་ཤོས་ནི་རྩོམ་པ་པོའི་ཀླད་པར་ཚུར་སྣང་བྱུང་བའི་སྒྱུ་རྩལ་གྱི་སྣང་བརྙན་གང་ཞིག་དངོས་སུ་བརྩམས་ཆོས་སུ་གྲུབ་པའི་གོ་རིམ་དེ་ཡིན། ཡིན་ཡང་བློས་སློང་གི་ལས་ལ་འཇུག་དུས་བསམ་གཞིག་ནི་སྒྱུ་རྩལ་གྱི་རིན་ཐང་འཇལ་བྱེད་ཀྱི་རྒྱ་རྡོ་ལྟ་བུ་ཡིན་པས། བསམ་གཞིག་གིས་ཕོངས་ཏེ་བློས་སློང(构而无思)གི་ལས་ལ་འཇུག་པ་ཡིན་ན། བློས་སློང་དེ་ནི་ནང་སྙིང་གིས་སྟོངས་པ་ཞིག་ཏུ་ཆགས་འགྲོ་ངེས། སྒྱུ་རྩལ་བློས་སློང་གི་དམིགས་ཡུལ་ནི་སྒྱུ་རྩལ་གྱིས་དངོས་ཡོད་འཚོ་བ་ཚུར་སྣང་བྱེད་པའི་གོ་རིམ་ཁྲོད་དུ་བསམ་བློའི་མཐོ་ཚད་ཅིག་ལ་བསྙེགས་ནས་ནང་དོན་ཕུན་སུམ་ཚོགས་པ་ཞིག་འཚོལ་རྒྱུ་དང་། མཐོ་ཚད་ཅན་གྱི་བསམ་བློ་དང་ཁྱད་མཚར་ཅན་གྱི་སྒྱུ་རྩལ་གཉིས་ཟུང་དུ་འབྲེལ་རྒྱུ་དེ་ཡིན། སྒྱུ་རྩལ་བློས་སློང་གིས་བརྗོད་བྱའི་བསྟན་དོན་དང་མི་སྣའི་གཤིས་ཀ འཚོ་བའི་རྒྱབ་ལྗོངས། འགལ་བ་གདུང་ཐུགདོན་དག་གདམ་སྒྲིག བྱུང་རིམ་བཀོད་སྒྲིག ཁུངས་སྣེ་འཛིན་ལུགས་སོགས་གནད་དོན་རབ་དང་རིམ་པ་འདི་དག་ལ་ཚད་ངེས་ཅན་ཞིག་ནས་ཐག་གཅོད་པ་ཡིན། དེ་ཡང་བརྗོད་བྱའི་བསྟན་དོན་དེ་ཉིང་བསྡུས་རང་བཞིན་ཅན་ཞིག་ཡིན་པ་དེ་སྒྱུ་རྩལ་བློས་སློང་གི་ལྟེ་བར་ངོས་བཟུང་ཆོག དེ་ཉིད་ལ་འགྱུར་བ་ཇི་ལྟར་བྱུང་ན་ཕྱོགས་གཞན་དག་ནི་དེ་ལྟར་དུ་འགྱུར་འགྲོ་ངེས། བརྩམས་ཆོས་ལ་ལ་གསར་རྩོམ་གྱི་གོ་རིམ་ཁྲོད་དུ། མི་སྣ་གཙོ་བོ་དེ་མི་སྣ་ཕལ་བར་འགྱུར་བ་ཡོད་ལ། མི་སྣ་ཕལ་བ་དེ་མི་སྣ་གཙོ་བོར་འགྱུར་བའང་འདུག ཡང་ན་བརྩམས་ཆོས་ལ་ལར་མི་སྣ་ག་གེ་མོ་ཞིག་སྒྲུང་གཏམ་གྱི་སྟོད་དུ་ཡོད་མོད་སྨད་དུ་རང་བཞིན་གྱིས་བོར་འགྲོ་བ་ཡོད་ལ། སྔོན་ནས་དྲན་མ་མྱོང་བའི་མི་སྣ་གང་ཞིག་གློ་བུར་དུ་བརྩམས་ཆོས་སུ་སླེབས་འོངས་པ་ཡང་ཡོད། ཁོ་བོའི་བརྩམས་སྒྲུང«སོར་གདུབ»ཁྲོད་ཀྱི་སློང་མོ་བ་དེ་ནི་བརྩམས་སྒྲུང་གི་སྒྱུ་རྩལ་མཐོ་རུ་འཕགས་པ་ལ་རམ་འདེགས་བྱེད་པར་དམིགས་ནས་ཆེད་དུ་གསར་གཏོད་བྱས་པའི་མི་སྣ་ཞིག་ཡིན། ངས་འདི་ལ་གསར་གཏོད་ཅེས་ཟེར་དོན་ནི། ཁོ་བོ་རང་ཉིད་ཀྱི་འཇིག་རྟེན་ལྟ་གྲུབ་ཁྲོད་དུ་སློང་མོ་བ་དེ་འདྲ་ཞིག་དངོས་ཡོད་འཚོ་བའི་ཁྲོད་དུ་སྔོན་ཆད་བྱུང་མ་མྱོང་ལ་ད་ལྟའང་བྱུང་མེད་པར་མ་ཟད་མ་འོངས་པའི་དུས་ཀྱི་མཚམས་ཚིགས་གང་ཞིག་ལའང་མི་སྣ་དེ་འདྲ་ཞིག་འབྱུང་མི་སྲིད། དེ་བས། སློང་མོ་བའི་བློས་སློང་དེ་རྙེད་མ་ཐག་པའི་སྐབས་ཐོག་དེར། ང་ལ་སྔར་བྱུང་མ་མྱོང་བའི་དགའ་སྣང་དྲགས་པོ་ཞིག་ཐོལ་ཐོལ་དུ་སྐྱེས་བྱུང་།
མདོ་སྨད་ཧེ་རུ་ཀ བརྩམས་སྒྲུང་འདི་ལ་སྙན་ངག་གི་རོ་ཉམས་ཤིན་ཏུ་སྟུག དེ་ནི་བརྩེ་དུང་གི་གཏམ་རྒྱུད་བརྗོད་བྱ་བྱས་པར་འབྲེལ་བ་ཆེ་ཆེར་མེད་དེ། སྐད་ཆའི་བཙོ་སྦྱང་གི་ཉིང་ཁུ་ལས་གྲུབ་པའི་ཐ་སྙད་ཀྱི་གྲིམ་ལྷོད་དང་འབྲེལ་བས་ཡིན་སྙམ། དེའང་མ་ཡིན་ཏེ། ཐ་སྙད་སློང་བའི་སློང་མོ་བའི་ཁྱད་གཤིས་ཀྱིས་ཀུན་ནས་བསྡུས་པའི་ཀུན་རྟོག་གི་འཆར་སྒོ་ཤིན་ཏུ་ཡངས་པས་ཡིན་འདྲ། དེ་ལྟར། སློང་མོ་བའི་སྣང་ཚུལ་བརྩེ་དུང་གི་གཏམ་རྒྱུད་ཀྱི་བར་བཅུག་ཏུ་བརྗོད་པ་ལས། བྱེ་བྲག་ལོགས་སུ་བཏོན་ནས་བརྩམས་སྒྲུང་ཡན་གར་བ་ཞིག་ཏུ་འབྲི་བའི་ཐད་དུ་བསམ་བློ་བཏང་ཨེ་མྱོང་།
སྙན་བུ། ཁྱེད་ཀྱི་དྲི་བ་འདི་ལ་ཕྱོགས་གཉིས་ནས་ལན་བསྐྱོན་པར་བྱ་སྟེ།
གཅིག ཁོ་བོའི«སོར་གདུབ»ཅེས་པའི་བརྩམས་སྒྲུང་འདི་ནི་དང་ཐོག་སྒྲུང་ཐུང་མི་གཅིག་པ་གཉིས་ཡིན་ཏེ། གཅིག་གི་ཁ་བྱང་ལ«མཇུག་འབྲས་ཡོད་མེད་ཡུན་གྱིས་བལྟ»ཟེར་ཞིང་། ཅིས་ཤོས་ཀྱི་ཁ་བྱང་ལ«ང་དང་ཅིན་ཙི། ད་དུང་ལམ་འགྲམ་གྱི་སློང་མོ་བ»ཟེར། སྒྲུང་ཐུང་འདི་གཉིས་ཀ་བྲིས་ཚར་རྗེས་དུས་དེབ་སོགས་གང་ལའང་མ་བསྐུར་བར་དུས་ཡུན་ངེས་ཅན་ཞིག་ལ་རང་དགར་བསྐྱུར་བ་ཡིན། ལྟོས་བཅོས་ཀྱིས་ང་རང་སྒྲུང་ཐུང་ཕྱི་མ་ལ་ཅུང་ཟད་དགའ་བོ་ཡོད། ཡིན་ཡང་སྒྲུང་ཐུང་ཕྱི་མ་དེ་ཡང་ཧ་ཅང་ཡིད་ཚིམས་པ་ཞིག་འཁྱོངས་མེད་པའི་སྣང་བ་སྟེར་བས། ཇི་ལྟར་བཟོ་བཅོས་རྒྱག་པའི་ཕྱོགས་ལ་ཡང་ཡང་མནོ་བསམ་བཏང་བ་ཡིན། ཉིན་ཞིག ཁོ་བོ་རང་ཁྱིམ་གྱི་འབོལ་ཁྲི་རུ་ཀན་རྐྱལ་དུ་ལོག་ནས་བསམ་བློ་གཏོང་སྒང་ལ། གློ་བུར་དུ་རང་གི་སྲིན་མཛུབ་སྟེང་གི་སོར་གདུབ་དེ་མིག་ལ་ཐོགས་མ་ཐག བློས་སློང་གསར་པ་ཞིག་ངའི་ཡིད་ལ་ཐོལ་ཐོལ་དུ་སྐྱེས་པ་ན། ངས་སྒྲུང་ཐུང་དེ་གཉིས་ཀ་སོར་གདུབ་ཀྱིས་གཞི་གཅིག་ཏུ་སྦྲེལ་ན་ནི་བརྩམས་སྒྲུང་ཡིད་ཚིམས་པ་ཞིག་འཁྱོངས་ངེས་པའི་གདེང་ཚོད་ཀྱང་རྙེད་བྱུང་། ང་དེ་མ་ཐག་འབོལ་ཁྲི་ལས་ཡར་ལངས་ཏེ་དཔེ་ཁང་དུ་སོང་ནས་སྒྲུང་ཐུང་གཉིས་ཀ་ལྷན་དུ་བསྡེབས་པའི་སྟ་གོན་ལ་ཞུགས་ཤིང་། སེམས་ཀྱི་དགའ་སྣང་དྲགས་པོ་དེ་ཡུན་རིང་ལ་ལྷོད་འཇགས་སུ་འབབ་མ་ཐུབ།
གཉིས། སྒྲུང་ཐུང«ང་དང་ཅིན་ཙི། ད་དུང་ལམ་འགྲམ་གྱི་སློང་མོ་བ»ཞེས་པ་དེ་ཡང་གཙོ་བོ་སློང་མོ་བའི་བློས་སློང་དེ་འདྲ་ཞིག་རྙེད་རྗེས། མི་སྣ་དེ་དང་ཧ་ཅང་འཚམ་པའི་མི་སྣ་གཞན་ཞིག་ཅིས་ཀྱང་དགོས་པས། མཐར་རྟོག་བཏགས་ཁྲོད་ཀྱི་ཉི་ཧོང་གི་བུ་མོ་ཞིག་བརྩམས་ཆོས་སུ་གདན་དྲངས་པ་ཡིན། སློང་མོ་བ་དེ་ཡང་དང་ཐོག་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣ་ཞིག་དངོས་སུ་མཐོང་བ་ཡིན་ཏེ། ང་ཚོའི་སློབ་གྲྭའི་ཤར་སྒོ་ཡི་གཡས་འགྲམ་ན་སློང་མོ་བ་བགྲེས་སོང་ཞིག་ཉིན་མཚན་དབྱེར་མེད་དུ་ལམ་འགྲམ་གྱི་གནས་གཅིག་ན་གཏན་འཇགས་སུ་བསྡད་ནས་སློང་མོ་བྱེད་བཞིན་འདུག ང་རང་སློབ་ཆེན་ལོ་རིམ་དང་པོ་ཡིན་དུས་ནས་ཁོང་གིས་གནས་དེ་ག་ནས་སློང་མོ་བྱེད་ཅིང་། ང་རང་སློབ་མཐར་ཕྱིན་རྗེས་ཁོང་གིས་ད་དུང་གནས་དེ་ག་ན་སློང་མོ་བྱེད་བཞིན་མཆིས། ཁོ་བོ་ནི་ལམ་འགྲམ་དེ་ནས་ཐེངས་མ་སྟོང་ཕྲག་ཁ་ཤས་ལ་ཕར་འགྲོ་ཚུར་འོངས་བྱས་ནའང་། སློང་མོ་བ་དེ་ལ་དངུལ་སིལ་མ་གཅིག་ཀྱང་སྦྱིན་མ་མྱོང་། 2016ལོར་ཁོ་བོས་སླར་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ནས་རབ་འབྱམས་ཞིབ་འཇུག་སློབ་མ་འདོན་དུས། སློང་མོ་བ་བགྲེས་སོང་དེས་སྔར་ལྟར་རང་གི་གནས་ཡུལ་དེ་ན་སློང་མོ་བྱེད་བཞིན་ཡོད་པ་མཐོང་། སྐབས་དེར་ང་ལ་ད་གཟོད་ཚོར་བ་ཟབ་མོ་ཞིག་སྐྱེས་པས། ཉིན་ཞིག་ང་ཁོང་གི་ཉེ་གམ་དུ་བསྡད་དེ་ཡུན་རིང་བོར་ཁ་བརྡ་གློད་པ་ཡིན། ཁོང་གི་མདུན་ན་རྙིང་ཧྲུལ་དུ་གྱུར་བའི་དཔེ་དེབ་ཅིག་བཞག་འདུག ངས་ཁོང་ལ་ཁྱེད་ཀྱིས་དེབ་ཅི་ཞིག་ལ་ལྟ་བཞིན་ཡོད་ཅེས་དྲིས་པར། སློང་མོ་བས་དཔེ་དེབ་དེ་ཡར་བླངས་ནས་ངའི་ལག་ཏུ་བཞག་བྱུང་། ངས་ཞིབ་ཏུ་བལྟས་པའི་ཚེ་དཔེ་དེབ་དེ་ནི་བསྟན་བཅོས་གྲགས་ཅན«圣经»རེད་འདུག ང་ཅུང་ཧ་ལས་ནས་ཁྱེད་ཀྱིས་འདིར་ལྟ་བཞིན་ཡོད་དམ་ཞེས་པའི་སྐད་ཆ་འདི་བསམ་བློ་མ་བཏང་བར་རང་བཞིན་གྱིས་ཤོར་བས་ང་ལ་ངོ་གནོང་བ་ཞིག་བྱུང་། ངོ་གནོང་དགོས་དོན་ནི་ངའི་སེམས་སུ་སློང་མོ་བ་ཞིག་གིས་བསྟན་བཅོས་གྲགས་ཅན་དེ་ཡི་གོ་དོན་རྟོགས་ཐུབ་བམ་ཞེས་དམའ་འབེབས་ཀྱི་ཚོར་སྣང་ཞིག་སྐྱེས་པས་ཡིན། འོན་ཏེ། སློང་མོ་བས་ང་ལ་དཔེ་དེབ་འདི་ནི་ངའི་ཉིན་རྒྱུན་གྱི་ཁ་འདོན་ཡིན། ཁོམ་པ་ཡོད་དུས་ཁྱོད་ཀྱིས་ཀྱང་ལན་ཞིག་གཟིགས་དང་ལྟ་རྒྱུ་ཡོད་ཟེར། ངས་འཛུམ་དམུལ་དམུལ་གྱིས་མགོ་ལྕོག་ནང་དུ་ལྡེམ་བཞིན་དཔེ་དེབ་དེ་སླར་ཁོང་གི་ལག་ཏུ་བཞག མཇུག་མཐར་ངས་སློང་མོ་བ་དེ་ལ་དམངས་སྒོར་བརྒྱ་ཐམ་པ་བྱིན་རྗེས་ཁོང་དང་ཁ་གྱེས་ཏེ་སློབ་གྲྭར་སོང་བ་ཡིན། སློང་མོ་བ་ཡང་དགའ་སྤྲོ་ཚད་མེད་སྐྱེས་ཏེ་ང་ལ་ལྷད་མེད་ཀྱི་འཛུམ་མདངས་ཤིག་བསྟན་བྱུང་། ཁོང་གི་འཛུམ་མདངས་དེའི་ནང་དོན་ནི་གྲོང་ཁྱེར་འདི་རུ་ང་ལ་དམངས་སྒོར་བརྒྱ་ཐམ་པ་སྟེར་མཁན་ནི་ཁྱོད་གཅིག་པུ་ཡིན་ཞེས་པ་མིན་ནམ་སྙམ། ཕྱིས་སུ་ངས་སློང་མོ་བ་དེ་ཇི་མ་ཇི་བཞིན་དུ་བརྩམས་སྒྲུང་ཞིག་ཏུ་འབྲི་བའི་ཀུན་སློང་སྐྱེས་ནའང་། ངའི་ཉམས་སྣང་ཞིག་ལ་སློང་མོ་བ་བྲིས་པའི་བརྩམས་སྒྲུང་མང་པོ་ཡོད་པ་དང་། སློང་མོ་བ་ཞིག་དེ་ལྟར་ཇི་བཞིན་དུ་བྲིས་ན་ནི་བརྩམས་སྒྲུང་ལ་སྔར་ལས་ལྷག་པའི་སྒྱུ་རྩལ་གྱི་མཛེས་པ་དང་མཐོ་ཚད་ཅིག་མི་འདུག་སྙམ། ཉིན་ཞིག་གི་མཚན་མོར་ང་ལ་སློང་མོ་བ་དེ་སྒོར་མོ་སློང་མཁན་ཞིག་ལས་འགོངས་ཏེ་ཐ་སྙད་སློང་མཁན་ཞིག་ཡིན་ན་ཇི་འདྲའི་མཛེས་ཨང་སྙམ་པའི་བསམ་བློ་ཞིག་གློ་བུར་དུ་འཁོར་མ་ཐག ང་ལ་རིན་ཆེན་ནོར་བུ་ཅི་ཞིག་ཐོབ་པ་ལྟ་བུའི་དགའ་སྤྲོ་ཚད་མེད་ཅིག་ཐོལ་ཐོལ་དུ་སྐྱེས་པས་མཚན་མོ་དེའི་གཉིད་ཀྱི་བདེ་བའང་རྨང་ནས་བོར་སོང་། ངས་གོང་ནས་ལབ་པའི་རྩོམ་རིག་ནི་དངོས་ཡོད་དང་དངོས་ཡོད་ལས་བརྒལ་བའི་མཛེས་པ་མཐར་ཐུག་ཅིག་རེད་ཟེར་བའི་ངེས་ཤེས་ཀྱང་སྐབས་དེ་དུས་སུ་སྐྱེས་པ་ཡིན།
མདོ་སྨད་ཧེ་རུ་ཀ བརྩམས་སྒྲུང་ཁྲོད་ཀྱི་ཅིན་ཙིའི་གཤིས་ཀ་དེ་ཞི་འཇམ་བག་ལྷོད་ཅིག་ཏུ་བྲིས་ཡོད། དེའང་ཁྱོད་ཀྱི་སྙན་ངག་གི་རང་བཞིན་དང་འདྲ་ཞིང་། ཁེངས་སྐྱུང་དང་འཛེམ་བག ཞི་དུལ་གྱི་ཆ་ལ་གཞོལ་ཅི་ཐུབ་ཏུ་འབད་ཡོད། ཡིན་ནའང་། ཁྱོད་ཀྱི་སྙན་ངག་གི་ཁམས་ནི་སྐྱོ་སྣང་དང་དྲན་གདུང་གིས་འཆིང་བའི་སྐྱོ་གར་གྱི་ཉམས་བཏོད་པ་ཅན་དུ་ཡོད་པས། སྙན་ངག་མང་ཤོས་ནི་སྐྱོ་སྣང་གིས་ཉམས་ཀྱིས་ཕྱུག་པ་ཅན་ཡིན། འོན་ཏེ་བརྩམས་སྒྲུང«སོར་གདུབ»ཁྲོད་ཀྱི་མི་སྣ་ཅིན་ཙི་ནི་རྣམ་ཀུན་འཛུམ་མདངས་ལྷག་གེར་བཞད་པའི་དགའ་དུང་སྣང་སྐྱིད་ལ་གཞོལ་བའི་སྤྲོ་སྣང་གིས་ཁྱབ་པ་ཞིག་ཏུ་བཞེངས་ཡོད་པས། ཁྱོད་ཀྱིས་གསར་རྩོམ་གྱི་རྣམ་འགྱུར་ལ་འགྱུར་བ་གཏོང་བཞིན་ཡོད་དམ། ཡང་ན་རྒྱལ་ཁོངས་བརྒལ་བའི་མི་སྣའི་ཁྱད་གཤིས་འབུར་དུ་བཏོད་སྙམ་པ་ཡིན། འདིའི་ཕྱོགས་ཀྱི་མི་གཤིས་འཚོལ་དཔྱོད་དང་མི་སྣའི་གཤིས་ཀ་འབྲི་བཞེངས་ཐད་དུ་བསམ་བློ་ག་འདྲ་བཏང་མྱོང་ངམ།
སྙན་བུ། ཁྱེད་ཀྱི་དྲི་བ་འདི་ལ་ཕྱོགས་གསུམ་ནས་ལན་བསྐྱོན་པར་བྱ་སྟེ།
གཅིག ང་ལ་མཚོན་ན་སྙན་ངག་འབྲི་དུས་ཀྱི་སེམས་ཁམས་དང་བརྩམས་སྒྲུང་འབྲི་དུས་ཀྱི་སེམས་ཁམས་ནི་རྦད་དེ་མི་འདྲ། སྙན་ངག་འབྲི་དུས་ཀྱི་སེམས་ཁམས་ནི་ཅུང་ཟད་སྐྱོ་ཤས་ཆེ་བ་ཞིག་ཡིན་ལ། སྙན་ངག་ཕལ་ཆེ་བ་ཁེར་རྐྱང་དང་དྲན་གདུང་དང་སུན་སྣང་གི་སྐབས་སུ་བྲིས་པ་ཡིན། འོན་ཀྱང་བརྩམས་སྒྲུང་ནི་དེ་ལྟ་མ་ཡིན་པར་གཟབ་ནན་དང་གཟུར་གནས་ཀྱི་སེམས་ཁམས་ཤིག་བཟུང་ནས་བྲིས་པ་ཡིན། གལ་ཏེ་སེམས་ཁམས་བཏང་སྙོམས་སུ་མ་བཀོད་ན་བརྩམས་སྒྲུང་ནང་གི་མི་སྣ་རེ་ལ་དྲང་བདེན་དང་འདྲ་མཉམ་གྱི་ཐོབ་ཐང་ཞིག་བསྩལ་མི་ཐུབ་པས་ཕྱོགས་སུ་ལྷུང་བའི་ཉེན་ཁ་ཆེ།
གཉིས། སྒྲུང་ཐུང་ལ་ཆ་མཚོན་ན། མི་སྣ་ནི་གཅིག་འདུས་རང་བཞིན་ཡིན་ཏེ། མི་སྣ་བཀོད་འབྲི་བྱེད་དུས་ཀྱང་གཙོ་བོ་མི་སྣ་གཅིག་གམ་གཉིས་ཀྱི་སྣང་བརྙན་འབྲི་ཞིང་། དེ་ཡང་གཙོ་བོ་མི་སྣའི་གཤིས་ཀ་འབུར་དུ་དོད་ནས་འབྲི་བ་མང་ལ། སེམས་ཁམས་གཙོར་བཟུང་ནས་འབྲི་བའང་ཡོད། གང་ལྟར་བརྩམས་སྒྲུང་ནང་གི་མི་སྣ་ཡིས་བརྩམས་སྒྲུང་གི་བྱུང་རིམ་མདུན་དུ་འདེད་པ་དང་བརྩམས་སྒྲུང་གི་བརྗོད་གཞི་མངོན་པར་མཚོན་པ། བརྩམས་སྒྲུང་གི་སྒྱུ་རྩལ་མཐོ་རུ་འཕགས་པ་ལ་རམ་འདེགས་ཆེན་པོ་བྱེད་དགོས་པས། ཇི་ལྟར་རམ་འདེགས་བྱེད་ཐུབ་ན་དེ་ལྟར་བཞེངས་སྐྲུན་བྱས་ན་འགྲིག ཁོ་བོའི་བརྩམས་སྒྲུང«སོར་གདུབ»ནང་གི་མི་སྣ་ཅིན་ཙིའི་གཤིས་ཀ་ནི་གཙོ་བོ་སྐད་ཆ་དང་སེམས་ཁམས་གཙོར་བཟུང་བ་ལས་མི་སྣའི་བྱ་བྱེད་དང་ཕྱི་ཚུལ་འབུར་དུ་དོད་ནས་བཞེངས་སྐྲུན་བྱས་མེད། འདི་ཡང་བརྩམས་སྒྲུང་སྤྱིའི་བྱུང་རིམ་གྱི་དགོས་མཁོར་དམིགས་པ་དང་བརྩམས་སྒྲུང་སྤྱིའི་ཁམས་ཀྱི་མཛེས་པ་ཞིག་བསྐྲུན་ཆེད་ཁོ་ན་ཡིན།
གསུམ། ཁྱེད་ཀྱིས་གོང་ནས་ལབ་པ་ལྟར་ན་ཁོ་བོའི་བརྩམས་སྒྲུང«སོར་གདུབ»ནང་གི་མི་སྣ་ཅིན་ཙི་ནི་རྣམ་ཀུན་འཛུམ་མདངས་ལྷག་གེར་བཞད་པའི་དགའ་དུང་སྣང་སྐྱིད་ལ་གཞོལ་བའི་སྤྲོ་སྣང་གིས་ཁྱབ་པ་ཞིག་ཏུ་བཞེངས་འདུག་ཟེར། ཡིན་ནའང་། ཁོ་བོའི་བག་ཆགས་ཁྲོད་ཀྱི་ཅིན་ཙི་ནི་ཕྱི་ཚུལ་ནས་དགའ་དུང་སྣང་སྐྱིད་ཅིག་ཡིན་ནའང་། ནང་སེམས་ནི་ཧ་ཅང་སྐྱོ་སྣང་ཅན་ཞིག་ཡིན་པར་འདུག བརྩམས་སྒྲུང་ནང་གི་ཅིན་ཙི་ནི་སྙན་ངག་ལ་ཧ་ཅང་དགའ་མཁན་ཞིག་ཡིན་པས། མོ་ལ་སྙན་ངག་པའི་སྐྱོ་གདུང་གི་སེམས་ཁམས་ཤིག་གཞི་ནས་གྲུབ་ཡོད། ཅིན་ཙིས“ང”ལ་སྐྱོ་འཛུམ་བསྟན་པ་དང་། ཁ་རོག་གེར་ངུ་བ། མོ་ཕྱིར་ཉི་ཧོང་ལ་ལོག་པའི་རྒྱུ་མཚན་གསལ་པོར་མི་བརྗོད་པ། ཐ་ན“ང”ལ་སྐྱེལ་མའང་བྱེད་དུ་མི་འཇུག་པ་སོགས་བྱུང་རིམ་ཞིབ་ཕྲ་འདི་དག་ལས་ཅིན་ཙིའི་ནང་སེམས་ཀྱི་འཇིག་རྟེན་ནི་སུས་ཀྱང་གསལ་པོ་ཞིག་རྟོགས་མི་ཐུབ་ལ། བརྩམས་སྒྲུང་ནང་གི་མི་སྣ“ང”ཡིས་ཀྱང་མདོར་དེད་ན་ཅིན་ཙི་ལ་དགའ་རོགས་ཀྱི་རྣམ་པ་ཙམ་བཟུང་ཡོད་པ་མ་གཏོགས་མོའི་ནང་སེམས་ལ་རྒྱུས་ལོན་དང་དོ་ཁུར་བྱེད་གི་མེད། ཕྱོགས་གཞན་ཞིག་ནས་བཤད་ན། བརྩམས་སྒྲུང་ཁྲོད་ཀྱི་ཅིན་ཙི་དང་དངོས་ཡོད་ཁྲོད་ཀྱི་ཁོ་བོ(རྩོམ་པ་པོ)གཉིས་ཀ་ཅུང་ཟད་འདྲ་སྟེ། ང་རང་ཡང་ནམ་རྒྱུན་གཞན་གྱིས་སྐྱེལ་མ་བྱས་ན་ལྷག་ཏུ་འབྲལ་མི་ཕོད་པ་ཞིག་དང་། སྐབས་རེར་དྲན་གདུང་ལྕི་བའི་དུས་སུ་རང་ཉིད་གཅིག་པུ་ཁ་རོག་གེར་ངུ་བ། ནམ་རྒྱུན་འཚོ་བའི་ཁྲོད་དུ་ཕྱི་ཚུལ་ནི་དགའ་དུང་སྣང་སྐྱིད་ཅིག་ཡིན་ནའང་། ནང་སེམས་ནི་ཆེས་ཆེར་སྐྱོ་སྣང་ཅན་ཞིག་ཡིན་པས། ངའི་ནང་སེམས་ངོ་མ་རྟོགས་མཁན་ཡང་མང་པོ་ཞིག་མེད་ཚོད་རེད། ངས་བརྩམས་སྒྲུང«སོར་གདུབ»འབྲི་དུས་ཅིན་ཙི་དང་ངེད་གཉིས་ཀྱི་གཤིས་ཀ་ལ་འདྲ་ས་ཞིག་ཡོད་པ་ཁྱོན་ནས་བསམ་བློ་བཏང་མ་མྱོང་། ཁྱེད་ཀྱི་དྲི་བར་ལན་འདེབས་དུས་གློ་བུར་དུ་ངེད་གཉིས་ལ་མ་གཞི་འདྲ་ས་ཞིག་ཀྱང་ཡོད་ཨང་སྙམ་པའི་ཚོར་བ་སྐྱེས་བྱུང་། དེ་བས། ཁོ་བོ་རང་ངོས་ནས་ཅིན་ཙི་ནི་སྐྱོ་སྣང་ཅན་གྱི་མི་སྣ་ཞིག་ཡིན་ནའང་། ཅིན་ཙིའི་གཤིས་ཀ་ངེས་པར་དེ་འདྲ་ཞིག་ཡིན་དགོས་པའི་ངེས་པ་མེད་ལ། ཀློག་མཁན་རེ་རེའི་སེམས་སུ་ཅིན་ཙི་རེ་དང་། ཅིན་ཙི་རེ་ལ་དེ་འཚམ་གྱི་གཤིས་ཀ་ཞིག་ཡོད་ན་ནི་ཧ་ཅང་ལེགས་པར་སྙམ་མོ། །
མདོ་སྨད་ཧེ་རུ་ཀ ཁྱོད་ཀྱི་བརྩམས་སྒྲུང་འདི་ལ་གོང་ནས་བཤད་པ་བཞིན་སྙན་ངག་གི་རོ་ཉམས་ཕུན་སུམ་ཚོགས་པ་ཡོད། དེ་ནི་ཁྱོད་ཀྱིས་དུས་རྒྱུན་སྙན་ངག་འབྲི་བཞིན་པའི་ལས་ཀ་ཕྲག་ཏུ་བླངས་ཡོད་པས་ཡིན་སྲིད།ངའི་སྣང་བ་ཞིག་ལ། སྙན་ངག་བྲིས་ནས་དུས་ཡུན་གང་འཚམ་ཕྱིན་པའི་མི་དེས་ཕྱིར་འཁོར་ནས་བརྩམས་སྒྲུང་འབྲི་བའི་ལས་ཀར་ཞུགས་ཚེ། དེ་ཡི་བརྩམས་སྒྲུང་ལ་གཏམ་རྒྱུད་ཀྱི་དོན་སྙིང་གིས་ཕྱུག་པས་མི་ཚད་སྐད་ཆའི་སྒྱུ་རྩལ་གྱིས་ཡིད་དབང་འདྲེན་པའི་ནུས་པ་གཞན་ཞིག་ཡོད་པ་འདྲ། དེ་བས། བརྩམས་སྒྲུང་ལ་གཏམ་རྒྱུད་ཆིག་རྐྱང་གི་ལྷུག་བརྗོད་ཁོ་ནས་མི་ཆོག་སྟེ་སྐད་ཆའི་མཛེས་རྟོག་གི་རྒྱན་སྤྲས་དགོས་པའང་དོན་ལ་སྐད་ཆའི་མཛེས་ཉམས་ལ་དང་དོད་བྱ་ཆེད་ཡིན་སྙམ། དེ་འདྲའི་སྙན་ངག་གི་རང་བཞིན་ནི་དོན་ལ་མིའི་རང་བཞིན་དང་འདྲེས་པའི་མི་ཇུས་ཀྱི་དགོངས་པ་སློང་སའང་ཡིན་འདོད། ཁྱོད་ལས་གཞན་བོད་ཀྱི་ན་གཞོན་རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱང་སྙན་ངག་གི་ལམ་ཁ་ནས་བརྩམས་སྒྲུང་གསར་རྩོམ་ལ་གོམ་ཁ་གཞོལ་བའི་གཞོན་སྐྱེས་སྙན་ངག་པ་ཞིག་རེད། སྙན་ངག་བྲིས་ཏེ་སྐད་ཆའི་བཙོ་སྦྱང་ལ་སྦྱོང་བརྡར་སོང་པ་དང་ཀུན་རྟོག་འཆར་སྒོ་ཕུན་ཚོགས་སུ་བསྐྱེད་ཅིང་། འཚོ་བའི་ཉམས་ཞིབ་ཀྱི་རྟོག་པ་གོང་དུ་འཕེལ་ནས་བརྩམས་སྒྲུང་གསར་རྩོམ་གནང་པ་དེ་ལ་ཁྱད་ཆོས་ཤིག་ཀུན་ནས་ཡོད་པའི་དཔའ་གདེང་ཁོ་བོས་རྙེད། བོད་ཀྱི་རྩོམ་པ་པོ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱིས་འདིའི་ཕྱོགས་ལ་དོ་གཟབ་བྱེད་ཀྱིན་ཡོད། ཁོས་ཆེད་དུ་སྙན་ངག་འབྲི་བཞིན་མེད་ནའང་། བརྩམས་སྒྲུང་དང་གློག་བརྙན་གྱི་ཁྲོད་དུ་སྙན་ངག་གི་ཁམས་བསྐྲུན་སྟངས་ཐད་དུ་ཡིད་འཇོག་གནང་གི་ཡོད་དེ། དཔེར་ན། ཁོའི་གློག་བརྙན«དབུགས་ལྒང»དང་བརྩམས་སྒྲུང«གངས།» «མག་མོག་གི་ནུབ་ཁའི་ཉི་མ།» «ཁྱོད་ཀྱི་འཚོ་བ་ལ་རྒྱབ་ལྗོངས་རོལ་དབྱངས་ཡོད་དམ»སོགས་ལ་སྙན་ངག་གི་ཁམས་བསྐྲུན་སྟངས་ཐད་ཀྱི་མཛེས་པ་བཏོན་པ་གསལ་དུ་ཡོད། ལྷག་པར་དུ། ཁོའི་བརྩམས་སྒྲུང«སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»དང«ཡུལ་གྱར་རྡུང་ལེན་པ་ཞིག་ག་རྨི་ལམ།»«རྩེད་ཐང་ལ་འགྲོ།» «ཟླ་བ་ཤར་བྱུང»སོགས་ཀྱི་ཁྲོད་དུ་སྙན་ངག་དང་ཚངས་མགུར་ཚན་པ་ཆེད་བཀོད་ཀྱིས་བརྩམས་སྒྲུང་ལ་སྙན་ངག་གི་ཁ་དོག་གསར་བ་བསྒོ་ཞིང་སྣོན་པའི་མཛེས་ཉམས་བསྐྲུན་པའི་དགོངས་པ་ཕུགས་སུ་རྟོག་སླ། དེ་ལྟར། ཁྱོད་ལ་མཚོན་ན། སྙན་ངག་གི་ཁམས་དང་བརྩམས་སྒྲུང་གི་གཏམ་རྒྱུད་བར་ན་འབྲེལ་བ་ཅི་ཡོད་པ་དང་རང་ངོས་ནས་དེའི་ཕྱོགས་ལ་བསམ་ཚུལ་ག་འདྲ་ཡོད་པ་གསུངས་རོགས།
སྙན་བུ། ཁྱེད་ཀྱི་དྲི་བ་འདི་ལ་ཕྱོགས་གཉིས་ནས་མདོ་ཙམ་གླེང་ན།
གཅིག ཁྱེད་ཀྱིས་གོང་ནས“སྙན་ངག་བྲིས་ནས་དུས་ཡུན་གང་འཚམ་ཕྱིན་པའི་མི་དེས་ཕྱིར་འཁོར་ནས་བརྩམས་སྒྲུང་འབྲི་བའི་ལས་ཀར་ཞུགས་ཚེ། དེ་ཡི་བརྩམས་སྒྲུང་ལ་གཏམ་རྒྱུད་ཀྱི་དོན་སྙིང་གིས་ཕྱུག་པས་མི་ཚད་སྐད་ཆའི་སྒྱུ་རྩལ་གྱིས་ཡིད་དབང་འདྲེན་པའི་ནུས་པ་གཞན་ཞིག་ཡོད་པ་འདྲ”ཞེས་པ་འདི་ལ་ཁོ་བོ་དེ་ཙམ་མོས་མཐུན་མེད། རྒྱུ་མཚན་ནི་སྙན་ངག་དང་བརྩམས་སྒྲུང་གཉིས་ཀ་མ་གཞི་ནས་རིགས་ལམ་ཁ་ཁ་དང་མ་ལག་སོ་སོ་ཡིན་པས། སྙན་ངག་འབྲི་མཁན་ཡོད་དོ་ཅོག་གིས་བརྩམས་སྒྲུང་བྲིས་ན་འཁྱོངས་པའི་ངེས་པ་མེད་ལ། བརྩམས་སྒྲུང་འབྲི་མཁན་ཡོད་དོ་ཅོག་གིས་སྙན་ངག་ཀྱང་འཁྱོངས་མི་ཐུབ་པ་ཧ་ཅང་གསལ་པོ་རེད། འཛམ་གླིང་རྩོམ་པ་པོའི་ཁྲོད་ནའང་སྙན་ངག་ཀྱང་འབྲི་ལ་བརྩམས་སྒྲུང་ཡང་འབྲི་མཁན་ཡོད་མོད་དེ་འདྲ་མང་པོ་ནི་མེད། རང་རེའི་བོད་ནའང་དེ་བཞིན་ཏེ་སྙན་ངག་དང་བརྩམས་སྒྲུང་གཉིས་ཀར་འཇུག་མཁན་ཧ་ཅང་ཉུང་ཉུང་རེད། ཁོ་བོས་ནི་ང་རྒྱལ་གྱི་གཏམ་སྨྲས་པ་མིན་མོད་རྩོམ་ལུས་འདི་གཉིས་ལ་འཇུག་ཐུབ་མཁན་ཞིག་ཡིན་ན་མ་མཐའ་ཡང་མི་དེར་གཞན་ལས་ལྷག་པའི་འཇོན་ཐང་ཅུང་ཙམ་ཡོད་པ་མཚོན་ཐུབ། གཞན་དུ་ན། སྙན་ངག་གི་སྐད་ཆ་ལ་སྡུད་སྟོབས་ཆེ་དགོས་ལ། བརྩམས་སྒྲུང་གི་སྐད་ཆ་ལ་ཞིབ་ཆ་ལྡན་དགོས་པས། སྙན་ངག་ཡུན་རིང་བྲིས་རྗེས་སླར་བརྩམས་སྒྲུང་གི་ལས་ལ་འཇུག་ན། སྙན་ངག་གིས་བརྩམས་སྒྲུང་གི་སྐད་ཆ་དང་སྒོས་སུ་སྤྲོས་བརྗོད་ཀྱི་ཐད་ལ་བར་ཆད་དང་གེགས་རྐྱེན་ཆེན་པོ་ཡང་བཟོ་གི་འདུག དེ་བས། སྙན་ངག་བྲིས་ཏེ་སྐད་ཆའི་བཙོ་སྦྱང་ལ་སྦྱོང་བརྡར་བྱས་པས་བརྩམས་སྒྲུང་གི་སྐད་ཆ་ལ་མཛེས་ཉམས་བླ་ལྷག་འདོན་ཐུབ་པས་མ་ཁྱབ་སྟེ། བརྩམས་སྒྲུང་ལ་བརྩམས་སྒྲུང་གི་སྐད་ཆའི་བཙོ་སྦྱང་དང་ཞུན་བརྡར་བྱེད་རྒྱུ་ཞིག་འདུག
གཉིས། སྙན་ངག་དང་བརྩམས་སྒྲུང་གཉིས་ཀར་སྦྱོང་བརྡར་ངེས་ཅན་ཞིག་སོང་སྟེ་ཕན་ཚུན་མཉམ་སྦྱོར་དང་ལྷན་བསྡེབས། རོགས་འདེགས་དང་སྐུལ་འདེད་ཀྱི་ཐབས་ལ་ཅུང་ཟད་བྱང་ཆ་ལྡན་པའི་ཚེ། ད་གཟོད་སྙན་ངག་གིས་བརྩམས་སྒྲུང་གསར་རྩོམ་ལ་རམ་བུ་ལེགས་པར་འདེགས་ཐུབ་པ་ནི་སྨོས་མེད་རེད། སྙན་ངག་གིས་རྩོམ་པ་པོར་ཀུན་རྟོག་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་བསྐྱེད་པ་དེས་བརྩམས་སྒྲུང་གི་ཁམས་ཀྱི་མཛེས་པ་ལ་རམ་བུ་ལེགས་པར་འདེགས་ཤིང་། བརྩམས་སྒྲུང་གི་ཁམས་ཀྱི་མཛེས་པ་དེས་ད་གཟོད་ཀློག་པ་པོར་སྙན་ངག་གི་རོ་བྲོ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་ཐུབ་པ་ཡིན། འདི་ནི་བརྩམས་སྒྲུང་གིས་མཐར་ཐུག་མི་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བའམ་མཛེས་པ་ཞིག་བསྐྲུན་པའི་ལངས་ཕྱོགས་ཙམ་ཡིན་གྱི། བརྩམས་སྒྲུང་གི་དགོས་པ་དང་དམིགས་བྱ་ཉག་གཅིག་ནི་གཏན་ནས་མིན། རྩོམ་པ་པོ་ལ་ལས་ཉམས་མྱོང་གཙོ་བོར་འཛིན་ཅིང་། ལ་ལས་དགག་སྒྲུབ་གཙོ་བོར་འཛིན། ཡང་ཁ་ཤས་ཀྱིས་རྩོམ་རིག་གི་གོ་བསྐོན་བློ་འགུག་གི་ནུས་པ་ལྷུར་ལེན་མཁན་ཡང་ཡོད། གང་ལྟར། ཁོ་བོའི་འདོད་ཚུལ་ནི་རྩོམ་རིག་ནི་མཛེས་རྟོག་གི་མཐོ་ཚད་བསྙེགས་པའི་ལས་ཀ་ཞིག་ཡིན་པས་ན། དངོས་ཡོད་དང་དངོས་ཡོད་ལས་འགོངས་པའི་མཛེས་པ་ཡོད་དོ་ཅོག་གིས་རྩོམ་རིག་ལ་མཐའ་གཅིག་ཏུ་ཞབས་འདེགས་ཞུ་འོས་ཤིང་ལས་དེ་ལ་འབད་པ་ཤ་ཐང་བྱེད་དགོས་སྙམ།
མདོ་སྨད་ཧེ་རུ་ཀ གསར་རྩོམ་ཀློག་པ་དང་དཔྱད་པ། རྩོམ་མཁན་ལ་བཅར་པ་བཅས་ནི་ངེས་པར་བརྒྱུད་དགོས་པའི་རྩོམ་རིག་གི་བྱ་འགུལ་ཞིག་རེད། ལྷག་པར་དུ་བརྩམས་ཆོས་བྱེ་བྲག་པའི་ངོས་ནས་རྩོམ་མཁན་ལ་བཅར་ཏེ་གསར་རྩོམ་གྱི་བློས་སློང་དང་རིག་གནས་ཀྱི་དགོངས་གཞི་བཀྲོལ་རྒྱུ་ནི་དོན་སྙིང་ལྡན་པའི་རྩོམ་རིག་གི་ལས་ཀ་ཞིག་ཡིན་པ་དང་། ལས་ཀ་འདིའི་སྟེང་ལ་དཀའ་ལས་དང་སྐུ་ཚེགས་ལ་མི་འཛེམ་པར་ཞུགས་མཁན་གྱི་གཞོན་སྐྱེས་རྣམས་ལ་དགའ་བསུ་དང་། ཐེངས་འདིའི་བཅར་ཡུལ་ན་གཞོན་རྩོམ་མཁན་སྙན་བུ་ལའང་བཀའ་དྲིན་ཞུས་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།