རྒྱའི་གནའ་བོའི་ཡིག་ཚང«སྲིད་སྐྱོང་མེ་ལོང»སྐོར་ནས་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ།:བཛྲ་ཚུལ་ཁྲིམས་རྒྱ་མཚོ།
ཡོང་ཁུངས།:བཛྲ་ཚུལ་ཁྲིམས་རྒྱ་མཚོའི་འཕྲིན་སྟེགས།
དུས་ཚོད།:2023-03-03
ཀློག་གྲངས།:
༄༅། །སྲིད་སྐྱོང་མེ་ལོང་ཞེས་པའི་གཞུང་དང་འབྲེལ་བའི་དྲི་བ་དྲིས་ལན་ཚན་པ་འགའ།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
དྲི་བ་དང་བོ། དགེ་རྒན་ལགས། ཁྱེད་ཀྱིས་རྒྱ་ཡིག་གི་ཙི་ཀྲི་ཐོན་ཅེན(资治通鉴)ཞེས་པའི་གཞུང་ཞིག་ཡོད་པ་དེ་ལ་གཟིགས་ཨེ་མྱོང་ལགས།
དྲིས་ལན། བལྟས་མྱོང་། འོན་ཀྱང་ཞིབ་ལྟ་བྱས་མ་མྱོང་།
དྲི་བ་གཉིས་པ། གཞུང་དེའི་མིང་བོད་སྐད་དུ་བསྒྱུར་ན་ཅི་ཟེར་ལགས།
དྲིས་ལན། སྲིད་སྐྱོང་མེ་ལོང་ཞེས་བྱའོ།།
དྲི་བ་གསུམ་པ། འོ་ན་གཞུང་དེའི་ནང་དོན་མདོར་བསྡུས་ཤིག་མཚམས་སྦྱོར་གནང་ཁོམ་ཨེ་ཡོད་ལགས།
ལན། ངས་རྒྱའི་མཁས་པ་ཞིག་གིས་སྲིད་སྐྱོང་མེ་ལོང་གི་སྙིང་བོ་སྐད་ཆ་བཅུའི་ནང་དུ་བསྡུས་ནས་བཤད་པ་ཞིག་མཐོང་མྱོང་། ཕལ་ཆེར་དེས་གཞུང་དེ་ག་འདྲ་ཞིག་ཡིན་པ་ཤེས་ཐུབ་རྒྱུ་རེད་སྙམ་མོ།།
དྲི་བ་བཞི་བ། སྲིད་སྐྱོང་མེ་ལོང་ཞེས་པ་འདི་མཁས་པ་སུ་ཞིག་གིས་བརྩམས་པ་རེད། དེའི་ནང་ན་གཙོ་བོ་ཅི་ཞིག་བཤད་ཀྱིན་ཡོད་པ་རེད་ལགས།
ལན། སྲིད་སྐྱོང་མེ་ལོང་ཞེས་པ་ནི་རྒྱ་མི་རིགས་ཀྱི་གནའ་དཔེ་གྲགས་ཅན་གྱི་གྲས་ཤིག་ཡིན་ལ། བསྡུས་མིང་ལ་མེ་ལོང་ཞེས་ཀྱང་བྱའོ།། འདི་ནི་སུང་གུར་བྱང་མའི་དུས་ཀྱི་ལོ་རྒྱུས་རིག་པ་སྨྲ་བ་གྲགས་ཅན་སི་མ་བཀྭང་ཞེས་པ་དེས་གཙོ་སྒྲིག་བྱས་ཤིང་བམ་པོ་མང་བོ་ཡོད་པའི་ལོ་སྒྲིག་རྩོམ་སྟངས་ཀྱི་རྣམ་པས་བསྒྲིགས་པའི་ལོ་རྒྱུས་ཕྱོགས་ཀྱི་དཔེ་ཆ་ཞིག་རེད། བམ་པོ༢༩༤ཡོད་ཅིང་། མི་ལོ་བཅུ་དགུའི་རིང་ལ་བསྒྲིགས་ཤིང་བྲིས་ནས་གྲུབ་པ་ཞིག་ཡིན་པར་བཤད་དོ།།དེ་ཡང་དུས་ཚོད་རྩ་བ་དང་དོན་རྐྱེན་ཡན་ལག་ཏུ་བྱས་ནས་བྲིས་པ་ཞིག་སྟེ། ཀྲུའུ་ཝེ་ལེ་དབང་རྒྱལ་བོའི་སྲིད་ལོ་ཉེར་གསུམ་པ། སྤྱི་ལོའི་སྔོན་གྱི་ལོ༤༠༣ནས་འགོ་བཙུགས་ཏེ་བྲིས་ཤིང་། རྒྱལ་རབས་ལྔའི་དུས་ཀྱི་ཀྲུའུ་རྗེས་མ་ཧྲི་ཙོང་ཤན་ཏི་སྲིད་ལོ་དྲུག་པ་སྟེ། སྤྱི་ལོ༩༥༩པ་དབེས་ནན་ལ་དམག་དྲངས་པའི་མཚམས་ནས་མཇུག་བསྒྲིལ་བས། རྒྱལ་རབས་བཅུ་དྲུག་དང་ལོ་ངོ༡༣༦༢རིང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་བྲིས་ཡོད།
དཔེ་ཆ་འདིའི་ནང་དུ་རྩོམ་སྒྲིག་མཁན་གྱིས་ཉམས་མྱོང་གི་གདམས་པ་མང་བོ་ཕྱོགས་སྡོམ་བྱས་ནས་དབང་སྒྱུར་བྱེད་མཁན་ཚོས་དཔེ་གཞིར་འཛིན་རྒྱུར་མཁོ་སྤྲོད་བྱས་ཡོད་པས་ན། གོང་མ་སུང་ཧྲིན་ཙོང་གིས་གཞུང་འདི་ནི་འདས་པའི་བྱ་བཞག་ལ་དཔེ་བླངས་ནས་སྲིད་སྐྱོང་གི་ཐབས་ལམ་སྟོན་པ་ཞིག་ཏུ་བལྟ་བར་བྱེད་པ་སྟེ། འདས་པའི་ལོ་རྒྱུས་ཀྱི་ཐོབ་ཤོར་གྱི་བསླབ་བྱ་ལས་དབང་བསྒྱུར་ལ་ཤུགས་སྣོན་གྱི་ཐབས་ལམ་གསལ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་བལྟས་ཏེ་གཞུང་དེའི་མིང་ལའང་སྲིད་སྐྱོང་མེ་ལོང་ཞེས་བཏགས་པར་གྲགས་སོ།།
མདོར་ན་སྲིད་སྐྱོང་མེ་ལོང་ཞེས་པའི་ལོ་རྒྱུས་ཀྱི་གཞུང་འདི་ནི། ཆབ་སྲིད་དང་། དམག་དོན་དང་། མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་བརྗོད་བྱའི་གཙོ་བོར་བྱས་ཤིང་། ཞར་ལ་དཔལ་འབྱོར་དང་རིག་གནས་ལོ་རྒྱུས་མི་སྣ་དག་གི་གདེང་འཇོག་སོགས་དང་འབྲེལ་ནས་བྲིས་ཡོད་ཅིང་། དམིགས་ཡུལ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་དར་རྒུད་དང་འབྲེལ་བར་དབང་སྒྱུར་གྲལ་རིམ་གྱི་སྲིད་ཇུས་ཀྱི་རྣམ་པ་བརྗོད་པ་ལ་བརྟེན་ནས་ཕྱི་རབས་པ་དག་ལ་སློབ་སྟོན་བྱེད་པའི་ཕྱིར་བྲིས་པ་ཡིན་པར་བཤད་དོ།།
དྲི་བ་ལྔ་བ། གོང་དུ་ཁྱེད་ཀྱིས་སྲིད་སྐྱོང་མེ་ལོང་ཞེས་པའི་གཞུང་གི་སྙིང་བོའི་དོན་ཡོངས་རྫོགས་སྐད་ཆ་བཅུའི་ནང་དུ་བསྡུས་ནས་བཤད་ཆོག་པར་གསུངས་པ་དེ་ཇི་ལྟར་ཡིན་པ་གསུངས་ཆོག་གམ།
ལན། སྲིད་སྐྱོང་མེ་ལོང་ཞེས་པའི་གཞུང་འདིའི་སྙིང་བོ་ཡོངས་སུ་བསྡུས་ན་ནི་གཤམ་གྱི་སྐད་ཆ་བཅུ་བོ་འདི་ཉིད་ཡིན་པར་བཤད་དེ།
དང་བོ། ཡིད་རྟོན་ནི་མངའ་བདག་རྣམས་ཀྱི་བླ་ན་མེད་པའི་རིན་པོ་ཆེ་ཉིད་དོ། །རྒྱལ་ཁབ་ནི་མངའ་འབངས་ལ་བརྟེན་ནས་བསྲུང་དགོས་ལ། མངའ་འབངས་ནི་ཡིད་རྟོན་ལ་བརྟེན་ནས་བསྲུང་དགོས་སོ། །ཡིད་རྟོན་མེད་ན་ནི་མངའ་འབངས་ཀྱི་ཡིད་མགུ་བའི་ཐབས་མེད་ལ། མངའ་འབངས་མེད་དུ་གྱུར་ན་ནི་རྒྱལ་ཁབ་ཀྱང་གནས་ཤིང་སྲུང་བའི་ཐབས་མེད་དོ། །དེ་ཉིད་ཀྱིས་ན་གནའ་རབས་ཀྱི་མངའ་བདག་པ་རྣམས་ཀྱིས་རང་གི་མངའ་འབངས་སླུ་བར་མི་བྱེད་ཅིང་། བཙན་དབང་མཁན་རྣམས་ཀྱིས་ཀྱང་རང་གི་ཕྱོགས་བཞིར་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་སླུ་བར་མི་བྱེད་དོ། །དེའི་ཕྱིར་རྒྱལ་ཁབ་སྐྱོང་བའི་ཐབས་ལ་མཁས་པ་རྣམས་ཀྱིས་རང་གི་མངའ་འབངས་མི་བསླུ་ཞིང་། ཁྱིམ་སྐྱོང་བའི་ཐབས་ལ་མཁས་པ་རྣམས་ཀྱིས་ཀྱང་རང་གི་གཉེན་ཉེ་སླུ་བར་མི་བྱེད་དོ། །འོན་ཀྱང་བླུན་པོ་འབའ་ཞིག་ནི་ལུགས་དེ་ལས་བཟློག་སྟེ་ལས་བྱེད་དོ།།༼སྒྱུར་མཁན་གྱི་མཆན། དོན་གྱི་གནས་ལུགས་ལ་དེ་ལྟར་བྱས་ན་འགྲིག་ཀྱང་གནས་ལུགས་ལྟར་སྒྲུབ་མཁན་ནི་ཧ་ཅང་དཀོན་ནོ།།༽
གཉིས་པ། ཁྲིམས་ལུགས་ནི་གནམ་འོག་པ་ཡོངས་ཀྱིས་ཐུན་མོང་དུ་བརྩི་སྲུང་བྱ་རྒྱུའི་ཚད་ཐིག་ཅིག་ཡིན་པས་ན། ཁྲིམས་ལུགས་བཀོལ་སྤྱོད་ལེགས་པར་བྱེད་ཤེས་ཤིང་། འབྲེལ་བ་ཡོད་མེད་དང་ཉེ་རིང་ཡིན་མིན་ལ་མི་ལྟ་བར་ཁྲིམས་ཇི་ལྟ་བ་བཞིན་ནན་མོ་བྱེད་པ་ལས་ཅི་ལ་ཐུག་ཀྱང་ཕྱིར་བཟློག་མེད་པ་ཞིག་བྱེད་ཐུབ་ན་ནི། སུ་དང་གང་གིས་ཀྱང་དབང་ཤུགས་བཀོལ་ནས་ཁྲིམས་ལུགས་དང་འགལ་བའི་ལས་བྱེད་མི་ཕོད་པ་ཞིག་འོང་ངོ་།།
གསུམ་པ། རྒྱལ་ཁབ་ཆེན་པོ་ཞིག་ཡིན་དུ་ཆུག་ཀྱང་གཡུལ་འཁྲུག་ལ་དགའ་ན་ནི་མཐར་ངེས་པར་འཇིག་པར་འགྱུར་ལ། གནམ་འོག་ཞི་བདེ་ཡིན་དུ་ཆུག་ཀྱང་གཡུལ་འཁྲུག་བརྗེད་པར་གྱུར་ན་ནི་ངེས་པར་ཉེན་ཁ་ཆེའོ།། ཞེ་སྡང་ནི་ལུགས་དང་འགལ་བའི་སྤྱོད་ཚུལ་ཞིག་ཡིན་ལ། གོ་མཚོན་ནི་བཀྲ་མི་ཤིས་པའི་རྫས་ཤིག་དང་། འཐབ་འཛིང་ནི་ཟ་ཟུར་སྣ་སྣེ་ཞིག་གོ། དེའི་ཕྱིར་གཡུལ་འགྱེད་རྒྱལ་ཐབས་དང་དམག་སྐུལ་འཁྲུག་སློང་གི་ལས་ལ་འབད་པ་འབའ་ཞིག་བྱེད་པ་དེ་དག་གི་ནང་ན་མཐར་ཡིད་འགྱོད་པས་མི་གདུང་བ་ཞིག༼ཕལ་ཆེར༽མེད་དོ།།
བཞི་བ། དམ་པ་རྣམས་ནི་ཟོལ་མེད་ཅིང་གཞུང་དྲང་བས་འཇིག་རྟེན་གྱི་ལམ་དྲང་བོ་ལ་བགྲོད། གལ་ཏེ་རང་ཉིད་ལམ་ལྷོང་བྱུང་ན་འབངས་རྣམ་དྲང་བོའི་ལམ་ལ་འཁྲིད་པར་བྱེད་ལ། གལ་ཏེ་བསམ་དོན་དེ་ཙམ་མ་འགྲུབ་ན་ཡང་རང་ལུས་གཙང་མར་སྲུང་ཞིང་རང་ཉིད་དྲང་བོའི་ལམ་ལ་བགྲོད་པར་བྱེད་པས། བཙན་ཕྱུག་བཀོལ་ཀྱང་བསླུ་མི་ཐུབ། དབུལ་བོར་གྱུར་ཀྱང་བློ་མི་འགྱུར། འཇིགས་ཟིལ་བསྟན་ཀྱང་མགོ་མི་བསྒུར་རོ། །དེ་འདྲ་ལ་ནི་སྐྱེས་བུ་མཆོག་ཅེས་བྱའོ།།
ལྔ་བ། གལ་ཏེ་དྲང་བདེན་མ་ཡིན་པའི་ལས་གཅིག་ཙམ་བསྒྲུབ་པ་དང་། ཉེས་མེད་ཀྱི་མི་གཅིག་ཙམ་བསད་ན་གནམ་འོག་ཡོངས་རྫོགས་རང་ལ་འཐོབ་པར་འགྱུར་ན་ཡང་བྱམས་བརྩེ་དང་ལྡན་པ་དག་གིས་ནི་དེ་ལྟར་མི་བྱེད་དོ།།
དྲུག་པ། བཟང་འཇོན་གཉིས་ལྡན་དག་ལ་ཕྱིའི་རྒྱུ་འབྱོར་དར་དྲག་ན་དེ་དག་གི་བློ་སྤོབས་ཇེ་ཞན་དུ་གཏོང་བའི་རྐྱེན་དུ་འགྱུར་སྲིད་ལ། བླུན་པོ་དག་ལ་ཕྱིའི་རྒྱུ་འབྱོར་མང་ཆེ་ན་དེ་དག་གི་ཉེས་སྐྱོན་འཕེལ་བའི་རྐྱེན་དུ་འགྱུར་སྲིད་དོ། །དེར་མ་ཟད་འབྱོར་བས་ཕྱུག་ཆེ་བ་རྣམས་ནི་མི་ཕལ་མོ་ཆེའི་སྡང་སེམས་བསྐྱེད་པའི་དམིགས་འབེན་དུའང་འགྱུར་སྲིད་པས་ན། བདག་ལ་བུ་རབས་ཚ་བརྒྱུད་དག་བསླབ་བྱས་འདུལ་བའི་འཇོན་ནུས་ནི་མེད་དུ་གྱུར་བ་དེ་ལྟ་ནའང་། དེ་དག་གི་ནོར་འཁྲུལ་འཕེལ་དུ་བཅུག་སྟེ་སྡང་སེམས་འཇོག་པར་ནི་མི་འདོད་དོ།།
བདུན་པ། རང་ཉིད་ཀྱི་ཉེས་སྐྱོན་ཤེས་པ་ནི་དེ་ཙམ་དཀའ་བ་མ་ཡིན་མོད། ཤེས་ནས་བཅོས་པ་ནི་ཤིན་ཏུ་དཀའ་བ་ཞིག་གོ། གཏམ་སྙན་པོ་རེ་བཤད་རྒྱུ་ནི་དེ་ཙམ་དཀའ་བ་མ་ཡིན་མོད། བཤད་པ་བཞིན་དོན་བཟང་བོ་བསྒྲུབ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་སོ།།
བརྒྱད་པ། འཇོན་ཐང་དང་ཡོན་ཏན་ངོ་མ་ཅན་གྱི་མི་ལ་མཐོང་ཆེན་བྱེད་རྒྱུ་ནི་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་རྩ་དོན་ཡིན་ལ། དཔྱོད་ལྡན་རྣམས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སྲིད་དོན་ཐག་གཅོད་བྱེད་པའི་ཚེ་ནའང་དེ་ལས་མ་འདས་སོ། །འོན་ཀྱང་སྔོན་གྱི་དུས་སུ་ཀུན་སྤྱོད་བཟང་ཞིང་འཇོན་ཐང་དང་ལྡན་པའི་མི་སྣ་བསྐོ་བཞག་བྱེད་པ་ན། དབང་འཛིན་པ་དག་མི་ལ་རྒྱུས་ལོན་དང་བསྐོ་བཞག་བྱེད་མ་ཤེས་པ་མིན་ཡང་། ཉེས་སྐྱོན་མང་བོ་ཞིག་བྱུང་བ་ནི་སུ་ཡིན་ཡང་རང་ཉིད་ཀྱི་ངོ་སོ་ལ་བསམ་བློ་གཏོང་ཆེ་བས་ཡིན་ནོ།།
དགུ་བ། གལ་ཏེ་མངོན་དུ་གྱུར་ཟིན་པའི་སེམས་ཁྲལ་དང་ཉེས་པ་མ་བསལ་ན། བསམ་ཡུལ་ལས་འདས་པའི་འགྱུར་བ་གཞན་ཡང་འབྱུང་སྲིད་པ་ཡིན་ནོ། །འབངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་ལ། རྒྱུ་ཤུགས་ནི་འབངས་ཀྱི་སྲོག་ཤིང་ཡིན། སྲོག་ཤིང་ལ་སྐྱོན་ཞུགས་ན་རྩ་བ་ལ་ཡང་སྐྱོན་འཇུག་པར་འགྱུར་ལ། རྩ་བ་ལ་སྐྱོན་བྱུང་ན་ནི་ཡལ་ག་ཡང་ལྟུང་བར་འགྱུར་རོ།།
བཅུ་བ། སྤྱོད་པ་ཚུལ་མཐུན་གྱི་བུད་མེད་ཅིག་ཡིན་ན་ཁྱོ་ག་གཉིས་དང་མི་འགྲོགས་ལ། བློ་དཀར་གཞུང་དྲང་གི་བློན་པོ་ཞིག་ཡིན་ན་རྒྱལ་བོ་གཉིས་ཀྱི་དོན་མི་བསྒྲུབ་པོ། །གལ་ཏེ་བུད་མེད་དེ་ཚུལ་མཐུན་ཞིག་མིན་ན་ནི། མེ་ཏོག་ལྟར་མཛེས་པའི་བྱད་བཞིན་དང་ལྡན་ཡང་རུང་། སྐུད་འཁེལ་གོས་འཐག་གི་ལག་རྩལ་ཡོད་ཀྱང་ཆོག་སྟེ། གཤིས་བཟང་མ་ཞེས་པའི་མིང་འདོགས་རུང་བའི་ཡུལ་ནི་མིན་ནོ། །གལ་ཏེ་བློན་པོ་དེ་བློ་དཀར་ཞིང་གཞུང་དྲང་བ་ཞིག་མིན་ན་ནི། ཡོན་ཏན་ཇི་ལྟར་ལྡན་ཡང་རུང་། ཐབས་ཇུས་ལ་ཇི་འདྲ་མཁས་ཀྱང་ཆོག སྲིད་སྐྱོང་གི་བྱས་རྗེས་ཇི་ལྟར་ཡོད་ཀྱང་བླ་ཡི། མཐོང་ཆེན་བྱེད་རིན་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། རྩ་བའམ་གནད་ནི་ཡོངས་སུ་ཉམས་པས་སོ།།
«སྲིད་སྐྱོང་མེ་ལོང»ལས་བྱུང་བའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་འགྱུར་མ།
མདོར་ན་སྲིད་སྐྱོང་མེ་ལོང་འདི་ནི་ཀྲུང་གོའི་ལོ་སྒྲིག་རྩོམ་སྟངས་ཀྱིས་བསྒྲིགས་པའི་ལོ་རྒྱུས་སྤྱི་བཤད་ཀྱི་གནའ་རྩོམ་གྲགས་ཅན་ཞིག་ཡིན་ཚུལ་དང་། གནའ་རྩོམ་འདིས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་མིག་རྒྱ་དང་ལྡན་པའི་སྒོས་ཕྱོགས་ཡོངས་ནས་སྔོན་གྱི་རྒྱལ་རབས་རིམ་བྱུང་གི་ཆབ་སྲིད་སྐྱོང་ཐབས་ཀྱི་བློ་གྲོས་ཕྱོགས་སྡོམ་བྱས་ཡོད་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར་རོ།།སྲིད་སྐྱོང་མེ་ལོང་ཞེས་པའི་གནའ་རྩོམ་འདི་གཙོ་བོར་ཆབ་སྲིད་པ་རྣམས་ཀྱིས་བལྟ་དགོས་པ་ཞིག་ཡིན་ཏེ། འདིའི་ནང་དུ་ལོ་ངོ་སྟོང་ཕྲག་གི་རིང་ལ་བྱུང་བའི་རྒྱལ་རབས་མང་བོའི་དར་རྒུད་དང་གཅིག་ཚབ་གཅིག་གིས་བྱས་པའི་འགྱུར་ལྡོག་ཆེན་པོ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་བཀོད་ཡོད་པའི་ཤུགས་ལ་དེ་ལྟར་འབྱུང་དགོས་པའི་ལོ་རྒྱུས་འཕེལ་འགྱུར་གྱི་ཆོས་ཉིད་ཟབ་མོའི་གསང་བ་བརྟོལ་ཡོད་པས་སོ།།
དྲི་བ་དྲུག་པ། སྲིད་སྐྱོང་མེ་ལོང་ཞེས་པ་འདི་གཙོ་བོར་སྲིད་སྐྱོང་བ་དག་གི་བལྟ་བའི་གཞུང་ཞིག་ཡིན་འདུག་པ་དེ་ལྟར་ལགས་ན། རང་ཅག་ལྟ་བུ་འབངས་མི་དཀྱུས་མ་རྣམས་ལ་འདིའི་ནང་ན་བལྟ་རྒྱུ་ཉན་རྒྱུ་ལེན་རྒྱའི་ལེགས་བཤད་དང་གདམས་ངག་ཨེ་ཡོད་ལགས།
ལན། དེ་ལྟ་མོད་ཀྱང་། རང་ཅག་འབངས་མི་སྤྱིར་བཏང་བ་རྣམས་ལ་མཚོན་ནའང་འདིའི་ནང་ན་ལེན་ཆོག་ཆོག་གི་འཚོ་བའི་སྐོར་གྱི་ལེགས་བཤད་དང་མི་དང་མིའི་བར་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཚུལ་གྱི་གདམས་པ་ནི་ཤིན་ཏུ་མང་བོ་ཡོད་མོད། འོན་ཀྱང་དེ་ནི་ནན་ཏན་གྱི་སྒོ་ནས་ཞིབ་ཏུ་མ་བཀླགས་ན་གསལ་བར་ཤེས་དཀའོོ།།
མཇུག་གི་གཏམ།
སྐྱ་སེར་རྒན་གཞོན་ཕོ་མོ་སོགས་ལ་ཁྱད་པར་མེད་པར་ཐམས་ཅད་དྲ་རྒྱའི་ནང་གི་རྩེད་མོའི་རིགས་ཙམ་ལ་མགོ་འཐོམས་ནས་མི་ཚེ་སྟོང་ཟད་བྱེད་པའི་དེང་གི་དུས་ཚོད་འདི་ལྟ་བུ་ཞིག་ལ། གནའ་རྩོམ་དང་འབྲེལ་བའི་སྐད་ཆ་འདིའི་རིགས་བཤད་ན་ཉན་མཁན་དང་ལྟ་མཁན་ཧ་ཅང་དཀོན་རྒྱུ་ཡིན་པ་གོར་མ་ཆག་མོད། འོན་ཀྱང་རྒྱའིབཤད་ཚུལ་ལ་སོ་ཕག་ཕངས་ནས་གཡང་ཊི་འདྲེན་ཞེས་པ་ལྟར། ངས་བཤད་པ་འདི་ལྟ་བུས་རྐྱེན་བྱས་ནས་བདག་དང་སྐལ་བ་མཉམ་པ་འགའ་ཞིག་ཙམ་དྲ་རྒྱའི་གཡང་ཁ་ནས་ཕྱིར་འཐེན་ཏེ་དཔེ་ཆ་ངོ་མ་ཞིག་ལ་ལྟ་འདོད་པའི་རྒྱུར་ཡང་འགྱུར་མི་སྲིད་པ་མིན་སྙམ་ནས་བཤད་པ་ལགས་པས་ཀུན་ལ་ཕན་ཐོགས་པར་གྱུར་ཅིག
འབྲེལ་ཡོད་འོས་སྦྱོར།