«སྔོ་འབུམ་ཆེ་མོ»བོད་ཡིག་ཏུ་བསྒྱུར་མཁན་དགེ་རྒན་ཆེན་མོ་རྣམ་རྒྱལ་ཐར་ལགས་ལ་བཅར་འདྲི་ཞུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་སློབ་ཆེན།
དུས་ཚོད།:2022-12-21
ཀློག་གྲངས།:
སྔོ་འབུམ་ཆེ་མོ་དང་བོད་ཀྱི་གསོ་རིག་བར་གྱི་འབྲེལ་བ།
—«སྔོ་འབུམ་ཆེ་མོ»བོད་ཡིག་ཏུ་བསྒྱུར་མཁན་དགེ་རྒན་ཆེན་མོ་རྣམ་རྒྱལ་ཐར་ལགས་ལ་བཅར་འདྲི་ཞུས་པ།
བཅར་འདྲི་མཁན། དགེ་རྒན་བསོད་ནམས་དོན་འགྲུབ། ལྷ་དཀར་སྐྱབས།
དྲི་བ་དང་པོ། རྒན་ལགས། སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་བོད་ཡིག་ཏུ་བསྒྱུར་བའི་ཐོག་མའི་ཀུན་སློང་ག་འདྲ་ཡིན་ལགས།
རྣམ་རྒྱལ་ཐར། འོ་ཡ། ངས་མང་པོ་ཞིག་བཤད་མི་ཤེས་ཀྱང་། ཁྱེད་རྣམས་ཀྱི་དྲི་བ་ལ་ལན་ཙམ་བཏབ་ན། དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་ཡར་དེད་ན། སྔོན་གྱི་དུས་སུ་བོད་གངས་རིའི་ལྗོངས་འདི་ལ་མཁས་པ་དང་ལོ་ཙཱ་བ་མང་པོ་བྱོན་ནས་རྒྱལ་པའི་བཀའ་དང་བསྟན་བཅོས་གང་མང་ཞིག་འགྱུར་འདུག དཔེར་ན་སྲོང་བཙན་གྱི་དུས་སུ་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་དེའི་མཆན་བུར་གྱུར་པ་ངྷརྨ་ཀོ་ཥ་དང་། ཨ་ལོ་ཀ ཡེ་ཤེས་དཔལ་སོགས་ཀྱིས་མདོ་སྡེ་དཀོན་མཆོག་སྤྲིན་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བསྒྱུར་བ་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་སོགས་ན་གསུངས་འདུག
ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། བོད་རང་གི་ས་ཆ་ཡར་ལུང་མན་ཆད་གཙང་ཡན་ཆོད་ཀྱི་བྱིས་པ་བློ་རྣོ་ལ་ཤེས་རབ་ཆེ་བ། ལོ་ཙཱ་རུང་བ། དེ་ཡང་ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི་བྱིས་པ་དབང་པོ་སྐྱོན་མེད་པ། སྐྱེ་མཆེད་གཙང་པ། དཔེར་ན་ཡར་ལུང་ས་ཆའི་སྦ་ཁྲི་བཞེར་དང་། རྨ་རིན་ཆེན་མཆོག གཉགས་ཛྙ་ན་ཀུ་མ་ར། གནུབས་ནམ་མཁའི་སྙིང་པོ། སྣ་ནམ་ཞང་ཡེ་ཤེས་སྡེ། ཅོག་རོ་ཀླུའི་རྒྱལ་མཚན། སྐ་བ་དཔལ་བརྩེགས། སྦ་གོར་བཻ་རོ་ཙ་ན། གཙང་ལེགས་གྲུབ་སྙིང་པོ་སོགས་བུ་ཆུང་བརྒྱ་དང་རྩ་བརྒྱད་ཚུར་བསྡུས་ནས། མཁན་པོ་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་ནས་ལོ་ཙཱ་བསླབ། རྒྱལ་པོས་ལྟོ་གོས་སོགས་མཐུན་རྐྱེན་གང་མང་སྦྱར་ཏེ་ལོ་ཙཱའི་བྱ་བ་དངོས་སུ་བཙུགས་པས། འདི་ལ་བོད་ཀྱི་ཡུལ་ནས་ལོ་ཙཱའི་སློབ་མ་བསྡུ་བའི་འགོ་དངོས་སུ་ཚུགས་པ་ཡིན་ཟེར་ནའང་ཆོག་སྙམ་ལ། དེའི་ནང་ནས་ཤེས་རབ་ཆེ་ལ་ལོ་ཙཱ་ཕུལ་དུ་ཕྱིན་པ་བཻ་རོ་ཙ་ན་དང་གཙང་ལེགས་གྲུབ་སོགས་རྒྱ་གར་དུ་བརྫངས་པ་ལྟ་བུ་རེད།
བོད་ཀྱི་གསོ་བ་རིག་པ་ལ་མཚོན་ནས་བཤད་ན། འཇམ་དབྱངས་སྔོ་འབུམ་དང་། མིང་དོན་བརྡ་སྤྲོད་རྣམ་ལྔ། སྒྲོལ་མ་སྔོ་འབུམ་སོགས་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་སློབ་དཔོན་བཻ་རོ་ཙ་ན་དང་། རྒྱ་གར་གྱི་མཁན་པོ་ཤནྟི་གརྦྷ་སོགས་ཀྱི་བསྒྱུར་བར་གཞུང་དེ་དག་ལས་གསུང་ཡོད་པ་ལྟ་བུ་རེད། དུས་ཕྱིས་སྙེ་བོར་ལོ་ཙཱ་བ་དབྱིག་གི་རིན་ཆེན་གྱིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རང་འགྲེལ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་སྙིང་པོ་བསྡུས་པ་དང་། དེའི་འགྲེལ་བ་ཟླ་བའི་འོད་ཟེར། སྨན་མིང་སྒྲ་སྦྱོར་ངེས་པ་སོགས་བོད་ཀྱི་སྐད་དུ་བསྒྱུར་ཏེ་འཆད་ཉན་བྱེད་པའི་ཚུལ་ཡང་ལོ་རྒྱུས་སྟེང་གསལ་བོར་འཁོད་ཡོད་པ་ལྟ་བུ་རེད།
འོ་ཡ། དེ་བཞིན་དུ་རྒྱ་ནག་གི་ཡུལ་གྲུ་ལ་མཚོན་ན། ལོ་རྒྱུས་སྟེང་མཁས་པ་གང་མང་བྱོན་ནས་གསོ་དཔྱད་ཀྱི་བསྟན་བཅོས་མང་པོ་བརྩམས་ནས་བཞག་ཡོད་ཀི དེའི་ནང་ནས་དཔེར་ན་སྔར་ཀོང་ཇོས་བསྣམས་པའི་སྨན་དཔྱད་ཆེན་མོ་དང་། མི་འཇིགས་པའི་མཚོན་ཆ། རྒྱ་ནག་དྲང་སྲོང་གིས་མཛད་པའི་རིན་ཆེན་དབྱིག་སོགས་བོད་དུ་འགྱུར་བའི་ལོ་རྒྱུས་ཙམ་ཡོད་ནའང་། དུས་ཀྱི་དབང་གིས་གཞུང་དེ་དག་མེད་བརླག་ཏུ་གྱུར་པའམ། ཡང་ན་ངོ་མ་འཕྲོད་པ་གང་ཡིན་ཡང་དེང་སང་མཇལ་རྒྱུར་མི་སྣང་། རྒྱ་ནག་གི་གསོ་དཔྱད་ཀྱི་བསྟན་བཅོས་མང་པོ་དེ་དག་ལས། བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་ནི་མིང་རྒྱལ་རབས་ཀྱི་དུས་སུ་གོང་མའི་བླ་སྨན་པ། སྨན་པ་ཆེན་པོ་ལི་ཧྲི་ཀྲེན(李时珍)གྱིས་མཛད་པ་ཞིག་ཡིན་ལ། འདི་ནི་ད་ལྟའི་བར་རྒྱ་བོད་ཕྱི་ནང་གི་མཁས་པ་ཀུན་གྱིས་གཙིགས་སུ་མཛད་ཅིང་ཚད་མར་འཛིན་པའི་སྨན་གྱི་བསྟན་བཅོས་གྲགས་ཅན་ཞིག་ཡིན་པ་མ་ཟད། འཇར་པན་དང་། འཇར་མན། དབྱིན་ཇི། ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོའི་ཡིག་རིགས་སུ་བསྒྱུར་ནས་གནམ་འོག་ཏུ་ཁྱབ་ཡོད་པ་ཞིག་རེད། ཡིན་ནའང་བོད་ཀྱི་ཡུལ་འདི་ལ་དེ་སྔ་བསྟན་བཅོས་འདིའི་འགྱུར་མེད་པས། སྔོ་འབུམ་གྱི་བསྟན་བཅོས་འདི་ལ་དཔེ་ཀློག་རེ་བྱས་པའི་སྐབས་སྨན་གྱི་ངོས་འཛིན་དང་། སྦྱར་ཐབས་གྱི་ལག་ལེན། ཉམས་ཡིག་ཟབ་མོ་སོགས་མན་ངག་མང་པོ་མཐོང་རྒྱུ་ཡོད་པས། བསྟན་བཅོས་འདི་བོད་རང་གི་སྐད་དུ་འགྱུར་ཐུབ་ན། གཅིག་ནས་རྒྱ་ནག་གི་གསོ་དཔྱད་དང་བོད་ཀྱི་གསོ་རིག་གཉིས་བསྡུར་དཔྱོད་བྱ་བར་གཞུང་འདི་མཁོ་གལ་ཧ་ཅང་ཆེ་བ་དང་། གཉིས་ནས་གཞུང་འདིའི་ནང་གསུང་པའི་ཉམས་ཡིག་ཟབ་མོ་རྣམས་ནད་ཐོག་ལག་ལེན་གྱི་ཁྲོད་བེད་སྤྱོད་བཏང་ན་ནད་པ་གང་མང་ཞིག་ལའང་ཕན་ངེས་པ་དང་། གསུམ་ནས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་ཁ་མིག་ཡར་བལྟ་ཙམ་དང་། དེ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཚུལ་ཡང་ཡིན་སྙམ་པའི་དམིགས་པ་དེ་ལྟ་བུའི་སྒོ་ནས་བསྟན་བཅོས་འདི་བོད་རང་གི་སྐད་དུ་བསྒྱུར་བ་ཡིན་ནོ། །
དྲི་བ་གཉིས་པ། སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གཞུང་འདིའི་ནང་དོན་སྤྱིའི་ཆ་ནས་ངོ་སྤྲོད་རགས་ཙམ་གནང་རོགས་ཞུ།
རྣམ་རྒྱལ་ཐར། འོ་ཡ། དེས་ན་ཐོག་མར་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་རྩོམ་པ་པོ་དང་འབྲེལ་ནས་ལོ་རྒྱུས་ཀྱི་རིམ་པ་སོགས་ངོ་སྤྲོད་རགས་ཙམ་བྱས་ན། བསྟན་བཅོས་འདི་ནི་མིང་རྒྱལ་རབས་ཀྱི་སྨད་ཙམ། རྒྱ་ནག་གསོ་དཔྱད་ཀྱི་བསྟན་པ་འདི་མར་འགྲིབ་བྱུང་བའི་དུས། ཁྱད་པར་དུ་སྨན་གྱི་ངོས་འཛིན་དང་སྦྱར་ཐབས་ཀྱི་ལག་ལེན་ངོ་མའི་སྟེང་ནས་ནོར་བ་མང་པོ་འབྱུང་བཞིན་པའི་སྐབས་དེ་འདྲའི་དུས་སུ་བརྩམས་པ་རེད།
དེའང་སྨན་པ་ཆེན་པོ་ལི་ཧྲི་ཀྲེན་ནི་སྤྱིར་ན་རིག་པའི་གནས་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་གསོ་དཔྱད་ཀྱི་གཞུང་དང་ལག་ལེན་ལ་མངའ་བརྙེས་པའི་དྲང་སྲོང་ཆེན་པོ་ཞིག་རེད། ཁོང་ཆུང་ངུའི་དུས་ནས་རང་གི་ཕ་སྨན་པ་ལི་ཡའེ་ཁྲི(李月池)ཞེས་པ། གནང་བ་རིགས་ཀྱི་སྨན་པ་དེའི་དྲུང་དུ་གསོ་དཔྱད་ཀྱི་གཞུང་དང་ལག་ལེན་ལ་སྦྱངས་པ་མཐར་ཕྱིན་པར་མཛད། སྨན་པ་གཞན་གྱིས་ངོས་མ་ཟིན་པའི་ནད་མང་པོ་ཞིག་ཁོང་གིས་བརྟག་ཅིང་དཔྱད་དེ་ངོས་ཟིན་ནས་སེལ་བར་མཛད་པ་སོགས་ནད་པ་གསོ་བ་ལ་མཁས་ཤིང་འགྲོ་དོན་འཕྲིན་ལས་ཆེ་བས་གོང་མའི་བླ་སྨན་པའི་གྲས་སུ་བཞུགས། ཡིན་ན་ཡང་སྐབས་དེའི་བླ་སྨན་པ་མང་ཆེ་བ་ནི་དོའུ་སིའི་ལུགས་ཀྱི་སྨན་པ་མཁས་པ་དག་དག་རེད། དེ་རྣམས་ཀྱི་ཁ་ཕྱོགས་ལམ་ཕྱོགས་ཟེར་ན་འདྲ། བྱ་བ་གཙོ་བོ་ཅི་ཡིན་ཞེ་ན། རྒྱལ་པོ་དང་བཙུན་མོ། བློན་པོ་དང་སྐུ་དྲག་སོགས་དེ་རྣམས་ལ་ནད་མེད་པ་དང་། ཚེ་རིང་བར་བྱེད་པ། སྨན་བཅུད་ཀྱིས་ལེན་སྒྲུབ་པའི་ཐབས་བསྟེན་པའི་མན་ངག་དང་ལག་ལེན་མང་པོ་ཞིག་འཚོལ་སྡུད་དང་། འཆི་མེད་རིལ་བུ་བཙོ་སྦྱངས་ཀྱི་ལག་ལེན་འབའ་ཞིག་དོན་དུ་གཉེར་བཞིན་པ་དེ་འདྲ་རེད།
འོ་ན་སྐབས་དེར་གནམ་འོག་གི་སྨན་པ་རྣམས་ཀྱི་ལག་ལེན་གྱི་ཁུངས་བཅོལ་སའི་གཞུང་ལུགས་དེ་དག་ཅི་འདྲ་ཡིན་ཞེ་ན། དཔེར་ན་དྲང་སྲོང་ཚངས་པས་མཛད་པས་མཁས་པའི་སྔོ་འབུམ་ཕྱོགས་བསྡུས་དང་། དཔེ་རིས་སྔོ་འབུམ། རི་ཧྭ་ཙི་སྔོ་འབུམ་དང་། ཐང་གི་སྔོ་འབུམ་སོགས་བསྟན་བཅོས་མང་པོ་ཞིག་ལས་སྨན་ཕན་ཚུན་གཅིག་ཚབ་གཅིག་གིས་བྱས་པ་མང་བས། སྨན་པ་གང་མང་ཞིག་ལག་ལེན་ལ་ཞུགས་སྐབས་སྦྱར་ཐབས་ལ་ནོར་བ་མང་པོ་བྱུང་ཡོད་པ་དང་། སྨན་གྱི་སྦྱོར་བ་ཁ་ཤས་ལས་མིང་གི་རྣམ་གྲངས་ཙམ་ལ་བལྟས་ནས་སྨན་རྫས་བསྐྱར་ཟློས་སུ་གྱུར་པ་དང་། སྨན་པ་ཕལ་མོ་ཆེས་བསྟན་བཅོས་ཁོ་ནའི་རྗེས་བཟླས་ནས་སྨན་རིགས་གང་མང་ཞིག་ངོ་མ་འཕྲོད། དེས་སྨན་ངོས་འཛིན་གྱི་ཐད་ནོར་བ་མང་པོ་བྱུང་འདུག་པས་ནད་པ་གསོ་བའི་སྐབས་མི་འཕྲོད་པ་གང་མང་ཞིག་འབྱུང་བཞིན་ཡོད་པ། མདོར་ན་སྨན་གྱི་ངོས་འཛིན་དང་། སྦྱར་ཐབས་ཀྱི་ལག་ལེན། རོ་ནུས་ཡོན་ཏན་སོགས་གཞུང་དང་ལག་ལེན་ཉིས་ཆར་ལ་འཁྲུལ་རྙོག་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས། ལི་ཧྲི་ཀྲེན་ཁོང་གི་ཐུགས་དགོངས་ལ། སྨན་པ་ཆེན་པོ་ཞིག་དང་། ཁྱད་པར་དུ་བླ་སྨན་པ་རྣམས་ལ་མཚོན་ན། དུས་སྐབས་དེ་ལྟ་བུའི་བྱ་བ་གཙོ་བོ་ནི་སྨན་གྱི་ངོས་འཛིན་མ་ནོར་བ་དང་། སྦྱར་ཐབས་ཀྱི་ལག་ལེན་མ་འཕྱུག་པ། སྨན་གྱི་རོ་དང་ནུས་པ་སོགས་སྐྱེ་སར་སྐྱེས་པའི་སྨན་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ་དེ་འདྲ་བ་ཞིག་སྟོན་པའི་སྔོ་འབུམ་གྱི་བསྟན་བཅོས་ཚད་ལྡན་ཞིག་གསར་དུ་བསྒྲིགས་རྒྱུ་དེ་གལ་ཆེན་པོ་རེད་སྙམ་ནས། བླ་སྨན་པ་ཁས་དབང་ཆེ་བ་རྣམས་ལ་རྒྱུ་མཚན་ཡི་གེ་བཅས་ལན་གསུམ་གྱི་བར་དུ་ཞུས་ཀྱང་བཏང་སྙོམས་སུ་བཞག་སྟེ་གྲོས་ཅི་ཡང་མ་ཐོན། དེའི་ཚུལ་གོང་མའི་སྙན་དུ་ཕུལ་ཡང་གོང་མས་ཀྱང་དེའི་ཚུལ་བླ་སྨན་རྣམས་ཀྱིས་ཤེས་སོ་ཞེས་པ་ཙམ་ལས་ལན་ཅི་ཡང་མ་གནང་ངོ་། །
འོ་ཡ། དེ་ནས་ལི་ཧྲི་ཀྲེན་གྱི་ཐུགས་དགོངས་ལ། ད་ནི་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་སྔོ་འབུམ་གྱི་བསྟན་བཅོས་གསར་དུ་བསྒྲིག་དགོས་སྙམ་ནས་བླ་སྨན་པའི་འགན་བོར་ནས་རང་ཡུལ་དུ་ཕེབས། དགུང་གྲངས་སོ་བཞིའི་ཐོག་བསྟན་བཅོས་འདི་ཉིད་ཀྱི་དབུ་བཙུགས། ཧྲིན་ནུང་དང་ཧོང་ཏི་ནས་བཟུང་རང་གི་ཕ་སྨན་པ་ལི་ཡའེ་ཁྲིའི་བར་གྱི་མཁས་པ་སྔ་ཕྱིས་བརྩམས་པའི་ཉམས་ཡིག་དང་། གཅེས་བསྡུས། བེའུ་བུམ་སོགས་གཞུང་ཆེ་ཆུང་བརྒྱད་བརྒྱ་ལྷག་ལ་དཔེ་ཀློག་ཞིབ་ཏུ་བགྱིས། སྐབས་དེར་བཞུགས་པའི་གསོ་དཔྱད་ཀྱི་བསྟན་བཅོས་ཕལ་མོ་ཆེའི་ཉིང་ཁུ་ཚུར་བསྡུས། རང་ཡུལ་ཧུའུ་པེ་ནས་བཟུང་རྒྱའི་ཡུལ་གྲུ་ཕལ་མོ་ཆེའི་རི་ལུང་ཐང་གསུམ་ལ་སྐུ་དངོས་སུ་ཕེབས་ནས་སྨན་ངོས་འཛིན་མཛད། དམངས་ཁྲོད་ལས་ཐོན་པའི་ནད་གསོ་བཅོས་ཀྱི་ཉམས་མྱོང་བགྲང་གིས་མི་ལང་བ་ཞིག་བསྡུས། དེ་སྟེང་རང་གིས་ཡུན་རིང་དུ་ནད་པ་བསྐོར་བའི་ཉམས་མྱོང་གིས་ཟུར་བརྒྱན་ཏེ། སྔ་ཕྱི་མི་ལོ་ཉི་ཤུ་རྩ་བདུན་གྱི་རིང་ལ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ཉིན་མཚན་བསྲེས་ནས་བརྩོན་འགྲུས་ཀྱི་སྦྱོར་བ་མཐར་ཕྱིན་མཛད་པས་དགུང་ལོ་དྲུག་ཅུ་རེ་གཅིག་གི་ཐོག་བསྟན་བཅོས་སྔོ་འབུམ་ཆེ་མོ་ཞེས་བྱ་བ། བམ་པོ་ལྔ་བཅུ་རྩ་གཉིས། སྡེ་ཚན་རིགས་སྒོ་བཅུ་དྲུག་ཏུ་ཕྱེས་པ། ཡིག་འབྲུ་ཁྲི་བརྒྱ་དང་དགུ་བཅུ་ལྷག སྨན་རིགས་རྩ་བ་ཆིག་སྟོང་བརྒྱད་བརྒྱ་གོ་གཉིས། དཔེ་རིས་ཆིག་སྟོང་ཆིག་བརྒྱ་བརྒྱད་ཅུ། སྦྱོར་སྡེ་ལག་ལེན་གྱི་ཉམས་ཡིག་ཆིག་ཁྲི་ཆིག་སྟོང་བརྒྱ་དང་གོ་དྲུག་གི་བདག་ཉིད་ཅན་གྱི་སྨན་གཞུང་འདི་རྫོགས་པར་གྲུབ། སླར་ཡང་ནང་དོན་གྱི་ཐད་ཡོ་བསྲང་དང་ཁ་བསྐང་ལན་གསུམ་མཛད་དེ་ཞུ་དག་གཏན་འབེབས་གནང་ནས་རང་གི་བུ་དང་ཞལ་སློབ་རྣམས་ལ་གཏད་ཚུགས་སུ་གནང་ནོ་དེ་འདྲ་བ་ཞིག་རེད།
དྲི་བ་གསུམ་པ། བསྟན་བཅོས་འདིའི་བསྒྱུར་ལུགས་ཇི་ལྟར་ཡིན་པ་ངོ་སྤྲོད་རགས་ཙམ་གནང་རོགས་ཞུ།
རྣམ་རྒྱལ་ཐར། འོ་ཡ། དེས་ན་སྔོ་འབུམ་གྱི་བསྟན་བཅོས་འདི་འདྲ་བ་ཞིག་བོད་ཀྱི་སྐད་དུ་འགྱུར་དགོས་ན། ཐོག་མར་ཤེས་དགོས་པའི་གནད་ཅིག་ནི། རྒྱ་ནག་གི་གསོ་བའི་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་དང་། གཞུང་ལུགས་ཀྱི་ཁུངས་གང་ལ་ཐུག་ཡོད་པ་དེ་གསལ་བོར་ཤེས་དགོས་པ་དང་། དེ་འོག་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་རྩོམ་པའི་ཚེ་ཡིག་ཆའི་གཙོ་བོ་དང་མ་ཕྱིར་བཟུང་བའི་བསྟན་བཅོས་གང་ཡིན་པ་དེ་ངེས་དགོས་ཤིང་། ཁྱད་པར་དུ་བསྟན་བཅོས་རྩོམ་པ་པོ་སྨན་པ་ལི་ཧྲི་ཀྲེན་ནི་རུའུ་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཁུང་མེང་ཡབ་སྲས་ཀྱི་རང་ལུགས་འཛིན་པ་ཞིག་ཡིན་པར་མ་ཟད། རྒྱུད་པ་དེའི་གཞུང་ཐམས་ཅད་ཀྱི་དགོངས་པའི་མཐིལ་མ་ནོར་བར་རྟོགས་ཤིང་ནང་བྱན་ཆུད་པ་ཞིག་ཡིན་པས་ཚུལ་དེ་རྣམས་ཤེས་ན། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་དགོངས་པ་ཇི་བཞིན་ལོན་པ་ལ་ཧ་ཅང་གལ་ཆེན་པོ་ཡོད་པས་ཐོག་མར་འབྲེལ་ཡོད་ཀྱི་བསྟན་བཅོས་ཁག་ལ་སྦྱངས་པ་མི་དམན་པ་བྱས་རྗེས། བསྟན་བཅོས་འདི་བསྒྱུར་བའི་ལས་ལ་ཞུགས་པ་དེ་འདྲ་ཞིག་རེད།
དེ་འོག་བསྒྱུར་བའི་ཚུལ་ལ། བསྟན་བཅོས་འདི་མིང་རྒྱལ་རབས་སྐབས་ཀྱི་སྨན་གཞུང་ཞིག་ཡིན་པས་བསྒྱུར་ཚུལ་ཡང་དེང་རབས་ཀྱི་རྒྱའི་སྐད་ནས་བོད་སྐད་དུ་འགྱུར་བ་ལྟ་བུ་མ་ཡིན་པར་གནའ་བོའི་སྐད་དང་བརྡ་ཆད་སོགས་གཙོ་བོར་བཟུང་། རྒྱ་ནག་གསོ་དཔྱད་ཀྱི་གཞུང་གི་ནང་དོན་དང་མི་འགལ་ཞིང་བོད་རང་གི་གསོ་རིག་གི་ཐ་སྙད་ཀྱི་རོ་ཡང་ཆགས་པ། དོན་དང་ཚིག་ཏུ་འབྲེལ་ཞིང་གོ་བདེ་བ། དེའང་དྲང་ཐད་དུ་བསྒྱུར་བ་དང་དོན་གྱི་ངོ་བོར་བལྟས་ནས་བསྒྱུར་བ་གཙོ་བོར་བཟུང་། སྒྲ་སོར་བཞག་ཏུ་བྱས་པ་ཉུང་ངུར་བྱས་ནས་བསྟན་བཅོས་སྔོ་འབུམ་ཆེ་མོའི་བརྗོད་བྱའི་དོན་མ་ཉམས་ཤིང་རྗོད་བྱེད་ཚིག་གི་རྐང་དང་མཐུན་པར་བསྒྱུར་ཡོད་ལ། ཁྱད་པར་དུ་སྔོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་ཤིང་བཀས་བཅད་པའི་དཀར་ཆག་འཕང་ཐང་མ་དང་། སྒྲ་སྦྱར་བམ་པོ་གཉིས་པའི་སྒྲ་སྦྱོར་ཚུལ་དང་སྐད་སྒྱུར་གྱི་རྩ་དོན་ལ་གཞི་བཅོལ་ནས་བསྒྱུར་བ་སྟེ་བསྒྱུར་ལུགས་སྤྱིའི་ཆ་ནས་དེ་ལྟ་བུ་རེད།
བྱེ་བྲག་ཏུ་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་དགོངས་དོན་གཙོ་བོར་བཟུང་བའི་སྟེང། སྨན་གྱི་རོ་ནུས་ཡོན་ཏན་སོགས་གང་ཡིན་ཡང་བཻ་རོ་ཙ་ནའི་འགྱུར་མིང་དོན་བརྡ་སྤྲོད་རྣམ་ལྔ་དང་། བྱང་བ་མིའི་ཉི་མ་མཐོང་བ་དོན་ལྡན་གྱི་སྔོ་འབུམ་སྨན་གྱི་གཏེར་མཛོད། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་དང་ཤེལ་ཕྲེང་སོགས་ལ་གཤིབ་ཅིང་བསྡུར་ཏེ་བསྒྱུར་བ་དང་། བསྟན་བཅོས་འདིའི་ནང་བསྟན་པའི་སྨན་རྫས་སོ་སོའི་མིང་ཡང་རྩ་བ་དང་འབྲས་བུ་སོགས་ཀྱི་དབྱིབས་དང་། མེ་ཏོག་གི་ཁ་དོག་དང་། དྲི་དང་། བྱེད་ལས་དང་། རེག་བྱ་དང་། སྨན་གྱི་འབྱུང་ཁུངས་དང་། སྐྱེ་གནས་དང་། སྨན་གྱི་རོ་ནུས་དང་འདྲ་བ་རྒྱུ་མཚན་སོགས་ལ་གཞིགས་ནས་བསྒྱུར་བ་ཡིན་ནོ། །མདོར་བསྡུས་ནས་བཤད་ན་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་བྱུང་བའི་སྨན་གྱི་དྲང་སྲོང་ཆེན་པོ་དང་། བླ་སྨན་མཁས་པ་རྣམས་ཀྱི་མཚན་དང་། གསོ་དཔྱད་དང་འབྲེལ་བའི་ལོ་རྒྱུས་ཆོས་འབྱུང་གི་སྐོར། སྤོར་ཐང་རྩིས་ཀྱི་གཙུག་ལག་གི་བརྡ་ཆད། སྨན་རིགས་སོ་སོའི་མིང་། ཤིང་འཛུགས་རིག་པ་དང་ཞིང་ལས་རིག་པའི་ཐ་སྙད་སོགས་བོད་ཀྱི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་དང་མ་གྲགས་པ་གང་ཡིན་ཡང་བསྟན་བཅོས་ཁུངས་ཐུབ་དང་ཚིག་མཛོད་དག་ལ་ཕུགས་གཏུགས་ཏེ། ཁུངས་ལུང་རྒྱུ་མཚན་དང་བཅས་གྲགས་ཟིན་གྲུབ་པའི་མིང་གཙོ་བོར་བཟུང་ནས་སྒྲ་དོན་ཐད་གསུམ་གང་རུང་གི་སྒོ་ནས་ལེགས་པར་བསྒྱུར་བ་མདོ་བསྡུས་ཤིག་བཤད་ན་དེ་འདྲའོ། །
དྲི་བ་བཞི་པ། བསྟན་བཅོས་འདི་བསྒྱུར་བའི་ཁྲོད་བྱུང་བའི་དཀའ་གནད་དང་དོགས་གནད་ག་འདྲ་འདུག་པ་ངོ་སྤྲོད་རགས་ཙམ་གནང་རོགས་ཞུ།
རྣམ་རྒྱལ་ཐར། འོ་ཡ། དེས་ན་བསྟན་བཅོས་འདི་བསྒྱུར་བའི་དུས་དཀའ་གནད་དང་དོགས་གནད་ཧ་ཅང་མང་པོ་ཞིག་ལ་འཕྲད་ཡོང་གི དམིགས་བསལ་གཙོ་ཆེ་བ་འགའ་གླེང་ན། གཅིག་ནས་རྒྱ་ནག་གསོ་དཔྱད་ཀྱི་གཞུང་ལུགས་འདི་འདྲ་བ་ཞིག་བོད་ཀྱི་སྐད་དུ་བསྒྱུར་དགོས་ན། དེང་དུས་ཀྱི་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དེ་ཙམ་གྱིས་གཏན་ནས་མི་ཡོང་བས། རྒྱ་བོད་གཉིས་ཀྱི་གསོ་དཔྱད་རང་ལུགས་ཀྱི་བརྡ་ཆད་དང་ཐ་སྙད་མང་པོ་ཞིག་དགོས་པར་མ་ཟད། རྒྱ་ནག་སྲོལ་རྒྱུན་གྱི་བརྡ་སྤྲོད་རིག་པའི་ཐ་སྙད་དང་། བོད་རང་གི་སྲོལ་རྒྱུན་གྱི་ཐ་སྙད་མང་པོ་ཞིག་དགོས་ཤིང་། དེ་ཙམ་དུ་མ་ཟད་ཞིང་ལས་རིག་པའི་མིང་བརྡ་དང་། ཤིང་འཛུགས་རིག་པའི་བརྡ་དང་ཐ་སྙད་གང་མང་དང་། སྤོར་ཐང་རྩིས་ཀྱི་གཙུག་ལག་གི་ཐ་སྙད། རྒྱའི་ལུགས་ཀྱི་རྒྱུན་སྤྱོད་ཀྱི་ཁ་ཟས་དང་། འབྲས་ཀྱི་རིགས་སྣ་ཚོགས་ཀྱི་མིང་དང་། ཤིང་འབྲས་དང་། ཚོད་མ་སོགས་འཚོ་བ་ཟས་ཀྱི་ཐ་སྙད་གསར་བ་མང་པོ་ཞིག་དགོས་པས་མིང་ཚིག་གིས་ལག་ཐོགས་པའི་དཀའ་ངལ་མང་པོ་བྱུང་།
གཉིས་ནས་གཞུང་ལུགས་ཀྱི་སྟེང་བྱུང་བའི་དཀའ་གནད་ལ་དཔེར་ན། རྒྱ་ནག་གི་གསོ་དཔྱད་སྤྱིའི་ལུགས་དང་། ཁྱད་པར་དུ་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་ཚིག་གི་ངོ་གདོང་གི་ཆ་ནས། དོན་ལྔ་སྲིབས་ཀྱི་ཁོངས་སུ་འདུ་ཞིང་། སྣོད་དྲུག་གདགས་ཀྱི་ཁོངས་སུ་འདུ་བར་གསུང་ཡོད་ལ། སྨན་པ་ཆེན་པོ་གཡུ་ཐོག་པའི་ལུགས་ལ། “ཡར་ཟུར་དོན་ལྔ་ཕྱིར་རྒྱུ་གདགས་ཀྱི་རྩ། །མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱི་རྩ། །”ཞེས་འདི་ལྟ་བུའི་སྒོ་ནས་འགྲེལ་བ་རྒྱས་བཤད་བྱས་ཡོད་པ་དང་། སྨན་དཔྱད་སོ་མ་རཱ་ཛའམ་ཟླ་བའི་རྒྱལ་པོ་ལས། “སྲིབས་ཀྱི་རྩ་ནི་ཚ་བ་སྟེ། །གྲང་བ་གདགས་ཀྱི་རྩ་ཡིན་ནོ། །”ཞེས་ཚིག་ཟིན་དུ་རྒྱ་ནག་གསོ་དཔྱད་ཀྱི་གཞུང་དང་མཐུན་པ་ལྟ་བུའི་གསུང་ཡོད་པས། སྔོ་འབུམ་ཆེ་མོ་འདིའི་ནང་ཟས་སྐོམ་གྱི་རོ་ནུས་དང་གདགས་སྲིབས་ཀྱི་རང་བཞིན་ཞེས་པ་དེ་དང་། ནད་ཀྱི་རྟགས་ངོས་གཉིས་དང་གདགས་སྲིབས་ཀྱི་རང་བཞིན་ཞེས་པ་སོགས་གདགས་སྲིབས་དོན་སྣོད་དང་འབྲེལ་བའི་ས་བཅད་ཀྱི་ནང་དོན་རྣམས་ཚུར་བསྒྱུར་བའི་སྐབས་གཞུང་གི་དོན་ཆེ་ས་ནས་དཀའ་བའི་གནད་འདི་འདྲ་བ་དག་ལ་འཕྲད་པ་ཡིན་ནོ། །
གསུམ་ནས་རྒྱ་ནག་གི་སྨན་གཞུང་ལས་བཤད་པའི་བསམ་སེའུ་སྟེ་སན་ཅའོ(三焦)ཞེས་པ་སྤྱིར་སྣོད་ཅིག་ལ་ངོས་འཛིན་བྱས་ནས་དོན་ལྔ་སྣོད་དྲུག་གི་ཁོངས་སུ་བགྲང་ཡོད་ལ། བྱེ་བྲག་ཏུ་བྱང་ཁོག་སྟོད་སྨད་བར་གསུམ་གྱི་གནས་ལ་ངོས་བཟུང་སྟེ་འགྲེལ་བ་མང་པོ་བྱས་འདུག་པ་དང་། དེའང་རྒྱ་ནག་དྲང་སྲོང་གིས་བསམ་སེའུ་ཞེས་པ་མིང་ཡོད་ལ་གཟུགས་མེད་པ། དོན་རྣམ་པ་ལྔ་ལ་དབང་པ། སྣོད་རྣམ་པ་དྲུག་ལ་གཏོགས་པ་སོགས་གསུངས་ནས། བྱེ་བྲག་ཏུ་དབྱིབས་གཟུགས་སྲབ་མཐུག་ཆེ་ཆུང་སོགས་ལྒང་པ་འདྲ་བར་ཡང་གསུངས་ཡོད་པ་དེ་ལྟ་བུ་རེད། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་བསམ་སེའུ་ཞེས་པ་གནས་མཁལ་མ་གཡས་དང་ཁད་ཉེ་བར་ཡོད་ཅིང་། ནུས་པ་ནི་སྟོབས་དང་མདངས་ཀུན་ལ་ཁྱབ་ཚུལ་སོགས་མང་པོ་གསུངས་འདུག
རང་ཅག་བོད་ཀྱི་གསོ་བ་རིག་པ་ལས་སྨན་དཔྱད་ཟླ་བའི་རྒྱལ་པོས་གསུངས་པ་ནང་བཞིན་སྡེ་སྲིད་སོགས་མཁས་པ་ཕལ་ཆེར་དེའི་རྗེས་སུ་འགྲེལ་འདུག་ལ། ཡང་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་རྒྱ་ནག་པས་མིང་ཡོད་ལ་དངོས་མེད་གསུམ་ལ་ཟེར་རོ་ཞེས་རྒྱ་ནག་གི་གསོ་དཔྱད་ཐུན་མོང་གི་ལུགས་དེ་གསུང་འདུག དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་བསམ་སེའུ་ཞེས་པ་རྒྱ་ནག་གི་གསན་རྩའུ(三焦)དེ་ཟུར་ཆག་པ་དང་། ངོས་འཛིན་སྟངས་ཐད་རྒྱ་ནག་དང་མི་འདྲ་བར་ཡོད་པ་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་གཡུ་ཐོག་པའི་དགོངས་པའི་རྩལ་ལས་བྱུང་བའི་ཁྱད་ཆོས་སུ་བཤད་ཡོད་པ་སོགས་མཆིས་པས། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་གཞུང་ལུགས་ཀྱི་བཤད་སྲོལ་ཐད་འདི་འདྲ་བའི་དཀའ་གནད་མང་པོར་ཐུག་གི དེ་ལྟ་ནའང་བྱང་ཁོག་སྟོད་སྨད་བར་གསུམ་གྱི་གནས་ལ་སན་ཅའོ(三焦)ཟེར་ན་སྣོད་དྲུག་གི་གྲས་སུ་བགྲང་རུང་མིན་དང་། མཁལ་མ་གཡས་དང་ཁད་ཉེ་བར་ཆགས་ཡོད་ན་བྱེ་བྲག་གནས་གཅིག་ལ་ངོས་འཛིན་ཡོད་དམ་མེད་པ་སོགས་དཔེར་བཞག་ན་དོགས་པ་འདི་འདྲ་བ་གཞན་ཡང་མང་པོ་ཡོད་པ་མདོར་བསྡུས་ཤིག་བཤད་ན་དེ་འདྲ་རེད།
དྲི་བ་ལྔ་པ། རྒྱ་ནག་གི་གསོ་རིག་དང་བོད་ཀྱི་གསོ་རིག་གཉིས་སྲོལ་རྒྱུན་གསོ་རིག་གཉིས་ཡིན་པ་དང་། གཞུང་གཉིས་ཀྱི་བར་ལ་འབྲེལ་བ་དང་སོ་སོར་ཁྱད་ཆོས་ཅི་འདྲ་འདུག་པ་རགས་ཙམ་གསུང་རོགས་ཞུ།
རྣམ་རྒྱལ་ཐར། འོ་ཡ། གནའ་བོ་སྲོལ་རྒྱུན་གསོ་རིག་ལས་རྒྱ་ནག་གི་གསོ་དཔྱད་དང་བོད་ཀྱི་གསོ་བ་རིག་པ་གཉིས་ལ་ཐུན་མོང་གི་འདྲ་བའི་ཆ་ཡོད་ལ། སོ་སོ་རང་རང་གི་ལུགས་ཀྱི་ཁྱད་ཆོས་ཀྱང་མི་འདྲ་བ་རེ་ཡོད་དོ། །བོད་ཀྱི་གསོ་བ་རིག་པ་ལ་མཚོན་ན། འབྱུང་བ་ལྔ་དང་། རླུང་མཁྲིས་བད་ཀན་གསུམ་དང་། ཚ་གྲང་གི་རྣམ་གཞག་གཙོ་བོར་བཟུང་ནས་གཞི་རྟགས་གསོ་བ་གསུམ་གྱི་དོན་རྒྱ་ཆེར་འགྲེལ་བ་དེ་འདྲ་ཡིན་པ་རང་ཅག་གིས་ཤེས་གསལ་ལྟར་ཡིན་ལ། རྒྱ་ནག་གི་གསོ་དཔྱད་ནི་ཤིང་མེ་ས་ལྕགས་ཆུ་སྟེ་འབྱུང་བ་ལྔའམ་ཁམས་ལྔ་དང་། གདགས་སྲིབས་དང་། ཚ་གྲང་གི་རྣམ་གཞག་ཤས་ཆེར་བསྟན་ནས་གཞུང་ལུགས་གི་བཤད་སྲོལ་ཆགས་ཡོད་པ་དེ་ལྟ་བུ་རེད། ཡིན་ནའང་ཉེས་པའི་བྱུང་ཚུལ་ལམ་རྒྱུའི་སྒོ་ནས་གཞུང་ལུགས་བཤད་སྟངས་ཀྱི་ཐད་འདྲ་བའི་ཆ་ཡང་མཆིས་ཏེ། དཔེར་ན་རྒྱ་ནག་གི་གསོ་དཔྱད་ཀྱི་ཁུངས་སམ་སྲོག་འདྲ་བོ་འབྱུང་རྩིས་ཀྱི་གཞུང«易经»ཞེས་པ་དེའི་ནང་དོན་ལ་གཏུགས་ཡོད་པས། དང་པོ་མོག་མོག་པོ་བྱུང་ངོ་། །དེ་ལ་བརྟེན་ནས་གདགས་སྲིབས་དང་། དེ་ལས་ཁམས་ལྔ་ཚ་གྲང་གི་རྣམ་གཞག་བྱུང་ངོ་། །ཞེས་པ་སོགས་བསྟན་ཡོད་པས་བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་ནད་བྱུང་ཚུལ་གྱི་རིམ་པ་ལྟ་བུའི་གཞུང་གི་འཆད་ལུགས་ཐད་འདྲ་ས་ཡང་ཡོད། དེ་ནི་ངས་བཤད་རྒྱུའི་སྐད་ཆ་དང་པོ་ཡིན།
གཉིས་པ་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྣམ་པར་གཞག་བྱ་འཇོག་བྱེད་དེ་འབྱུང་བ་ལྔ་དང་། རླུང་མཁྲིས་བད་ཀན་གསུམ་ཡིན་ལ། དེ་མེད་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་འཆད་ཐབས་མེད་པ་ལྟ་བུར་གྱུར་ཡོད་ནའང་། གཡུ་ཐོག་པའི་མཁྱེན་དཔྱོད་དང་དགོངས་པའི་རྩལ་ལས་རྒྱ་ནག་གསོ་དཔྱད་ཀྱི་ལུགས་དཔེར་ན་ཁམས་ལྔའི་ནང་དོན་དང་། མ་བུ་དགྲ་གྲོགས་ཀྱི་སྐོར་དང་། གདགས་སྲིབས་ཀྱི་ནང་དོན་སོགས་མང་པོ་ཡང་བསྟན་ཡོད། དེ་བཞིན་དུ་རྒྱ་ནག་གི་གསོ་དཔྱད་ལས་གཙོ་བོ་ཁམས་ལྔ་དང་། གདགས་སྲིབས་དང་། ཚ་གྲང་གི་རྣམ་གཞག་བསྟན་ནའང་། མཁྲིས་པ་དང་། རླུང་དང། བད་ཀན་སོགས་ཀྱི་མིང་དང་དེའི་སྐོར་གྱི་ནད་ཀྱང་མང་པོ་བསྟན་ཡོད་ཀི དཔེར་ན། ཧོང་ཏི་སྨན་གཞུང་གི་རྩ་བ་དྲིས་པའི་མདོ་ལས། གདོང་མདོག་སེར་བ་དང་། སོ་དང་སེན་མོའི་མདངས་སེར་བ་ནི་མཁྲིས་པའི(黄疸)ནད་དོ། ། དྲི་ཆུ་སེར་ལ་མལ་སྟན་ལ་རྩི་བ་ཡང་མཁྲིས་པའི་ནད་དོ། །བཀྲེས་ཤས་ཆེ་བ་ཕོ་བའི(胃疸)མཁྲིས་པའོ། །ཞེས་པ་སོགས་མང་དུ་བསྟན་ཡོད་པ་མ་ཟད། དུས་ཕྱིས་རྒྱའི་གསོ་དཔྱད་མཁས་པ་དཔེར་ན་སུའེ་གུར་རྒྱལ་རབས་ཀྱི་བླ་སྨན་པ་ཆེན་མོ་ཁྲའོ་ཡོན་ཧྥང(巢元方)སོགས་ཀྱི་གཞུང་ལས་མཁྲིས་པའི་ནད་སོ་དྲུག་དང་། ཉེར་བརྒྱད་དང་། བརྒྱད་སོགས་དབྱེ་བ་མང་དུ་ཕྱེས་ཡོད། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་དུའང་མཁྲིས་པའི་ནད་ཅེས་པའི་ས་བཅད་ཅིག་བསྟན་ཡོད་པ་དེ་ལྟ་བུ་རེད།
དེ་བཞིན་དུ་བད་ཀན་ལྟ་བུར་མཚོན་ན། རྒྱ་ནག་གི་ལུགས་ལ“痰饮”ཞེས་ལུད་པ་དང་། བེ་སྣབས་དང་། ལྗན་ལྗིན་དང་། ལུས་ཀྱི་གཤེར་ཆུའི་རང་བཞིན་སོགས་མང་པོར་འཇུག་ཀྱང་དོན་གྱི་དབང་དུ་བྱས་ན་བད་ཀན་གྱི་རང་བཞིན་ལས་མ་འདས་ལ། དེ་ལའང་གཞུང་སོ་སོ་ལས་རིགས་མང་དུ་ཕྱེས་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་བྱ།
རླུང་ལྟ་བུ་ལ་མཚོན་ན། ཧོང་ཏིའི་གཞུང་རྩ་བ་དྲིས་པའི་མདོ་ལས། “风者,百病之长也”ཞེས་པ་ལྟ་བུའི་བོད་ཀྱི་གསོ་རིག་གི་ནང་དོན་དང་མཐུན་པའི་ཚིག་མང་དུ་སྣང་བས། སྤྱིར་རྒྱ་ནག་གི་ལུགས་ལ“风”ཞེས་པ་རླུང་གི་རིགས་ལ་ཟེར་འདུག་ནའང་། བྱེ་བྲག་ཏུ“大风”ཞེས་པ་དང་། “风邪”ཞེས་པ་སོགས་དོན་མང་བས་སྐབས་ཐོབ་ཀྱི་གོ་བ་ལེན་ལུགས་རེ་དང་། ཡང“气”ཞེས་པ་བརྗོད་བྱའི་དོན་ལ་བལྟས་ནས་སྐབས་རེར་རླུང་དང་། སྐབས་རེར་དབུགས་རྒྱུན་ཞེས་པ་ཡིན་ཡང་། ལན་རེར་དྲི་དང་། ནུས་པ་དང་། སྟོབས་སོགས་འཇུག་ཡུལ་མང་བས་བློ་དང་ལྡན་པ་རྣམས་ཀྱིས་འདི་འདྲ་བའི་ཐད་རྒྱ་ནག་གི་གསོ་དཔྱད་ཀྱི་གཞུང་ལུགས་ཀུན་ལ་ཞིབ་ཏུ་མཇལ་ཏེ། རང་རེ་བོད་ཀྱི་གསོ་བ་རིག་པ་ལ་ཁ་ནང་དུ་བསྐོར་ན་ད་གཟོད་གཞུང་ལུགས་གཉིས་ཀྱི་འབྲེལ་བ་དང་སོ་སོའི་ཁྱད་ཆོས་ཐད་གུ་ཡངས་མོའི་སྒོ་ནས་འགྲེལ་ཆགས་རྒྱུ་ཡོད་པར་མ་ཟད། རེ་རེའི་ཐད་ལའང་གོ་བ་ཟབ་མོ་རེ་ལེན་རྒྱུར་འདུག་ལ། དེ་མ་ཡིན་པར་ཚིག་རྐང་རེ་གཉིས་ཀྱི་ངོ་གདོང་ཙམ་ལ་བལྟས་པས་གར་ཡང་མི་ཕྱིན་པར་མ་ཟད། རྒྱ་ནག་གསོ་དཔྱད་ཀྱི་དགོངས་དོན་ལོག་པར་འགྲེལ་བའི་ཉེན་ཡང་ཆེའོ། །
དེས་ན་བོད་ཀྱི་གསོ་བ་རིག་པ་དེ་ནི་འབྱུང་བ་ལྔ་དང་། ཉེས་གསུམ་དང་། ཚ་གྲང་གི་རྣམ་གཞག་གཙོ་བོ་བསྟན་ནས། དེ་ལས་གཞན་ཁམས་ལྔ་དང་། གདགས་སྲིབས་སོགས་གསོ་རིག་གཞན་གྱི་ཉིང་ཁུ་རྣམས་ཚུར་བླངས་པ་འདི་ནི་གངས་རིའི་ཁྲོད་ཀྱི་སྨན་པ་གཡུ་ཐོག་ཆེན་པོའི་དགོངས་པའི་རྩལ་ལས་བྱུང་བའི་ཁྱད་ཆོས་སུ་བརྗོད་ཆོག་ལ། དེ་བཞིན་དུ་རྒྱ་ནག་གི་གསོ་དཔྱད་རང་ལུགས་ལ་ཁམས་ལྔ་དང་། གདགས་སྲིབས་དང་། ཚ་གྲང་གི་རྣམ་གཞག་གཙོ་བོར་བསྟན་ནས། དེ་ལས་གཞན་རླུང་དང་། མཁྲིས་པ་དང་། བད་ཀན་གྱི་མིང་དང་། དེ་དག་གི་ནད་ཀྱང་རྒྱའི་གསོ་དཔྱད་མཁས་པ་རྣམས་ཀྱི་གཞུང་ན་མང་དུ་བསྟན་ཡོད་པ་འདི་ག་ལགས་པས། རྒྱ་ནག་གི་ལུགས་ལ་ཉེས་གསུམ་གྱི་རྣམ་གཞག་མ་བསྟན་ཞེས་པ་དེའི་དོན་ལ་ཞིབ་ཏུ་བསམ་ན་རྒྱ་བོད་གཉིས་ཀའི་གསོ་དཔྱད་ཀྱི་དགོངས་པར་མི་འགལ་ཞིང་། གཞུང་ལུགས་བར་གྱི་འབྲེལ་བ་སོགས་གོ་སླ་བར་འགྱུར་ཞིང་བློ་གྲོས་ཀྱི་སྒོ་མོ་གུ་ཡངས་པོར་འགྲོ་བའི་འཆད་ལུགས་ཤིག་མཆིས་ཀྱང་། སྐབས་འདིར་དེ་ཙམ་གྱིས་ཆོག་པར་བགྱིས་ལ། འདི་ཙམ་གྱིས་རྒྱ་བོད་གསོ་རིག་གི་གཞུང་གཉིས་བར་གྱི་འབྲེལ་བ་དང་། སོ་སོའི་ཁྱད་ཆོས་རགས་ཙམ་མཚོན་པ་དེ་འདྲ་རེད།
དྲི་བ་དྲུག་པ། བསྟན་བཅོས་འདིའི་ནང་གི་སྨན་སྣ་ངོས་འཛིན་ལུགས་དང་བོད་ཀྱི་གསོ་རིག་གི་སྨན་སྣ་ངོས་འཛིན་ལུགས་ཐད་ནས་ཁྱད་པར་ཡོད་མེད་ཀྱི་སྐོར་ངོ་སྤྲོད་རགས་ཙམ་གནང་རོགས་ཞུ།
རྣམ་རྒྱལ་ཐར། འོ་ཡ། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་བསྟན་པའི་ས་རྡོའི་སྨན་དང་། རིན་པོ་ཆེའི་སྨན་དང་། ཆུ་སྨན་དང་། ལན་ཚྭ་སྲོག་ཆགས་སོགས་ལས་བྱུང་བའི་སྨན་ཕལ་མོ་ཆེ་ནི་རྩ་བའི་ཆ་ནས་བོད་ཀྱི་གསོ་རིག་གི་སྨན་རྫས་ངོས་འཛིན་ལུགས་ཐད་ཁྱད་པར་ཆེན་པོ་མེད་ཀྱང་། གནས་ཀྱི་དབང་གིས་སྨན་རྫས་ལ་མི་འདྲ་བ་ཅུང་ཟད་རེ་ཡོད་པ་དང་། དེ་བཞིན་དུ་ཤིང་གི་འབྲས་བུའི་རིགས་མང་པོ་ཡང་དང་པོའི་བྱུང་ཁུངས་སམ་རྒྱུའི་སྒོ་ནས་འདྲ་ཡང་སྐྱེ་སའི་ཡུལ་གྱི་དབང་གིས་དབྱིབས་གཟུགས་ཆེ་ཆུང་མི་འདྲ་བ་བྱུང་བ་དང་། དེ་ལ་བརྟེན་ནས་མཆོག་དམན་སོགས་ངོས་འཛིན་མི་འདྲ་བ་བྱུང་ཡོད་པ་དཔེར་ན། ཀུན་གྱིས་ཤེས་པའི་ཨ་བར་སྐྱུར་གསུམ་ལྟ་བུ་ལ་མཚོན་ན། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་དང་པོ་རྒྱ་གར་སོགས་ནུབ་རྒྱུད་ཀྱི་ཡུལ་གྲུ་ནས་ཁྱེར་ཡོང་བ་རྒྱའི་ཡུལ་དུ་བཙུགས་པས་མང་དུ་སྐྱེས་པ་སོགས་བཤད་ལ། འོན་ཀྱང་སྡོང་པོའི་རྒྱུ་གཅིག་ཀྱང་སྐྱེ་སའི་ཡུལ་གྱིས་དབང་གིས་འབྲས་བུ་ལ་ཆེ་ཆུང་བཟང་ངན་ཅི་རིགས་མཆིས་པས་ངོས་འཛིན་སྟངས་ཐད་མཆོག་དམན་མང་པོ་ཕྱེས་ཡོད་པ་དེ་ལྟ་བུ་རེད། དེ་ལྟ་བུ་ནི་བོད་གངས་རིའི་ལྗོངས་ཀྱི་ཡུལ་སྟོད་སྨད་བར་གསུམ་གྱི་གནས་འདི་ལའང་སྨན་སྡེ་ཚན་གཅིག་ལ་སྐྱེ་ལུགས་མི་འདྲ་བ་ཡོད་པ་ང་ཚོས་མཐོང་རེག་ཏུ་མཆིས་ན་ཡུལ་གཞན་དག་ནི་སྨོས་མ་དགོས་པ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། རྒྱ་གར་གྱི་ཤིང་འབྲས་ཁུ་ཚུར་ཙམ་པ་ཞིག་རྒྱ་ནག་གི་ཡུལ་དུ་བཙུགས་པས་འབྲས་བུ་བྱ་སྒོང་ཙམ་དང་། བོད་ཀྱི་ཡུལ་དུ་ནི་དེ་བས་ཆུང་ངུར་འགྲོ་བ་སོགས་གསུངས་པའང་ས་གཤིས་ཀྱིས་དབང་གིས་ཡིན་པས་བདེན་ཚོད་དུ་འདུག དེ་ནི་ངས་བཤད་རྒྱུའི་སྐད་ཆ་དང་པོ་སྨན་གྱི་རྒྱུ་དང་རིགས་གཅིག་ལ་ཡུལ་མི་འདྲ་བའི་དབང་གིས་སྨན་གྱི་དབྱིབས་གཟུགས་ཁ་དོག་དང་ཆེ་ཆུང་བཟང་ངན་གྱིས་ངོས་འཛིན་མཆོག་དམན་སོགས་དབྱེ་བ་མི་འདྲ་བ་ཅུང་ཟད་ཡོད་པ་དེ་འདྲ་རེད།
གཉིས་ནི་བོད་གངས་ཅན་གྱི་ཡུལ་འདི་རི་མཐོ་ས་གཙང་ལ། གྲང་ངར་ཆེ་བས་ཡུལ་འདིར་སྐྱེས་པའི་སྨན་ཕལ་ཆེར་ཞིག་རྒྱ་གར་དང་རྒྱ་ནག་སོགས་ས་གཤིས་དམའ་བའི་ཡུལ་དུ་སྐྱེ་མི་ཐུབ་ལ། དཔེར་ན་གཡའ་ཀྱི་དང་། ཧོང་ལེན། བོང་དཀར། སྲོལ་གོང་། གཟའ་དུག་ནག་པོ། བྱ་རྒོད་སུག་པ་སོགས་རྫ་བྲག་མཐོན་པོའི་གསེབ་ནས་སྐྱེས་པའི་སྔོའི་སྨན་ཕལ་མོ་ཆེ་ལྟ་བུ་ཡིན་ནོ། ། དེའི་རྒྱུ་མཚན་གྱིས་བོད་ཀྱི་གསོ་རིག་གི་སྨན་རྫས་ཀྱི་ཁྱད་ཆོས་གཙོ་བོ་ཡང་ཡུལ་གཞན་ན་མེད་པའི་རྫ་རི་དང་། གངས་ཁྲོད། གཡའ་འདབ་སོགས་སུ་སྐྱེས་པའི་སྔོའི་སྨན་འདི་དག་ཡིན་ནོ། ། ཡང་སྔོ་ལྡུམ་གྱི་སྨན་འགའ་ཞིག་ནི་རྒྱའི་ཡུལ་ཁོ་ན་མ་གཏོགས་བོད་ཡུལ་འདིར་མི་སྐྱེ་ལ། སྔོ་ལྡུམ་གང་མང་ཞིག་རྒྱ་བོད་གཉིས་ཀའི་ཀླུང་ཤོད་དུ་སྐྱེ་སྟེ། དཔེར་ན་མིང་ཅན་ཞེས་པ་འདི་རྒྱ་བོད་གཉིས་ཀའི་གསོ་དཔྱད་ཀྱི་གཞུང་དུ་ཡོད་ཅིང་། བསྟན་བཅོས་སྔོ་འབུམ་ཆེ་མོ་ལས“天名精”དང་། “麦句姜”ཞེས་སོགས་མིང་འདོགས་པས་སྒྲ་ཡང་མཚུངས་པ་ཙམ་ཡོད་ལ། འོན་ཀྱང་ངོས་འཛིན་གྱི་ཐད་རྒྱ་བོད་གཉིས་རྣམ་པ་ཐ་དད་པ་མིན་ཡང་སྡེ་ཚན་གཅིག་ལས་སྨན་སོ་སོ་བ་གཉིས་སུ་ངོས་བཟུང་ཡོད་ལ། ནུས་པའི་ཐད་ལའང་ཆེ་ས་ནས་འདྲ་ཡང་དམིགས་བསལ་གྱི་དབང་གིས་ནུས་པའི་ཁྱད་པར་མི་འདྲ་བ་རེ་ཡོད་དོ། །ཡང་རེ་རལ་ལྟ་བུ་ལ་མཚོན་ན། བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་བསྟན་པའི་རེ་རལ་དང་བོད་ཀྱི་གསོ་རིག་ལས་ངོས་འཛིན་པའི་རེ་རལ་གཉིས་སྡེ་ཚན་གཅིག་གི་ཁོངས་སུ་གཏོགས་ནའང་། སྐྱེ་ལུགས་ལ་ཁྱད་པར་ཅུང་ཟད་མཆིས་པས་ངོས་འཛིན་ཐད་རང་རང་སོ་སོའི་ལུགས་སུ་མ་འདྲེས་པར་ངོས་འཛིན་དགོས་ཤིང་། ནུས་པ་ལའང་སྤྱིའི་ཆ་ནས་འདྲ་ཡང་། ཁྱད་པར་རམ་དམིགས་བསལ་གྱི་སྒོ་ནས་གཏོང་ཡུལ་མི་འདྲ་བ་ཡོད་པ་ལྟ་བུ་དང་། དེ་བཞིན་དུ་སུག་པ་དང་། སྤང་རྒྱན་དང་། འོལ་མོ་སེ་དང་། ཐང་ཕྲོམ་གྱི་རིགས་དང་། ཨ་ཟ་མོ་དང་། ཀྲི་ཤིང་ལྟ་བུ་ལ་མཚོན་ན་རྒྱ་བོད་གཉིས་ཀའི་གཞུང་ལས་བསྟན་ནའང་། སྐྱེ་ལུགས་རིང་ཐུང་དང་། ངར་པ་མེ་ཏོག་སོགས་མི་འདྲ་བར་ཡོད་པ་ལྟ་བུ་ཡིན་ལ། དེ་བཞིན་དུ་རྩི་ཤིང་གི་སྨན་རིགས་འགའ་ཞིག་ལ་ངོས་འཛིན་འདྲ་ནའང་རྒྱ་ནག་གི་ལུགས་ལ་ཤུན་པ་དང་རྩ་བ་གཏོང་བའི་རིགས་ལ། བོད་ཀྱི་སྨན་གཞུང་ལས་མེ་ཏོག་དང་འབྲས་བུ་ལས་རྩ་བ་དང་ཤུན་པ་སོགས་གཏོང་སྲོལ་མེད་པ་དེ་འདྲ་བ་ཡང་མང་པོ་ཡོད་དོ། །
མདོར་ན་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་བསྟན་པའི་རྩི་སྨན་ཕལ་ཆེ་བ་ནི་བོད་ཀྱི་སྨན་གཞུང་ལས་ཡོད་པའི་སྨན་རིགས་འདི་དག་དང་ཁྱད་པར་ཆེན་པོ་མེད་ནའང་། ནུས་པའི་ཐད་དམིགས་བསལ་གྱི་སྒོ་ནས་རང་རང་གི་ཁྱད་ཆོས་རེ་བསྟན་ཡོད་ལ། དེ་བཞིན་དུ་ཤིང་མངར་དང་དཔའ་བོ། ཤུ་དག་གི་རིགས། ལྕམ་པའི་རིགས། པ་ཏོ་ལ། དྭ་བ་རྒོད་གཡུང་། སྒའི་རིགས་མང་པོ། སྨན་ཆེན། སྤྱང་ཚེར། བྱི་བཟུང་། ཀོ་བྱི་ལ། འབྲི་མོག་སོགས་རྒྱ་བོད་ཐུན་མོང་དུ་གྱུར་པའི་སྨན་ཡང་མང་པོ་ཞིག་ཡོད་ལ། ཡང་ཡུལ་དམའ་སའི་མཚོ་དང་། མཚེའུ་དང་། ཆུ་ནང་འདམ་རྫབ་སོགས་ལས་སྐྱེས་པའི་སྨན། དཔེར་ན་པདྨའི་རྩ་བ་ལྟ་བུ་ལས་གཞན་མང་པོ་ཞིག་ནི་རང་ཅག་གི་གཞུང་དུ་མ་བསྟན་ལ། དེ་བཞིན་དུ་ཡུལ་དམའ་སའི་རྒྱ་ནག་གི་ཡུལ་གྲུ་སོགས་ཁོ་ནར་ཡོད་པའི་སྔོ་ལྡུམ་མང་པོ་ཡང་བོད་ཀྱི་སྨན་གཞུང་དུ་མ་བསྟན་པས་དེ་ལ་ངོས་འཛིན་པ་ཡང་མེད་དོ། །དེས་ན་གཙོ་བོ་ཀླུང་ཤོད་དུ་སྐྱེས་པའི་སྔོ་ལྡུམ་རིགས་རྒྱ་བོད་གཉིས་ཀའི་གཞུང་དུ་བསྟན་ཡོད་པའི་ཤིང་སྣ་མང་པོ་དང་སྔོ་ལྡུམ་རིགས་མིང་ཙམ་འདྲ་ནའང་། ངོས་འཛིན་དང་གཏོང་ཡུལ་ཐད་རང་རང་གི་ལུགས་སུ་ཅུང་ཟད་མི་འདྲ་བ་མཆིས་པ་དེ་དག་སོ་སོར་མ་འདྲེས་པར་ངོས་འཛིན་རྒྱུར་གལ་ཆེན་པོ་འདུག་སྟེ། གནད་བསྡུས་ནས་བཤད་ན་དེ་འདྲ་རེད།
དྲི་བ་བདུན་པ། སྔོ་འབུམ་ཆེ་མོ་བོད་འགྱུར་མ་འདིས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ཐད་སྐུལ་འདེད་དང་ཤུགས་རྐྱེན་ག་འདྲ་འབྱུང་སྲིད།
རྣམ་རྒྱལ་ཐར། འོ་ཡ། སྤྱིར་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོར་གྱུར་པའི་དཔལ་ལྡན་རྒྱུད་བཞི་འདིའི་ནང་སྔ་རབས་བོད་ཀྱི་མཁས་པས་བརྩམས་པའི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཡོད་པར་མ་ཟད། རྒྱ་གར་དང་། རྒྱ་ནག དོལ་བོ། མོན་སོགས་མཐའ་བཞིའི་གསོ་དཔྱད་ཀྱི་གཞུང་གི་བཅུད་འདུས་ཚུལ་ཡང་གཡུ་ཐོག་པ་རང་གིས་གསུངས་པ་ནང་བཞིན། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩ་འགྲེལ་སོགས་འཕགས་ཡུལ་གྱི་གཞུང་དང་། སྨན་དཔྱད་སོ་མ་རཱ་ཛའི་ཁམས་ལྔ་དགྲ་གྲོགས་ཀྱི་སྐོར་སོགས་རྒྱ་ནག་གསོ་དཔྱད་ཀྱི་ནང་དོན་ཅི་རིགས་ཤིག་དང་། གཞན་ཡང་ཕྱི་ནང་དྲང་སྲོང་གི་ལུགས་ཀྱི་གསོ་དཔྱད་ཀྱི་གདམས་པ་མང་པོ་ཡང་བསྟན་བཅོས་འདིའི་ནང་བཅུད་ལེན་གྱི་ཚུལ་དུ་ཡོད་པས། བསྟན་བཅོས་འདི་ལ་གསོ་བ་རིག་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་མཁས་པ་རྣམས་ཀྱིས་གསུངས། རྒྱུད་འདི་བོད་གངས་ཅན་གྱི་ཡུལ་གྲུ་ཀུན་ཏུ་སྤེལ་བ་ལ་བརྟེན་ནས་ལོ་རྒྱུས་སྟེང་བྱང་ཟུར་སོགས་མཁས་པ་མང་པོ་བྱོན་ནས་གསོ་བ་རིག་པའི་གཞུང་དང་ལག་ལེན་དར་རྒྱས་ཆེན་པོ་བྱུང་། ཁྱད་པར་དུ་སྨན་རྫས་རིག་པའི་འཁྲུངས་དཔེ་དང་སྨན་གཞུང་མང་པོ་བརྩམས། སྦྱོར་བ་སྨན་དང་སྨན་གྱི་ངོས་འཛིན་ཕྱོགས་ལའང་སྨན་རིགས་ཀྱི་འབྱུང་ཁུངས་དང་། དབྱིབས་དང་། རོ་ནུས་དང་། ཁ་དོག་སོགས་ལ་བརྟེན་ནས། དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་སྨན་ངོ་སྤྲོད་པའི་ལུགས་སྲོལ་ཆགས་ཡོད།
དུས་ཕྱིས་རིམ་གྱིས་ངོ་སྤྲོད་བྱེད་སྟངས་ཉམས་ནས་རྒྱུད་པ་སོ་སོའི་ལུགས་དང་། རྒན་རབས་ཀྱི་ངག་རྒྱུན་དང་། ལུང་ཁག་སོ་སོར་ལུགས་སྲོལ་མི་འདྲ་བ་མང་པོ་བྱུང་སྟེ། གཞུང་གི་སྨན་མིང་དང་སྨན་རྫས་གཉིས་ར་མ་འཕྲོད་པར་འཁྲུལ་རྙོག་མང་པོ་བྱུང་བར་བརྟེན། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་བོད་ཀྱི་ཡུལ་གྲུ་ཀུན་དང་། གླང་ཆེན་འགྱིང་རི་སོགས་རྒྱ་གར་ནག་བལ་བོ་སོགས་སུ་ཕེབས་ནས་སྨན་རེ་རེའི་རོ་ནུས་ངོས་འཛིན་དང་། མིང་གི་རྣམ་གྲངས། མཆོག་དམན། རྒོད་གཡུང་། ཕོ་མོ་བཅས་གསལ་ལ་མ་འདྲེས་པར་གཏན་ལ་ཕབ། སྨན་ངོ་ངོས་འཛིན་དང་ལག་ལེན་འཕྱུག་མེད་དུ་སྟོན་པའི་དྲི་མེད་ཤེལ་གོང་དང་དང་ཤེལ་ཕྲེང་ཞེས་བྱ་བ་བརྩམས་ནས་བཤད་རྒྱུད་སྦྱོར་བ་སྨན་གྱི་དགོངས་དོན་རྒྱས་པར་བཀྲལ། སྨན་ངོས་འཛིན་ཐད་ཀྱི་འཁྲུལ་རྙོག་མ་ལུས་པ་རྩ་བ་ནས་བསལ་བ་དེ་ལྟ་བུ་རེད།
དེ་བཞིན་དུ་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་ཡང་རྒྱ་ནག་གསོ་དཔྱད་ཀྱི་བསྟན་པ་མར་འགྲིབ་བྱུང་བའི་དུས་དང་། ཁྱད་པར་དུ་སྐབས་དེར་བཞུགས་པའི་རྒྱ་ནག་གི་སྨན་པ་ཕལ་མོ་ཆེ་ཡང་སྨན་གྱི་ངོས་འཛིན་དང་། ལག་ལེན། སྦྱར་ཐབས་སོགས་ཀྱི་ཐད་ནོར་བ་མང་པོ་འབྱུང་བཞིན་མཆིས་པས། ནོར་བ་དེ་ཀུན་རྩ་བ་ནས་བསལ་བའི་དགོས་པ་དེ་ལྟ་བུའི་ཕྱིར། སྨན་པ་ཆེན་པོ་ལི་ཧྲི་ཀྲེན་གྱིས་མི་ལོ་ཉི་ཤུ་རྩ་བདུན་གྱི་རིང་དཀའ་བ་མང་པོ་ཁྱད་དུ་བསད་དེ་སྨན་གྱི་ངོས་འཛིན་དང་ལག་ལེན་སོགས་འཕྱུག་མེད་དུ་སྟོན་པའི་སྔོ་འབུམ་ཆེ་མོ་འདི་བརྩམས་པ་ཡིན་ལ། བསྟན་བཅོས་འདིའི་ནང་རྒྱའི་ལོ་རྒྱུས་སྟེང་བྱུང་བའི་སྨན་པ་གྲགས་ཅན། ཞིང་ཧུང་རྒྱལ་པོ་དང་།(神农) ཧོང་ཏི་རྒྱལ་པོ།(黄帝) སློབ་དཔོན་ཁྱེ་ཕཱ(岐伯)། སྨན་པ་ཆེན་པོ་པེན་ཆུའེ(扁鹊)། སྨན་པ་ཀྲང་ཀྲུང་ཅིན(张仲景)། སྨན་པ་ཆེན་པོ་ཧྭ་ཐའོ(华佗)། རྒྱ་ནག་དྲང་སྲོང་སོགས་གནམ་འོག་ན་གྲགས་ཆེ་བའི་སྨན་པ་ཕལ་མོ་ཆེའི་གཞུང་གི་མན་ངག་ལག་ལེན་གྱི་ཉམས་ཡིག་དང་གདམས་པ་མང་པོ་ཞིག་དྲངས་ཡོད་ཅིང་། ཁྱད་པར་དུ་ནད་རིགས་མང་པོ་ཞིག་གི་བཅོས་ཐབས་ཀྱི་སྐོར་ལ་སྨན་པ་ཆེན་པོ་ལི་ཧྲི་ཀྲེན་རང་ཉིད་གྱིས་ལོ་དུ་མའི་རིང་ནད་པ་བསྐོར་བའི་ཉམས་མྱོང་དང་མན་ངག་མང་པོས་ཟུར་བརྒྱན་ཡོད་པས། མན་ངག་འདི་དག་དང་བོད་ཀྱི་གསོ་རིག་ལས་བསྟན་པའི་ཉམས་ཡིག་དང་། གཅེས་བསྡུས། ནད་སྨན་སྤྲོད་པའི་ཉམས་ཡིག་ཁག་དང་བསྡུར་དཔྱོད། ཞིབ་འཇུག་གཏིབ་ཟབ་བགྱིས་ནས་ལག་ལེན་དངོས་ཀྱི་ཐོག་བེད་སྤྱོད་གཏོང་ཐུབ་ན་ནད་པ་མང་པོ་ཞིག་ལ་ཕན་ཞིང་། བོད་ཀྱི་གསོ་རིག་གི་ནད་ཐོག་ལག་ལེན་གྱི་ཕྱོགས་ལ་འཕེལ་རྒྱས་ཆེན་པོ་འགྲོ་བ་གདོན་མི་ཟ་སྟེ། དེ་ནི་ངས་བཤད་རྒྱུའི་སྐད་ཆ་དང་པོ་ཡིན།
གཉིས་པ་ནི་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་སྔོ་འབུམ་གྱི་གཞུང་མང་པོ་ཞིག་མཚམས་སྦྱོར་གནང་ཡོད་པར་མ་ཟད། དེ་དག་ལས་བྱུང་བའི་སྔོའི་སྨན་གྱི་མིང་དོན་བརྡ་སྤྲོད་པ་དང་། མིང་གི་རྣམ་གྲངས། སྔོ་འབུམ་རྩ་བའི་གཞུང་གི་སྨན་རབ་འབྲིང་ཐ་མ་གསུམ་གྱི་གྲངས་ངེས་སོགས་མང་པོ་བསྟན་ཡོད་ལ། ཁྱད་པར་དུ་ནད་ཀྱི་ཁམས་དང་སྟོབས་ཆེ་ཆུང་ལ་ལྟོས་ནས་སྨན་གྱི་སྦྱོར་བ་བདུན་དང་། སྦྱར་ཐབས་ཀྱི་དབང་གིས་གཉེན་པོ་བཅུའི་ནང་དུ་བསྡུས་ནས། དེ་དག་ཀྱང་སྨན་བསྡེབས་པའི་སྐབས་རྗེས་སུ་མཐུན་པ་ནི་གང་དང་། ལོག་པར་སྦྱར་བ་ནི་གང་། དེ་བཞིན་དུ་རྒྱལ་པོ་དང་། བློན་པོ། དམག་དཔོན། དམག་མི་བཅས་པའི་སྨན་གང་ཡིན་སོགས་རེ་རེ་གསལ་པོ་བསྟན་ཏེ། དེ་ལ་སྨན་འཇལ་ཚད་འདེགས་གཤོར་སྤྱི་ལུགས་སོགས་ཀྱི་སྒོ་ནས་ཐང་དུ་འོས་པ་དང་། ཕྱེ་མར་འོས་པ། རིལ་བུར་འོས་པ་དང་། ལྡེ་གུར་འོས་པ་སོགས་མདོར་ན་བོད་ཀྱི་གསོ་བ་རིག་པའི་སྦྱོར་བ་སྨན་གྱི་ཕྱོགས་ལ་བསྡུར་དཔྱོད་དང་། ཞིབ་འཇུག་གཏིང་བགྱིས་པར་མེད་དུ་མི་རུང་བའི་ཡིག་ཆ་གལ་ཆེན་ཞིག་དང་། བོད་ཀྱི་གསོ་བ་རིག་པའི་སྔོ་འབུམ་སྨན་གྱི་གཞུང་གི་འཕེལ་རྒྱས་ཐད་མེད་མི་རུང་བའི་སྔོ་འབུམ་གྱི་བསྟན་བཅོས་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་དེ་འདྲ་རེད།
གསུམ་པ་ནི་སྔོ་འབུམ་གྱི་བསྟན་བཅོས་འདིའི་ནང་སྨན་བསྟེན་དུས་ཁ་ཟས་བསྡམ་བྱའི་སྐོར་དང་། བཟའ་བཏུང་ལྷན་དུ་སྦྱར་བས་མི་འཕྲོད་པའི་སྐོར་སོགས་འཚོ་བ་ཟས་ཀྱི་ནང་དོན་སྐོར་མང་པོ་དང་། ནད་པ་གསོ་རུང་མིན་དང་གསོ་དཀའ་སླ་སོགས་གལ་ཆེ་བའི་མདོར་དྲངས་ནས་སྤང་བླང་བསྟན་པ་དང་། བཤལ་སྐྱུགས་རྔུལ་དབྱུང་བ་སོགས་ལས་ལྔའི་ཆོ་ག་དང་། མེ་བཙའ་དང་ཐུར་མའི་བརྡེག་ཐབས། སྦྱར་བའི་དུག་དང་། རང་བཞིན་གྱི་དུག་དང་། འབུ་སྲིན་དང་སྔོ་ངད་ཚོད་མ་སྣ་ཚོགས་ཀྱི་དུག་སོགས་དོན་མང་པོ་བསྟན་ཡོད་པར་མ་ཟད། སྐབས་དེར་རྒྱ་ནག་གི་ཡུལ་དུ་དར་ཆེ་བའི་ནད་ཀྱི་རིགས་མང་པོ་གསུང་སྟེ། དེ་དག་རེ་རེའི་རྐྱེན་དང་། དབྱེ་བ། གསོ་བའི་ཐབས་མི་འདྲ་བ། དེའང་གཉེན་པོ་གཅིག་གིས་མ་སེལ་ན་ཅིག་ཤོས་ཀྱིས་སེལ་ནུས་པར་བསྟན་པ་སོགས་བཅོས་ཐབས་ཀྱི་རིམ་པ་མང་ལ་མན་ངག་གི་མཛོད་ལྟ་བུར་གྱུར་ཡོད་པ་དང་། ཁྱད་པར་དུ་རེག་དུག་གི་འབྱུང་ཁུངས་དང་། རྒྱུ་རྐྱེན། ནད་རྟགས། བཅོས་པའི་ཐབས། དེ་ལའང་དངུལ་ཆུའི་བསྲེག་སྨན་དང་། དངུལ་ཆུ་གཙོ་བྱས་པའི་སྦྱོར་བ་གང་མང་། ཁྱད་པར་སྒོས་ཀྱི་གཉེན་པོ་རེག་དུག་བརྒྱད་ཐང་སོགས་མན་ངག་ཟབ་ཁྱད་ཅན་གང་མང་ཞིག་བསྟན་བཅོས་འདིའི་ནང་མཆིས་པས་དེང་དུས་དར་ཆེ་བར་ཡོད་པའི་ནད་རིགས་གསོ་དཀའ་བ་མང་པོ་ཞིག་གི་ཐད་ཞིབ་འཇུག་གི་ཡིག་ཆ་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་དེ་ལྟ་བུ་རེད།
བཞི་པ་ནི་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་སྨན་རིགས་རྩ་བ་ཆིག་སྟོང་བརྒྱད་བརྒྱ་གོ་གཉིས་གསུང་ཡོད་པ་དེ་དག་ལས། རྒྱ་བོད་གཉིས་ཀའི་ཐུན་མོང་དུ་གྱུར་པའི་སྨན་རིགས་དང་། རྒྱ་ནག་གསོ་དཔྱད་རང་ལུགས་ཀྱི་སྨན་རིགས་སོགས་ཅི་རིགས་མཆིས་ཤིང་། དེ་དག་ལའང་མིང་གི་རྒྱུ་མཚན་དང་། ཁུངས་བཤད། དོགས་སེལ། སྨན་འདུལ་ལུགས། སྨན་གྱི་རོ་ནུས། ཕན་ཡོན། མཁས་པའི་བཞེད་ཚུལ་དང་རང་ལུགས། ཀུན་གྱི་མཇུག་ཏུ་སྨན་རིགས་དེ་དག་གཙོ་བྱས་པའི་ཉམས་ཡིག་བཅས་དབྱེ་བ་སྒོ་བརྒྱད་ཕྱེས་ནས་གཏན་ལ་ཕབ་ཡོད་པས། འདི་དག་ལ་ཞིབ་ཏུ་མཇལ་ཏེ་སྨན་རྣམས་ངོ་འཕྲོད་ཅིང་ངོས་ཟིན་པར་གྱུར་ན། བོད་ཀྱི་གསོ་བ་རིག་པའི་སྨན་ངོས་འཛིན་དང་། དེའི་ཐུན་མོང་མ་ཡིན་པའི་འབྱུང་ཁུངས་དང་། སྐྱེ་ལུགས་དང་། བཏུ་དུས། འདུལ་ལུགས་སོགས་ལ་སྔར་ལས་ལྷག་པའི་ངེས་ཤེས་འདྲོངས་པར་འགྱུར་བར་མ་ཟད། བོད་ཀྱི་གསོ་བ་རིག་པའི་རང་ལུགས་ཀྱི་སྨན་ངོས་འཛིན་དང་དེའི་འབྱུང་ཁུངས། སྐྱེ་ལུགས་སྐོར་ལ་གདེངས་དང་ལྡན་ཞིང་འཕྲིག་མི་ཟ་བ་དེ་ལྟ་བུའི་དགོས་པ་དང་ཤུགས་ཆེན་པོ་ཐེབས་པའང་གདོན་མི་ཟ་སྟེ་གནད་བསྡུས་ནས་བཤད་ན་དེ་འདྲ་རེད།
དྲི་བ་བརྒྱད་པ། རང་ཅག་བོད་ལུགས་གསོ་རིག་གི་སློབ་གཉེར་བ་ཞིག་གི་ངོས་ཐད་ནས་རྒྱ་ནག་གི་གསོ་དཔྱད་ཀྱི་གཞུང་ལས་འགྱུར་བའི་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་སློབ་གཉེར་བྱ་དགོས།
རྣམ་རྒྱལ་ཐར། འོ་ཡ། དེས་ན་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་ལ་སློབ་གཉེར་ཇི་ལྟར་བྱ་དགོས་ཞེ་ན། རྒྱ་ནག་གི་སྨན་པ་ཆེན་པོ་དྲང་སྲོང་སུན་སི་མིའོའི(孙思邈)གསུང་ལས། སྨན་པ་ཆེན་པོའམ་སྨན་གྱི་ལས་ལ་མཁས་པར་འདོད་པ་རྣམས་ཀྱིས་བསླབ་པའི་རིམ་པ་ཇི་ལྟ་བུ་ཞིག་དགོས་ཤེ་ན། ཐོག་མར་གསོ་དཔྱད་གཞུང་ལུགས་ཀྱི་ཕྱི་མོར་གྱུར་པ་ཧོང་ཏི་སྨན་གཞུང་གི་རྩ་བ་དྲིས་པའི་མདོ་དང་། ཐུར་དཔྱད་ཀྱི་མདོ་ལེའུ་བཅུ་གཉིས་པ། སྨན་པ་ཆེན་པོ་ཧོང་ཧྥུའུ་སྨིས(皇甫谧)མཛད་པའི་ཐུར་བསྲེག་དཔྱད་ཀྱི་མདོ་རྣམས་ལ་སྦྱངས་པ་མཐར་ཕྱིན་རྗེས། གནམ་འོག་ན་གྲགས་ཆེ་བའི་སྨན་པ་ཆེན་པོ་ཀྲང་ཀྲུང་ཅིན་དང་། སྨན་པ་ཆེན་པོ་ཝང་ཧྲུའུ་ཧོ(王叔和)སོགས་ཀྱི་མཛད་པའི་གསོ་དཔྱད་ཀྱི་བསྟན་བཅོས་དང་། སྤོར་ཐང་རྩིས་ཀྱི་གཙུག་ལག་སོགས་གཞུང་དེ་དག་གི་དོན་ཁོང་དུ་ཆུད་པར་བྱས་ན་སྨན་པ་མཁས་པ་ཞེས་པའི་གྲངས་སུ་འགྲོ་ལ། དེ་རྗེས་གནའ་བོའི་མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ལྔ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཆེན་མོ་གསུམ། གྲུབ་མཐའ་སྣ་ཚོགས་ཀྱི་གཞུང་ལས་བསྟན་པའི་དོན་སོགས་ལ་བློས་ཞིབ་ཏུ་མཇལ་ན་གནའ་དེང་གི་བྱ་བ་ཀུན་བདེ་བླག་ཏུ་རྟོགས་ཤིང་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དང་ལྡན་པ་དང་། འཇིག་རྟེན་མི་ཆོས་ལ་ཡང་མཁས་པར་འགྱུར་བས་དེའི་ཚེ་ན་ད་གཟོད་སྨན་པ་ཆེན་པོ་ཞེས་བྱ་བའི་མཚན་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ནང་བཞིན་དུ། བོད་ཀྱི་གསོ་བ་རིག་པར་སློབ་གཉེར་བྱེད་མཁན་ཞིག་ལ་མཚོན་ན། ཐོག་མ་ཁོ་ནར་སྨན་པ་ཆེན་པོ་གཡུ་ཐོག་པའི་ལུགས་ཀྱི་དཔལ་ལྡན་རྒྱུད་བཞིའི་གཞུང་དང་ལག་ལེན་གཉིས་ཆར་སྦྱངས་པ་དཔྱིས་ཕྱིན་པ་ཞིག་ཡོང་ན་རབ་དང་། མིན་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་གི་དོན་དང་ཐུན་མོང་མ་ཡིན་པའི་ཆོས་རྣམས་ལ་གོ་བ་དང་རྨང་གཞི་བརྟན་པོ་ཞིག་ཆགས་ནས་གཞན་གྱིས་བློས་འཁྲིད་པར་མི་ནུས་པ་ཞིག་ངེས་པར་དུ་ཡོང་དགོས་སོ། །
དེ་འདྲ་བ་ཞིག་ཡོང་བ་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་བརྩམས་པའི་ཉམས་ཡིག་དང་གཅེས་བསྡུས། བརྒྱད་པའི་སྙིང་པོ་བསྡུས་པ་དང་འགྲེལ་བ་ཟླ་བའི་འོད་ཟེར། ཆ་ལག་བཅོ་བརྒྱད་སོགས་ཀྱིས་མཚོན་པའི་སྨན་གྱི་བསྟན་བཅོས་རྣམས་ལའང་སྦྱངས་པ་མི་དམན་པ་དགོས་པར་མ་ཟད། བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཆོས་འབྱུང་རྣམས་ལ་བློས་ཞིབ་ཏུ་མཇལ་ཏེ་ལོ་རྒྱུས་སྟེང་བྱུང་མྱོང་བའི་སྨན་པ་གྲགས་ཅན་རྣམས་ཀྱིས་མཛད་རྣམ་ལ་ལྟོས་ནས་ཁ་ནང་དུ་བསྐོར་ཏེ་རང་རྒྱུད་ལ་ཡང་ཡང་གླན་ན་ད་གཟོད་བོད་ཀྱི་སྨན་པ་ཞེས་བྱ་བ་མིང་དོན་མཚུངས་པ་ཙམ་ཡོང་སྙམ་ཏེ། དེ་འདྲ་བར་བོད་ཀྱི་གསོ་རིག་ལ་རྨང་གཞི་བརྟན་པོ་ཡོད་པའི་སྟེང་། རྒྱ་ནག་གི་གསོ་དཔྱད་སྤྱིར་དང་ཁྱད་པར་དུ་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་འདྲ་བ་ལ་སློབ་གཉེར་བྱས་ན་གཞུང་ལུགས་གཉིས་ཀྱི་དགོངས་དོན་དང་། རྣམ་གཞག་འཇོག་སྟངས། གོ་བ་ལེན་ལུགས། དེ་བཞིན་དུ་སྨན་གྱི་སྦྱར་ཐབས་དང་ངོས་འཛིན་སོགས་ཕན་ཚུན་འཆོལ་པར་མི་འགྱུར་བའི་ཁར། གསོ་བ་རིག་པའི་དོན་ལ་བློ་གྲོས་ཀྱི་སྒོ་ཀུན་ནས་ཡངས་པར་འགྱུར་ལ། དེ་མ་ཡིན་པར་བོད་ཀྱི་གསོ་རིག་ལ་སྦྱངས་པ་དེ་ཙམ་དང་། གོ་བ་ཡང་ཆལ་ལེ་ཆོལ་ལེ་ཞིག་བློའི་ཡུལ་དུ་བྱས། བོད་རང་གི་ལོ་རྒྱུས་སྟེང་བྱུང་མྱོང་བའི་ལོ་ཙཱ་བ་མཁས་པ་དང་། སྨན་པ་གྲགས་ཅན་རྣམས་ལ་རྒྱུས་མེད་པར་མ་ཟད། དེ་དག་གི་གཞུང་ལ་བལྟ་འདོད་ཀྱི་བློ་ཡང་མི་སྐྱེས་པར་ནད་པ་སྨན་ལ་དྲེད་པ་བཞིན་སྦྱང་བྱའི་གནས་ལ་སུན་སྣང་སྐྱེས་ནས། རྒྱ་ནག་ཀྲུང་ལུགས་ཀྱི་གཞུང་ཁ་ཤས་ལ་བལྟ་འདོད་ཀྱི་བློ་ཙམ་པོ་བ་ཞིག་སྐྱེས། དེ་ལ་ཡང་ལས་སླ་བོའི་སྒོ་ནས་རྙེད་རྒྱུ་གསར་བ་ཞིག་དང་། བོད་ཀྱི་གསོ་རིག་ལས་མ་བསྟན་པའི་དོན་གྱི་གོ་བ་གསར་བ་འདྲ་ཐོབ་ཏུ་རེ་ན། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས་ཞེས་པ་ལྟར་མི་འགྱངས་པར་ཞ་ཉེ་འབིགས་ཀྱི་དཔེ་བཞིན་མགོ་བྲག་ལ་བརྒྱབ་སྟེ་སླར་ཡང་ཁ་ཕྱིར་འཁོར་ངེས་པས་ན། ཙབ་ཙོབ་ཀྱི་བློ་འགྱར་འགྱུར་དེ་ལྟ་བུས་ཅི་ཡང་མི་ཡོང་གར་ཡང་མི་ཕྱིན་སྙམ་སྟེ། ང་རང་གིས་དེ་ལྟར་བསམ་གིན་ཡོད།
དེས་ན་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་ལ་སྦྱང་བར་འདོད་པ་རྣམས་ཀྱིས་བསླབ་པའི་རིམ་པ་ཅི་ལྟ་བུ་ཞིག་བྱེད་ན་འགྲིག་སྙམ་ན། ཐོག་མར་གོང་དུ་སྨོས་པ་བཞིན་བོད་ཀྱི་གསོ་བ་རིག་པ་སྤྱི་དང་ཁྱད་པར་དུ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་ལ་རྨང་གཞི་བརྟན་པོ་ཞིག་ཆགས་དགོས། རྨང་གཞི་དེ་འདྲ་བ་ཞིག་གི་སྟེང་བསྟན་བཅོས་སྔོ་འབུམ་ཆེ་མོ་འདི་འདྲ་བ་ལ་སྦྱང་པར་འདོད་པ་རྣམས་ཀྱིས་ནི། དང་པོ་གཞུང་འདིའི་ནང་རྒྱ་ནག་གསོ་དཔྱད་ཀྱི་གཞུང་དང་བསྟན་བཅོས་སྔོ་འབུམ་ཆེ་མོའི་བརྒྱུད་པའི་ལོ་རྒྱུས་ཀྱི་སྐོར་ཞེས་པའི་དོན་མདོ་བསྡུས་ཤིག་ང་རང་གིས་བྲིས་ཡོད་པ། དེའང་སྐབས་དེའི་བརྒྱུད་པ་ཞེས་པ་གང་ཟག་གཅིག་གིས་གཅིག་ལ་བཤད་དེ་གཞུང་དང་ལག་ལེན་མ་ཉམས་པར་རིམ་གྱིས་བརྒྱུད་པ་དེ་ཙམ་ལ་གོ་ན་ཆོག་སྟེ་རང་ཅག་གི་ལུགས་ལྟར་མང་པོར་བསམ་མི་དགོས་པ་དེ་དང་། བསྟན་བཅོས་རྩོམ་པ་པོ་སྨན་པ་ཆེན་པོ་ལི་ཧྲི་ཀྲེན་གྱིས་སྨན་གྱིས་འགྲོ་དོན་བསྐྱངས་ཚུལ་དང་། སྔོ་འབུམ་གྱི་བསྟན་བཅོས་འདི་ཇི་ལྟར་བརྩམས་པའི་ཚུལ་སོགས་ལོ་རྒྱུས་རྣམ་ཐར་རགས་རིམ་ཞིག་ངེས་པར་དུ་ཤེས་དགོས། དེ་ཤེས་ན་གཞུང་མཛད་པ་པོ་ལ་ཡིད་ཆེས་དང་མོས་པ་ཐོབ་པས་བསྟན་བཅོས་འདི་ལ་བལྟ་འདོད་དང་སྦྱང་འདོད་ཀྱི་བློ་ཡང་རང་བཞིན་གྱིས་སྐྱེ་བར་འགྱུར་རོ། །
གཉིས་པ་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་ནང་འཁོད་པའི་སྔོ་འབུམ་རྩ་བའི་གཞུང་གི་སྤྱི་ཁོག་འབུབས་པ་ཞེས་པའི་ས་བཅད་དེའི་ནང་རྒྱ་ནག་གི་སྨན་པ་ཀུན་གྱི་ཐོག་མ་ཞིང་ཧུང་རྒྱལ་པོས་རྩྭ་ལྡུམ་གྱི་རོ་མྱངས་ནས་མཛད་པར་གྲགས་པའི་མཁས་པའི་སྔོ་འབུམ་ཕྱོགས་བསྡུས་ཀྱི་སྨན་རིགས་སུམ་བརྒྱ་དྲུག་ཅུའི་གྲངས་ངེས་པ་དེ་བསྟན་ཡོད་ལ། འདི་ནི་རྒྱ་ནག་གི་སྔོ་འབུམ་ཐམས་ཅད་དང་གསོ་དཔྱད་ཐམས་ཅད་ཀྱི་རྩ་བ་ལྟ་བུར་ངོས་འཛིན་པས་ཐོག་མར་དེ་ལ་བློས་ཞིབ་ཏུ་མཇལ་ནས་ངེས་དགོས། དེ་འོག་གཞུང་གི་དོན་གོ་བ་ལ་སྤྱིའི་ཆིངས་སྔོན་དུ་འགྲོ་དགོས་པས་བམ་པོ་དང་པོ་མཁས་དབང་རིམ་བྱོན་གྱིས་མཛད་པའི་སྔོ་འབུམ་དཀར་ཆག་དང་། བམ་པོ་གཉིས་པ་ལས་སྨན་གྱི་དོན་ཐ་དད་ལ་མིང་གཅིག་པའི་བརྡ་སྤྲོད་བསྟན་པ་ཞེས་པ་ནས་སྔོ་འབུམ་རྩ་བའམ་ཞིང་ཧུང་སྔོ་འབུམ་གྱི་དཀར་ཆག་ཅེས་པའི་བར་གྱི་དོན་ལ་སྦྱངས་པ་ཡང་དག་སོང་ན་དེས་བསྟན་བཅོས་འདིའི་གཞུང་ལུགས་ཀྱི་དོན་ལ་གོ་བ་ཅུང་ཟད་ཆགས་པར་འགྱུར་རོ། །
གསུམ་པ་གོང་གི་རྨང་གཞི་དེ་ཆགས་པའི་སྟེང་ས་བཅད་ལྔ་པ་ཆུ་སྨན་གྱི་རིགས་བསྟན་པ་ནས་བཟུང་མེ་སྨན་དང་ས་རྡོའི་སྨན། སྔོའི་སྨན་སོགས་ལས་བསྟན་པའི་སྨན་རིགས་རྣམས་ཀྱི་ངོས་འཛིན་དང་རོ་ནུས་ཕན་ཡོན་སོགས་ཁོང་དུ་ཆུད་པར་བྱས་རྗེས། བམ་པོ་གསུམ་པ་ནད་རིགས་གསོ་ཐབས་སྐོར་དང་པོའི་གཟའ་ནད་བཤད་པ་ནས་རླིག་རླུགས་བར་གྱི་ནད་རིགས་དང་། ས་བཅད་བཞི་པ་ནད་རིགས་གསོ་ཐབས་སྐོར་གཉིས་པའི་དྲེག་གྲུམ་བཤད་པ་ནས་བྱིས་པའི་སྙིང་གི་བྲང་ནད་བར་གྱི་ནད་རིགས་ཐམས་ཅད་དང་། དེ་དག་གི་རྐྱེན་དང་། དབྱེ་བ་དང་། རྟགས་བཅོས་སོགས་ནད་ཐོག་ལག་ལེན་གྱི་སྐོར་ཁོང་དུ་ཆུད་དགོས་པ་སོགས་མདོར་བསྡུས་ན་ཐོག་མར་མཛད་པ་པོའི་ལོ་རྒྱུས་ལ་ལྟོས་ནས་བསྟན་བཅོས་ལ་ངེས་ཤེས་སྐྱེ་བར་བྱ་རྒྱུ་དང་། དེ་ནས་གཞུང་ལུགས་ཀྱི་དོན་དང་། དེ་འོག་སྨན་རིགས་རེ་རེའི་ངོས་འཛིན་སྐྱེ་གནས་ཕན་ཡོན་སོགས་ངེས་པ་དང་། ཐ་མར་ནད་རིགས་སོ་སོའི་རྟགས་བཅོས་སོགས་ནད་ཐོག་ལག་ལེན་རྣམས་ལ་སྦྱང་ཞིང་ངེས་པར་བྱ་དགོས་པ་སྟེ། བསླབ་པའི་རིམ་པ་འདི་ཡིས་བསྟན་བཅོས་སྔོ་འབུམ་ཆེ་མོ་འདིའི་དོན་མྱུར་དུ་རྟོགས་པར་འགྱུར་རོ། །འདི་ནི་བསྟན་བཅོས་འདི་ལ་སྦྱང་འདོད་ཆེ་བའི་སློབ་མ་རབ་རྣམས་ཀྱི་དོན་དུ་སྨོས་པ་ཡིན་ལ། སྦྱང་འདོད་ཀྱི་བློ་འབྲིང་ཙམ་དང་ཐ་མ་རྣམས་ཀྱིས་ནི་གོང་གི་འདི་དག་ལ་རིགས་བསྒྲེས་ཏེ་གཞུང་ལུགས་དང་།སྨན་རིགས་ངོས་འཛིན། ནད་ཐོག་ལག་ལེན་སོགས་རང་རང་གི་བློར་གང་འཚམ་གྱི་སྒོ་ནས་བསླབ་ཅིང་སྦྱངས་ན་འགྲིག་སྙམ་སྟེ་མདོར་བསྡུས་ནས་བཤད་ན་དེ་འདྲ་ཞིག་རེད།
རྣམ་རྒྱལ་ཐར། སྤྱི་ལོ1967ལོར་མདོ་སྨད་ཞོན་ཧྭ་རུ་སྐྱེས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་སློབ་ཆེན་གྱི་སློབ་ཁྲིད་ལྟ་སྐུལ་པ། བོད་ལུགས་གསོ་རིག་སློབ་གླིང་གི་ལྟ་སྐུལ་ཚན་ཁག་གི་ཚན་གཙོ་བཅས་ཡིན། བོད་ལུགས་གསོ་རིག་གི་སློབ་ཁྲིད་དང་ནད་ཐོག་ལག་ལེན། ཚན་རིག་ཞིབ་འཇུག་བཅས་ཀྱི་བྱ་བར་ཞུགས་ནས་མི་ལོ34འགོར། «རྒྱལ་ཡོངས་བོད་ལུགས་གསོ་རིག་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་རྩ་གནད།»དང་། «དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་གཞི་སློབ་གསོའི་འཆར་འགོད་སློབ་དེབ།» «བོད་སྨན་ཆེད་ལས་ཀྱི་དངོས་གཞིའི་མུ་འབྲེལ་སློབ་གཞི།» «དུས་རབས21པའི་བསླབ་ཚན་སློབ་དེབ་ལ་ཁ་ཕྱོགས་པའི་མུ་འབྲེལ་སློབ་དེབ་སྒྱུར་སྒྲིག»སོགས་སློབ་དེབ་རྩོམ་སྒྲིག་དང་སྒྱུར་སྒྲིག་གི་ཕྱག་ལས་གནང་། རིག་གཞུང་དཔྱད་རྩོམ30ལྷག་སྤེལ་ཞིང་། ཞིབ་འཇུག་སློབ་མའི་སློབ་དེབ«བོད་ལུགས་ཁོང་ནད་རིག་པའི་རྣམ་བཤད།»ཀྱི་རྩོམ་སྒྲིག་གཙོ་སྐྱོང་པའི་འགན་བཞེས་གནང་། «འཕེལ་འགྲིབ་ནད་ཀྱི་དོན་འགྲེལ།»དང«བོད་ཀྱི་གསོ་བ་རིག་པའི་མཆིན་ནད་དཔྱད་བཅོས།»སོགས་ཆེད་རྩོམ་པར་དུ་བསྐྲུན། བོད་སྨན་རིག་པའི་ཆེད་ལས་དངོས་གཞིའི་མུ་འབྲེལ་སློབ་གཞི«བོད་སྨན་སྲོག་ཆགས་རིག་པ།»ཞེས་པ་གཙོ་སྒྲིག་བྱས་ཤིང་། «དུས་རབས21པའི་བོད་ཀྱི་གསོ་བ་རིག་པའི་དངོས་གཞིའི་ཚན་ཁག་གི་སློབ་གསོའི་འཆར་འགོད་སློབ་གཞིའི་གྲས་གཅིག <ཉེས་གསུམ་གསོ་བ།>»ཞེས་པ་སོགས་སློབ་དེབ་བཅུ་རྩོམ་སྒྲིག་དང་ཡིག་སྒྱུར་གྱི་ལས་དོན་ལ་ཕྱག་ལས་གནང་།
འབྲེལ་ཡོད་འོས་སྦྱོར།