རྒན་བཀའ་མ་མཁའ་འབུམ་ལགས་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ།:སྐལ་བཟང་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-06-19
ཀློག་གྲངས།:
དམངས་ཁྲོད་རིག་གནས་ཀྱི་མཁའ་དབྱིངས་སུ་འཚེར་བའི་སྐར་ཆེན་ཞིག(ཚན་བཤུས)
—རྒན་བཀའ་མ་མཁའ་འབུམ་ལགས་ཀྱིས་ཞུན་ཧྭ་ས་ཆའི་བོད་ཀྱི་རིག་གནས་མྱུར་སྐྱོབ་དང་དྲིལ་བསྒྲགས་ཐད་ནས་བཞག་པའི་མཛད་རྗེས་རགས་གླེང་།
བཅར་འདྲི་པ། རྒན་ལགས་ཀྱིས་དུས་ནམ་ཞིག་ནས་བཟུང་སྟེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་ཐུགས་མཉམ་བཞག་པ་ཡིན།ལན། ང་རང་ཆུང་དུས་སློབ་གྲྭ་འགྲིམས་སྐབས་བོད་ཡིག་སྦྱོང་བའི་སྐལ་བ་མ་བྱུང་རུང་། ཆུང་དུས་ནས་བོད་སྐད་བཤད་པའི་ཁོར་ཡུག་ནས་ནར་སོན་པ་ཡིན་པས། ལོ་ལོན་རྒན་པ་རྣམས་ཀྱི་མདུན་ནས་གནའ་གཏམ་སོགས་མང་པོར་ཉན་མྱོང་། སྐབས་དེ་དག་ཏུ་ཚང་མས་གང་ཁོམ་གྱི་དུས་སུ་གནའ་གཏམ་དང་གེ་སར་སྒྲུང་། གཏམ་དཔེ་དང་གབ་ཚིག་བཤད་པར་དགའ་བ་དང་། ཡང་ན་གླུ་ལེན་གར་རྩེད་སོགས་བྱེད་པར་ཧ་ཅང་སྤྲོ་བ་ཆེ། གཉེན་སྟོན་སོགས་ཀྱི་སྐབས་སུ་ཨ་ཞང་བར་བ་དང་ལོ་ལོན་རྒན་པ་རྣམས་ཀྱིས་གཏམ་བཤད་སྣ་ཚོགས་བྱེད་པར་རིག་པ་བསྒྲིམས་ནས་ཉན་པ་དང་། དེའི་ཕན་ཆད་ནས་དམངས་ཁྲོད་ཀྱི་ཡུལ་སྲོལ་མང་པོ་ཞིག་ལ་རང་གིས་དངོས་སུ་བརྒྱུད་མྱོང་ཐོས་གསུམ་བྱས་མྱོང་། སྐབས་དེར་དུས་ད་ལྟ་བཞིན་དུ་ཁ་པར་དང་བརྙན་འཕྲིན་ཕར་ཞོག ཐ་ན་ཕ་ཡུལ་ན་དེང་རབས་ཀྱི་གློག་ཡང་མེད་པས་དམངས་ཁྲོད་ངག་རྒྱུན་དང་ཡུལ་སྲོལ་གོམས་གཤིས་སྣ་ཚོགས་མྱོང་རོལ་བྱེད་པའི་དུས་ཚོད་མང་པོ་ཡོད། ལྷག་ཏུ་དགོང་མོའི་དུས་སུ་ལས་ཀ་གང་ཡང་མེད་པར་བཟའ་མི་ཐམས་ཅད་ཀྱིས་གནའ་གཏམ་དང་གཏམ་དཔེ། ཁེད། གླིང་སྒྲུང་སོགས་བཤད་ནས་དུས་འདའ་བར་བྱེད། ང་རང་ཆུང་དུས་ནས་གནའ་གཏམ་སོགས་ལ་ཉན་པར་ཧ་ཅང་དགའ་བ་དང་། ཆུང་དུས་ནས་གནའ་གཏམ་མང་པོ་བློ་ལ་བཟུང་ཡོད། དེ་ལས«མི་རོ་རྩེ་སྒྲུང»དང་། «ཨ་རིག་གླེན་པའི་གཏམ་རྒྱུད» «ཨ་ཁུ་སྟོན་པའི་གཏམ་རྒྱུད»སོགས་ལ་ཉན་པར་ཧ་ཅང་དགའ། གེ་སར་སྒྲུང་ལས«ཧོར་གླིང་གཡུལ་འགྱེད»དང་། «རྟ་རྒྱུག་རྒྱལ་འཇོག» «འཛམ་གླིང་སྤྱི་བསང» «བདུད་འདུལ» «འཇང་གླིང་གཡུལ་འགྱེད» «སྟག་གཟིག་ནོར་རྫོང» «ཤན་འདན་སྟག་སེང་ཁ་སྤྲོད»སོགས་ལ་ཐེངས་མང་པོར་ཉན་རྗེས་རང་གིས་ཀྱང་ངག་ཐོག་ནས་ཐན་ཐུན་རེ་བཤད་ཐུབ། དེ་ལྟར་ཆུང་དུས་ནས་དམངས་ཁྲོད་རིག་གནས་མྱོང་གོམས་ལས་བློ་བསྐྱེད་དང་གོ་བསྐོན་མང་པོ་ཐོབ་བྱུང་ལ། དམངས་ཁྲོད་རིག་གནས་ཀྱི་བག་ཆགས་ཟབ་མོའི་ཁྲོད་ནས་རིམ་བཞིན་ནར་སོན་པ་ཡིན། ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་བྱེད་པའི་མགོ་ཡང་འདི་ནས་བརྩམས་པ་ཡིན་ཟེར་ན་མི་ཆོག་རྒྱུ་མེད། རྗེས་སུ་བོད་ཡིག་རང་སྦྱོང་གི་བརྒྱུད་རིམ་ཁྲོད་ཐོག་མར་གླུ་ལ་གཞས་དང་། བཤད་པ་སྣ་ཚོགས། གཏམ་རྒྱུད་སོགས་ཡིག་ཐོག་ཏུ་ཕབ་པའི་སྟ་གོན་བྱས། དེ་ནས་ད་ལྟའི་ལས་ཁུངས་འདིར་ལས་གནས་སྤར་རྗེས་དམངས་ཁྲོད་རིག་གནས་གཉེར་བའི་ཆེད་ལས་མི་སྣར་གྱུར་པས་ཕྱོགས་ཡོངས་ནས་བོད་ཀྱི་དམངས་ཁྲོད་རིག་གནས་རྒྱུས་ལོན་དང་འཚོལ་སྡུད། དྲིལ་བསྒྲགས་སོགས་ཀྱི་ལས་ལ་ཞུགས་པ་ཡིན། ང་ཚོས་ཐོག་མར་མཚོ་སྔོན་ནས་རྐང་བཙུགས་པ་དང་། དེ་ནས་ཀན་སུའུ། སི་ཁྲོན། བོད་ལྗོངས། ཡུན་ནན་སོགས་ལ་ཁ་ཕྱོགས་ཏེ་ལས་ཀ་འདི་རྒྱ་ཆེ་བའི་སྒོ་ནས་གཉེར་བ་ཡིན། དེ་ལྟར་ཁྱོན་བསྡོམས་ལོ་ངོ་བཞི་བཅུར་ཉེ་བའི་རིང་ལ་མཚམས་མ་ཆད་པར་ལས་ཀ་འདི་གཉེར་བས་ད་གཟོད་ངོམས་སུ་རུང་བའི་གྲུབ་འབྲས་མང་པོ་བླངས་སོ། །
བཅར་འདྲི་པ། ཁྱེད་ཀྱིས་ལས་ཀ་འདི་འདྲ་མང་པོ་བསྒྲུབས་ཟིན་པས་ངོ་མས་རྗེས་སུ་ཡི་རང་ཞུ། འོ་ན། ལས་ཀ་འདི་དག་གཉེར་བ་ལ་མཐུན་རྐྱེན་གང་དག་ཡོད་དམ།
ལན། མཚོ་སྔོན་གྱི«མང་ཚོགས་སྒྱུ་རྩལ»ཞེས་པའི་དུས་དེབ་འདི་བོད་ཁུལ་ལ་མཚོན་ན་ཧ་ཅང་མིང་གྲགས་ཆེ་བ་ཞིག་རེད། 1981ལོར་གསར་དུ་བཏོན་ནས་ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་ལྷག་ཕྱིན། བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་རྣམ་པ་ཅི་ཞིག་ཡིན་རུང«མང་ཚོགས་སྒྱུ་རྩལ»གྱི་མིང་ཐོག་ནས་རྩད་གཅོད་རྒྱུས་ལོན་དང་ཞིབ་འཇུག་སོགས་ཅི་ཞིག་བྱེད་དགོས་ཀྱང་ཚང་མས་སྤྲོ་བས་དང་ལེན་བྱེད། ང་ཚོས་ཞིང་ཆེན་གཞན་དང་ཡང་ན་རང་ཞིང་གི་གཞི་རིམ་ཁག་གི་རིག་གནས་ཅུས་སོགས་སྲིད་གཞུང་གི་ལས་ཁུངས་དག་ལ་འབྲེལ་བ་བྱེད་དགོས་ན་ཞིང་ཆེན་རིག་གནས་ཐིང་གི་མིང་ཐོག་ནས་འབྲེལ་བ་བྱེད་པ་དང་། གཞི་རིམ་གྱི་རིག་གནས་ཁང་སོགས་ལ་འབྲེལ་བ་བྱེད་དགོས་ན་ཞིང་ཆེན་རིག་གནས་ཁང་གི་མིང་ཐོག་ནས་འབྲེལ་བ་བྱེད་པ་དང་། ས་གནས་སོ་སོའི་ཤེས་ལྡན་མི་སྣ་དག་ལ་འབྲེལ་བ་བྱེད་དགོས་ན«མང་ཚོགས་སྒྱུ་རྩལ»གྱི་མིང་ཐོག་ནས་འབྲེལ་བ་བྱེད་པས་ད་ལྟའི་བར་དུ་སྣེ་ལེན་ནམ་དང་ལེན་མི་བྱེད་མཁན་གཅིག་ཀྱང་བྱུང་མ་མྱོང་། འདི་དག«མང་ཚོགས་སྒྱུ་རྩལ»གྱི་བཀའ་དྲིན་རེད། «མང་ཚོགས་སྒྱུ་རྩལ»ལ་བརྟེན་ནས་ང་ཚོས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་དམངས་ཁྲོད་རིག་གནས་མང་པོ་རྒྱུས་ལོན་དང་རྩད་གཅོད་ཐུབ་པར་མ་ཟད། དམངས་ཁྲོད་རིག་གནས་ལ་དོན་གཉེར་བྱས་དང་བྱེད་བཞིན་པའི་ཤེས་ལྡན་པ་མང་པོའང་ངོ་ཤེས་སུ་གྱུར། དེའི་ཕན་ཆད་ནས་དམངས་ཁྲོད་བྱ་འགུལ་མང་པོ་ལ་ཞུགས་པའི་གོ་སྐབས་ཡོད་པ་དང་། དཔེར་ན་རེབ་གོང་གི་དྲུག་པའི་ཀླུ་རོལ། ཁྲི་ཀའི་དྲུག་པའི་ལྷ་རྩེད། ཡུལ་ཤུལ་གྱི་རྟ་རྒྱུག་དུས་ཆེན། ཀན་ལྷོའི་ཤམ་བྷ་ལ་སྒྱུ་རྩལ་དུས་ཆེན་སོགས་དང་། ས་གནས་སོ་སོས་གཉེར་བའི་དམངས་གླུ་འགྲན་སྡུར། རྡུང་ལེན་འགྲན་སྡུར། སྐོར་བྲོ་འགྲན་སྡུར། ལ་གཞས་འགྲན་སྡུར། གཏམ་དཔེ་འགྲན་སྡུར། གྱོན་གོས་འགྲན་སྡུར། ཐང་ག་འགྲན་སྡུར་སོགས་མང་པོ་ལ་ཞུགས་མྱོང་།
བཅར་འདྲི་པ། ཕ་ཡུལ་ཞུན་ཧྭ་ས་ཆའི་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་མྱུར་སྐྱོབ་དང་དག་སྒྲིག་ཇི་ལྟར་བྱས་ཚུལ་སྐོར་ནས་གསུང་རོགས།
ལན། ཞུན་ཧྭ་ས་ཆའི་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་མྱུར་སྐྱོབ་དང་དག་སྒྲིག་གི་ཐད་ནས་ཅུང་ཙམ་བཤད་པར་བྱ་བ་ལ། ང་རང་ཞུན་ཧྭ་ནས་དགེ་རྒན་བྱེད་པའི་རིང་ལ་རྡོ་སྦིས་དང་བིས་མདོ། ཀ་རིང་། རྐང་ཚ་བཅས་ཡུལ་ཚོ་བཞི་དང་། གཞན་ཡང་བསེ་ཆང་དང་རྒྱལ་གཞིས། མགྲོན་ཐང་། ཨ་མ་ཅར་སོགས་བོད་སྡེ་ཕལ་ཆེ་བར་ཐེངས་དུ་མར་སོང་མྱོང་སྟེ། གཙོ་བོ་རྒན་པ་རྣམས་ཀྱི་མདུན་སར་གཏུགས་ཏེ་ས་གནས་ཀྱི་ལོ་རྒྱུས་དང་ངག་རྒྱུན། ཡུལ་སྲོལ་སོགས་རྩད་བཅད་པ་ཡིན། དེ་དང་མཉམ་དུ་སློབ་བུ་རྣམས་ལ་སྐུལ་སློང་བྱས་ཏེ་རང་སྐྱེས་སའི་སྡེ་བ་ནས་དམངས་ཁྲོད་ཀྱི་ངག་རྒྱུན་སོགས་འཚོལ་སྡུད་ཅུང་ཙམ་བྱས། ང་རང་ཟི་ལིང་ལ་ལས་གནས་སྤར་རྗེས་དམངས་ཁྲོད་རིག་གནས་ཆེད་གཉེར་གྱི་ལས་བྱེད་མི་སྣ་ཞིག་ཏུ་གྱུར་པས། དེའི་ཕྱོགས་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་མང་པོ་ཡོད་པས་མི་ཚད་འདུན་པ་ཡང་ཇེ་ཆེར་གྱུར། གོ་སྐབས་ཀྱང་སྔར་ལས་ལེགས་ཤིང་གྲུབ་འབྲས་ཀྱང་འོས་ཤིང་འཚམ་པ་ཞིག་བླངས་ཡོད། དེ་ལ་ང་ཡི་བྱེད་ཐབས་གཙོ་བོ་ནི་རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་ཕ་ཡུལ་གྱི་སློབ་མ་རྣམས་ལ་སྐུལ་སློང་བྱས་ཏེ་རང་རང་གི་ས་ནས་དམངས་ཁྲོད་ཀྱི་ངག་རྒྱུན་དང་སྒྱུ་རྩལ། ཡུལ་སྲོལ་སོགས་འཚོལ་སྡུད་བྱེད་རྒྱུ་དེ་ཡིན། ངས་ཁོ་ཚོའི་ཡིག་ཐོག་ཏུ་ཕབ་པའི་རྩོམ་ཡིག་ལ་ཞུ་དག་སོགས་བྱས་རྗེས་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་དང་ཡང་ན་དཔེ་ཚོགས་སོགས་སུ་འཇོག་ཅི་ཐུབ་བྱས། སློབ་མ་རྣམས་ལ་མཚོན་ན་རང་གིས་བྲིས་པའི་རྩོམ་ཡིག་ཅིག་དུས་དེབ་སོགས་ཀྱི་སྟེང་དུ་འགོད་ཐུབ་པ་བྱུང་ན་ཁོ་ཚོའི་སྤྲོ་བ་ཇེ་ཆེར་འགྱུར་ངེས། དེའི་རྗེས་ནས་ཁོ་ཚོ་རང་འགུལ་གྱིས་ལས་དེར་ཞུགས་ཏེ་རྩོམ་ཡིག་འགའ་རེ་བྲིས་པ་ཡང་ཁག་ཅིག་ཡོད། ལ་ལ་ཞིག་དེའི་རྨང་གཞིའི་སྟེང་ནས་རྩོམ་པ་པོར་གྱུར་པ་དང་། ལ་ལ་ཞིག་དམངས་སྲོལ་ཞིབ་འཇུག་པར་གྱུར་ཡོད། དེ་ལ་ངས་བསྡོམས་རྩིས་ཤིག་བྱས་ན་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཕ་ཡུལ་ཞུན་ཧྭའི་སློབ་མ་དང་ཡང་ན་ལས་བྱེད་པ་དག་གིས་རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་ནས་བྲིས་པའི་དམངས་སྲོལ་སྐོར་གྱི་རྩོམ་ཡིག་བརྒྱ་ཕྲག་ཉེ་བ་ཡོད། དེ་ལས་མང་ཆེ་ཤོས་ང་ཡིས་བཀོད་སྒྲིག་དང་ཡང་ན་ཞུ་དག འོས་སྦྱོར་སོགས་བྱས་པ་ལས་བྱུང་བ་ཡིན་ནོ། །
བཅར་འདྲི་པ། ཞུན་ཧྭ་ས་ཆའི་དམངས་ཁྲོད་རྩོམ་རིག་གི་ཐད་ནས་ད་ལྟ་དག་སྒྲིག་བྱས་པའི་སྐོར་གང་དག་ཡོད་དམ།
ལན། གོང་ནས་བཤད་པ་བཞིན་ངས་གཙོ་བོ་ས་གནས་ཀྱི་སློབ་གྲྭ་ཆེན་མོ་པ་དང་། དགེ་རྒན་རྣམ་པ། ཡང་ན་ལས་ཀ་འདི་ལ་སྤྲོ་བ་ཡོད་པའི་ཤེས་ལྡན་མི་སྣ་གཞན་དག་ལ་སྐུལ་སློང་བྱས་ཏེ་རང་རང་གི་ས་ནས་དམངས་ཁྲོད་ཀྱི་ངག་རྒྱུན་དང་ཡུལ་སྲོལ་སོགས་འཚོལ་སྡུད་བྱས་ཏེ་ཡིག་ཐོག་ཏུ་ཕབ་པ་དང་། ཆ་རྐྱེན་ཡོད་པ་རྣམས་ཀྱིས་བརྙན་ལེན་པའམ་པར་ལེན་པ། སྒྲ་ལེན་པ་སོགས་ཀྱང་བྱེད་དགོས་པར་སྐུལ། དེ་ལས་ཐོབ་པའི་འབྲས་བུ་ཡང་གོང་ནས་བཤད་པ་བཞིན་ཞུན་ཧྭ་ས་ཆ་དང་འབྲེལ་བའི་དམངས་ཁྲོད་རྩོམ་རིག ཡུལ་སྲོལ་ངོ་སྤྲོད་སོགས་ཀྱི་རྩོམ་ཡིག་བརྒྱ་ཕྲག་ཉེ་བ་ཞིག་དུས་དེབ་དང་ཚགས་པར། ཡང་ན་དཔེ་ཚོགས་སྣ་ཚོགས་སུ་བཀོད་ཡོད། དཔེར་ན་རྡོ་སྦིས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་དམངས་ཁྲོད་རྩོམ་རིག་དང་ཡུལ་སྲོལ་ངོ་སྤྲོད་ཀྱི་ལེ་ཚན་ཆེད་དུ་བཀོད་སྒྲིག་བྱས་ཏེ། རྡོ་སྦིས་ས་ཆར་རྒྱུན་འབྱམས་སུ་གནས་པའི་སྟོན་བཤད་དང་གཉེན་བཤད། ཨ་ཞང་གི་བཅོལ་གདམས། འབྲལ་ཞུ་སོགས་དཔེ་ཆའི་ནང་དུ་བཀོད། དེ་ལྟར་བྱེད་པའི་དམིགས་ཡུལ་ཡང་ཚང་མས་ལྟ་ཀློག་དང་ཉར་ཚགས་བྱེད་ན་སྟབས་བདེ་རེད་བསམས་བྱུང་། དེའི་རྗེས་ནས་ཞུན་ཧྭ་ས་ཆའི་དམངས་རྩོམ་སྣ་ཚོགས་ལས«བསྟོད་བཤད་ཕྱོགས་བསྒྲིགས»དང་། «བསང་མཆོད་ཕྱོགས་བསྒྲིགས» «གཉེན་གྱི་བསྐལ་བ་བཅོ་བརྒྱད» «གཏམ་གྱི་སྒོ་མོ་བཅོ་བརྒྱད» «གླུ་ཡི་སྲིད་པ་བཅོ་བརྒྱད»སོགས་དག་སྒྲིག་བྱས་ཡོད།མཐུན་རྐྱེན་འགྲིག་ཚེ་རིམ་བཞིན་པར་སྐྲུན་བྱེད་རྩིས་ཡོད། དེ་ལས«གཉེན་གྱི་བསྐལ་བ་བཅོ་བརྒྱད»ནི་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་དེ་པར་སྐྲུན་བྱས། དེ་ལས་གཞན་ཕ་ཡུལ་ཞུན་ཧྭ་ས་ཆའི་བོད་ཀྱི་དམངས་སྲོལ་རིག་གནས་སྐོར་དང་འབྲེལ་བའི་རྒྱ་ཡིག་གི་དཔེ་ཆ་གསུམ་བསྒྲིགས་མྱོང་། ཡང《中国民俗文化大典·青海卷》《河湟民俗文化大全》ཞེས་པ་གཉིས་ནི་གཞན་དང་མཉམ་འབྲེལ་གྱིས་བསྒྲིགས་པ་ཡིན་ལ། 《藏族民俗文化宝典》ཞེས་པ་འདི་ནི་ང་གཅིག་པུས་བསྒྲིགས་པ་ཞིག་ཡིན། དཔེ་ཆ་འདི་དག་གི་ཁྲོད་ནས་བོད་ཀྱི་དམངས་སྲོལ་རིག་གནས་ལས་རོང་ཁུལ་གྱི་ཞིང་ལས་དང་འབྲེལ་བའི་དམངས་སྲོལ་ནི་ང་ཚོ་ཞུན་ཧྭ་ས་ཆའི་དམངས་སྲོལ་གཙོར་བྱས་ནས་བྲིས་ཡོད།
བཅར་འདྲི་པ། གོ་ཐོས་ལྟར་ན་དང་ཐོག་ཞུན་ཧྭ་ས་ཆའི་བོད་སྤྱིའི་ལོ་རྒྱུས་ཤིག་རྩོམ་སྒྲིག་བྱེད་བཞིན་ཡོད་ཟེར། ཕྱིས་སུ་ཉིད་ཀྱིས་གཙོ་སྒྲིག་མཛད་པའི་རྡོ་སྦིས་ཀྱི་ལོ་རྒྱུས་གཅིག་པུ་མ་གཏོགས་མེད་པ་ཅིའི་དོན་ཡིན་ལགས།
ལན། 2004ལོར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྩ་འཛུགས་དང་འཆར་འགོད་ལྟར། ས་གནས་སོ་སོས་རང་རང་གི་ས་གནས་ལོ་རྒྱུས་རྩོམ་སྒྲིག་བྱེད་རྒྱུའི་འགན་དང་ལེན་བྱས། དེ་ལ་ཞུན་ཧྭ་ས་ཆའི་བོད་སྤྱིའི་ལོ་རྒྱུས་ཐད་ནས་ཟི་ལིང་དུ་ཡོད་པའི་རྒན་རབས་ཁག་ཅིག་གིས་གྲོས་སྡུར་བྱས་ཏེ་ཐོག་མར་རྩོམ་སྒྲིག་ཚོགས་པ་ཞིག་བཙུགས་པ་དང་། དེ་ནས་རེ་རེར་ལས་བགོས་བྱས་ཏེ་རྩོམ་སྒྲིག་གི་མགོ་དངོས་སུ་བརྩམས་པ་ཡིན། རྡོ་སྦིས་ཀྱི་ལོ་རྒྱུས་ནི་ཕུན་ཚོགས་དང་ལྷ་མཁར། བཀའ་མ་མཁའ་འབུམ་གསུམ་གྱིས་འགན་འཁུར་རྒྱུ་དང་། བིས་མདོའི་ལོ་རྒྱུས་དགེ་འདུན་རྒྱ་མཚོ་དང་རྡོ་རྗེ་རིན་ཆེན། རྡོ་རྗེ་དོན་གྲུབ་གསུམ་གྱིས་འགན་འཁུར་རྒྱུ། ཀ་རིང་གི་ལོ་རྒྱུས་ཀ་རིང་ཡུལ་ཚོ་ནས་རྩ་འཛུགས་བྱེད་རྒྱུ། རྐང་ཚའི་ལོ་རྒྱུས་སངས་རྒྱས་སྐྱབས་ཀྱིས་འགན་འཁུར་རྒྱུ་བཅས་བྱས་པ་དང་། ལོ་གསུམ་གྱི་ནང་ནས་མ་ཟིན་འགྲུབ་དགོས་པའི་གཏན་འཁེལ་བྱས། དེའི་རྗེས་ནས་ཡུལ་ཚོ་སོ་སོའི་མ་ཟིན་བདག་ལ་སྤྲད་དེ་བདག་གིས་ཚང་མ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཀར་ཆག་འགོད་པ་དང་། ཞུ་དག་བྱེད་པ། དཔེ་སྐྲུན་ཁང་ལ་འབྲེལ་བ་སོགས་བརྒྱུད་དེ་པར་དུ་བསྐྲུན་རྒྱུའི་འཆར་བཀོད་འཐེན། རྡོ་སྦིས་ཚན་ཆུང་གིས་དུས་བཅད་ལྟར་མ་ཟིན་སྒོར་ཐོན་པ་དང་། བིས་མདོའི་ཨ་ཁུ་དགེ་འདུན་རྒྱ་མཚོ་གློ་བུར་འདས་སོང་བས་ཁོང་གིས་ཅི་ཙམ་བྲིས་ཡོད་པ་སོགས་ཀྱི་གཏམ་ཅི་ཡང་གོ་རྒྱུ་མ་བྱུང་། རྡོ་རྗེ་དོན་གྲུབ་ཀྱིས་མདོར་བསྡུས་ཤིག་བྲིས་ཡོད་ཀྱང་གཞུང་ལ་མ་སྤྲད། ཀ་རིང་གིས་རྩ་འཛུགས་བྱས་མ་ཐུབ། རྐང་ཚ་ནས་ཀྱང་གྲགས་འགུལ་ཅི་ཡང་མ་བྱུང་། དེ་ནས་ལོ་འགའ་ལ་བསྒུགས་ཀྱང་འབྲས་བུ་མེད་པས། རྡོ་སྦིས་ཀྱི་ལོ་རྒྱུས་གཅིག་པུ་སྟེ«རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བ»ཞེས་པ2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
བཅར་འདྲི་པ། གོ་ཐོས་ལྟར་ན་རྒན་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཞུན་ཧྭ་ནས་གནང་བའི་གསུང་བཤད་གལ་ཆེན་གཉིས་ཡིག་ཐོག་ཏུ་ཕབ་མྱོང་ཟེར་བར་མ་ཟད་འཕྲིན་ཡིག་ཀྱང་གཉིས་སྤྲིངས་མྱོང་ཟེར། དེའི་གནས་ཚུལ་གསལ་བོ་ཞིག་གསུང་རོགས།
ལན། འོ་ཡ། དེ་ནི་པཎ་ཆེན་རིན་པོ་ཆེར་ཞུ་འཕྲིན་ཐེངས་གཉིས་བྲིས་པ་དང་ཁོང་ཉིད་ཀྱིས་ཕ་ཡུལ་ཞུན་ཧྭ་ས་ཆ་ནས་གསུང་བཤད་གལ་ཆེན་གནང་བ་གཉིས་སྒྲ་ཐག་ནས་ཡིག་ཐོག་ཏུ་ཕབ་ཅིང་རྒྱ་ཡིག་ལ་བསྒྱུར་བ་དེར་ཟེར་བ་རེད། དེ་ལས་ཞུ་འཕྲིན་དང་པོ་ནི1986ལོའི་ཟླ9པའི་ཚེས10ཉིན་གྱི་དགེ་རྒན་དུས་ཆེན་གྱི་ཉིན་དེར་སྐབས་དེའི་རྡོ་སྦིས་སློབ་ཁུལ་གྱི་མགོ་ཁྲིད་རྒྱལ་ལོ་དང་གསར་དུ་བསྐོས་པའི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་ཚེ་རིང(ཚང་མས་པ་བྷ་ཧྲུའུ་ཅི་ཞེས་འབོད)གཉིས་ཀྱིས་ང་བཙལ་ནས་འོངས་ཤིང་། ཐོག་མར་ང་ལ་དགེ་རྒན་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་དེ་ནས་ང་ལ་རྡོ་སྦིས་ཡུལ་ཚོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་པཎ་ཆེན་རིན་པོ་ཆེ་ལ་འཚམས་ཞུ་དང་། གཤོང་བ་ལ་མགོའི་མཆོད་རྟེན་ལ་པཎ་ཆེན་རིན་པོ་ཆེས་པེ་ཅིན་ནས་རབ་གནས་གནང་སྟེ་ད་ལྟ་ལེགས་འགྲུབ་བྱུང་ཚུལ། དེ་དང་མཉམ་དུ་མི་དམངས་ཀྱི་རེ་འདུན་མཚོན་པའི་ཞུ་འཕྲིན་ཞིག་འབྲི་བར་བསྐུལ་བྱུང་། དེ་བས་སྐབས་དེར་རང་ཉིད་ལ་མཚོན་ན་གཞོན་པའི་སྙིང་སྟོབས་དར་བའི་སྒང་ཡིན་པས་ལས་བཅོལ་དང་དུ་བླངས་ཤིང་ཚིགས་བཅད་སྙན་ངག་གི་ལམ་ནས་ཤོ་ལོ་ཀ་ཉི་ཤུ་རྩ་གྲངས་ལོངས་པ་ཞིག་བྲིས་ནས་ཕུལ་བ་ཡིན། ཞུ་འཕྲིན་གཉིས་པ་ནི1987ལོར་པཎ་ཆེན་རིན་པོ་ཆེ་རང་གི་འཁྲུངས་ཡུལ་ཕྱོགས་སུ་ཞབས་སོར་འཁོད་པའི་སྐབས་དེའི་ཟླ10པའི་ཚེས3ཉིན་བོད་ཡིག་སློབ་འབྲིང་དུ་ཁོང་ཉིད་ཀྱི་ཞབས་ཟུང་རི་མོ་བཀོད་ཅིང་དེ་ནི་ཁོང་ཉིད་ཀྱི་ཐུགས་བཀོད་བཞིན་བཙུགས་པའི་ཞུན་ཧྭ་བོད་ཡིག་སློབ་འབྲིང་དུ་ཕེབས་ཐེངས་དང་པོ་ཡིན། ཉིན་དེར་རིན་པོ་ཆེ་མཆོག་ནས་དགེ་སློབ་རྣམས་ལ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་ཞལ་སློབ་བཀའ་གསུང་བདུད་རྩི་ལེགས་པོར་བསྩལ་བྱུང་། དེ་ནས་ལོ་གཅིག་འགོར་བའི1988ལོའི་ཟླ10པར་སྐབས་དེའི་སློབ་གཙོ་མགོན་པོ་སྐྱིད་ལགས་ཀྱིས་ང་ལ་ཁྱོད་ཀྱིས་བོད་ཡིག་སློབ་འབྲིང་གི་ཚབ་བྱས་ཏེ་པཎ་ཆེན་རིན་པོ་ཆེ་ལ་ལོ་ངོ་གཅིག་རིང་གི་བྱ་བའི་སྤྱི་བསྡོམས་དང་ཁོང་ཉིད་ཀྱིས་གཟིགས་སྐྱོང་ཐུགས་ཁུར་ཟབ་བཞེས་གནང་བར་བཀའ་དྲིན་ཞུ་བའི་འཕྲིན་ཡིག་ཅིག་འབྲི་བར་བསྐུལ་བ་དང་དུ་བླངས་ནས་བྲིས་པ་དེ་ཡིན།
བཀའ་གསུང་སྒྲ་ཐག་ཡིག་ཐོག་ཏུ་ཕབ་པ་གཉིས་ལས་དང་པོ་ནི་ཁོང་ཉིད་ཀྱིས་ཞུན་ཧྭ་བོད་ཡིག་སློབ་འབྲིང་དུ་གནང་བའི་གསུང་བཤད་དེ་ཉིད་སྐབས་དེའི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀླུ་རྒྱལ་དོན་གྲུབ་དང་སློབ་གཙོ་མགོན་པོ་སྐྱིད་གཉིས་ཀྱིས་ང་ལ་རིན་པོ་ཆེའི་གསུང་བཤད་དེ་ཉིད་ཡིག་ཐོག་ཏུ་ཕབ་དགོས་པའི་ལས་བཅོལ་གནང་བར་མ་ཟད་རྒྱ་ཡིག་ཏུའང་བསྒྱུར་དགོས་ཞེས་པ་ལྟར་བསྒྲུབས་ཤིང་། སྣུམ་པར་དུའང་བཏབ་ནས་སྐབས་དེར་རྫོང་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དེ་ཡིན་ཞིང་། རྗེས་སོར་དེ་ཉིད1998ལོའི«མཚོ་སྔོན་སློབ་གསོ»(བོད་ཡིག་པར་གཞི)དེབ་དང་པོའི་སྟེང་ཆ་ཚང་བར་བཀོད། གཉིས་པ་ནི1987ལོའི་ཟླ10པའི་ཚེས7ཉིན་པཎ་ཆེན་རིན་པོ་ཆེ་མཆོག་རྡོ་སྦིས་སུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་བཟང་རྗེས་དྲན་ཁང་ལ་རབ་གནས་མཛད་ཅིང་ཉིན་དེར་ཞལ་གསུང་བཀའ་སློབ་རྩ་ཆེན་གནང་བ་དེ་ཉིད་གོང་རིམ་མགོ་བས་བཀའ་བཞིན་བདག་གིས་ཡིག་ཐོག་ཏུ་ཕབ་པ་དང་རྒྱ་ཡིག་ཏུ་བསྒྱུར་བ་རྗེས་སོར1990ལོའི«རྩེར་སྙེག»(བོད་ཡིག་པར་གཞི)དེབ་གསུམ་པའི་སྟེང་བཀོད་པ་དེ་ཡིན།
རིན་པོ་ཆེ་མཆོག་གིས་གསུང་བཤད་གལ་ཆེན་གནང་བ་ལ་བརྟེན་ནས་ཕ་ཡུལ་ཞུན་ཧྭ་ས་ཆའི་རིག་གནས་སློབ་གསོའི་ལས་དོན་དབྱར་མཚོ་བཞིན་དུ་རྒྱས་ཤིང་རྒྱལ་ཁབ་ཕྱི་ནང་ཀུན་དང་བོད་མདོ་དབུས་ཁམས་གསུམ་སོགས་སུ་རང་རེའི་ཕ་ཡུལ་ཞུན་ཧྭ་ཡི་ཤེས་ལྡན་མི་སྣ་འབོར་ཆེན་ཐོན་ཡོད་པ་འདི་བཞིན་ཡིན་ལ། རང་ཉིད་ལ་མཚོན་ན་རིན་པོ་ཆེ་ལ་ཞུ་འཕྲིན་ཐེངས་གཉིས་བྲིས་པ་དང་ཁོང་ཉིད་ཀྱི་བཀའ་གསུང་སྒྲ་ཐག་ཡི་གེར་ཕབ་པའི་གོ་སྐབས་རེག་པའི་དོན་དག་དེ་ནི་སྐབས་དེར་དགེ་རྒན་བྱེད་པའི་ཞོར་དུ་ཆེས་དོན་སྙིང་ཅན་གྱི་ལས་ཀ་ཞིག་ཏུ་བསམས་ཡོད།
དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་བཅུ་དང་ཉི་ཤུ། སུམ་ཅུའི་སྐབས་ཀྱི་རྗེས་དྲན་གྱི་བྱ་འགུལ་ཡོད་ཚད་ལ་ཞུགས་མྱོང་། ལྷག་ཏུ་ལོ་འཁོར་སུམ་ཅུའི་རྗེས་དྲན་བྱ་འགུལ་སྐབས་སུ་གཏམ་བཤད་འགའ་བྱས་པ་དང་། ཁོང་ཚང་གི་རྗེས་དྲན་བརྙན་དེབ་ཅིག་པར་སྐྲུན་བྱེད་སྐབས་ཞུ་དག་པའི་གྲས་སུ་ཞུགས། «ཀྲུང་གོའི་བོད་ལྗོངས»དུས་དེབ་ཁང་གིས་བསྐུལ་བ་བཞིན་རྒྱ་བོད་ཡིག་རིགས་གཉིས་ནས་རྗེས་དྲན་གྱི་རྩོམ་ཡིག་བྲིས་ཏེ་ཁོང་ཚོས་དུས་དེབ་སྟེང་དུ་བཀོད། དེ་དང་མཉམ་དུ་མཚོ་ཤར་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་སྒྲིག་བཞིན་མཚོ་ཤར་གྱི་རྫོང་སོ་སོར་པཎ་ཆེན་རིན་པོ་ཆེ་དང་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་དུ་སོང་བ་སོགས་ཀྱི་ལས་ཀ་མང་པོ་ལས་མྱོང་།
བཅར་འདྲི་པ། རྡོ་སྦིས་དགེ་བཤེས་རིན་པོ་ཆེའི་ཐད་ནས་ཀྱང་རྒན་ལགས་ཀྱིས་དོན་དག་མང་པོ་བསྒྲུབས་པ་གོ་མྱོང་། དེའི་སྐོར་ནས་གསལ་བོ་ཞིག་གསུང་རོགས་ཞུ།
ལན། རྡོ་སྦིས་དགེ་བཤེས་རིན་པོ་ཆེའི་སྐོར་ནས་བདག་གིས་སྔ་ཕྱིར་རྒྱ་བོད་ཡིག་རིགས་གཉིས་ཀྱི་རྩོམ་ཡིག་ལྔ་ཙམ་བྲིས་པ་དང་། བརྙན་དེབ་ཅིག་རྩོམ་སྒྲིག་བྱས་མྱོང་། ཡང་ཉེ་རབས་སུ་རྒྱལ་ཁབ་ཕྱི་ནང་དུ་རྡོ་སྦིས་དགེ་བཤེས་ཀྱི་སྐུ་ཚེ་ཞིབ་འཇུག་དང་། ཡང་ན་རྣམ་ཐར་ཞིབ་འཇུག གསུང་རྩོམ་ཞིབ་འཇུག སྙན་རྩོམ་ཞིབ་འཇུག་སོགས་བྱེད་པའི་དོན་གཉེར་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད། དེ་དག་ལས་མི་བཅུ་ཕྲག་ལྷག་གིས་བདག་བཙལ་ནས་འོངས་པ་ལ། ཅི་ནུས་ཀྱིས་ཁོ་ཚོ་ལ་རྒྱུ་ཆ་སོགས་མཁོ་འདོན་བྱས་མྱོང་།
བདག་གིས་བྲིས་པའི་རྩོམ་ཡིག་ལས«མཚོ་སྔོན་ནང་བསྟན་གཞུང་ལུགས་དང་རྒྱལ་ཡིག་ཁྲིད་སྦྱོང་ཁང་ངོ་སྤྲོད་མདོར་བསྡུས(青海喇嘛教义国文讲习所概述)»ཞེས་པ1989ལོར་མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཁང་ནས་དེ་འབྲེལ་གྱི་ཡིག་ཚགས་གལ་ཆེན་ཞིག་མཐོང་བས་རྩོམ་ཡིག་དེ་འདྲ་ཞིག་བྲིས། དེ་ནས་མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་རིག་གཞུང་ཚོགས་འདུ་སྐབས་དང་པོའི་སྟེང་ནས་སྒྲོག་འདོན་བྱས། དེ་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཀྲོའུ་ཅའེ་ལིན(朱解琳)གྱིས་བདག་དང་འབྲེལ་བ་བྱས་ཏེ་ཁོང་གིས་མཚོ་སྔོན་ཟི་ལིང་ནས«བོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་སློབ་གསོའི་ལོ་རྒྱུས་མདོར་བསྡུས(藏族近现代教育史略)»ཞེས་པའི་དཔེ་ཆ་ཞིག་པར་སྐྲུན་བྱེད་བཞིན་ཡོད། རྡོ་སྦིས་ནས་བཙུགས་པའི་ཁྲིད་སྦྱོང་ཁང་དེའི་རྒྱུ་ཆ་གང་དག་ཡོད་དམ་ཞེས་དྲིས་ཤིང་། བདག་གིས་རྩོམ་ཡིག་དེ་ཁོང་ལ་མཁོ་སྤྲོད་བྱས། ཁོང་གིས་ཐེངས་གཅིག་གཟིགས་རྗེས་རྩོམ་ཡིག་ནང་གི་ཡིག་ཚགས་སྐོར་ལ་ཁོང་གིས་ཀྱང་ཟུར་ལྟ་ཞིག་བྱེད་དགོས་རྒྱུ་རེད་ཟེར། དེ་ལ་བདག་འཐད་པ་བྱུང་བ་དང་། དཔེ་ཆ་པར་སྐྲུན་བྱས་རྗེས་དཔེ་ཆ་དེའི་ཇུས་འགོད་པ་རེན་སུའུ་ཞན(任素贤)བརྒྱུད་དེ་བདག་ལ་དཔེ་ཆ་གཅིག་སྤྲད་ཟིན། 1993ལོར་རྩོམ་ཡིག་དེ«མཚོ་སྔོན་མི་རིགས་ཞིབ་འཇུག(青海民族研究)»ཅེས་པའི་དུས་དེབ་སྟེང་བཀོད། 1995ལོར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཡིག་ཚགས་ཁང་ནས་བཏོན་པའི«དགེ་བཤེས་ཤེས་རབ་རྒྱ་མཚོ(爱国老人喜饶嘉措大师)»ཞེས་པའི་དེབ་ཏུ་བདམས། མ་འགྱངས་པར་དཔེ་ཆ་དེའི་བོད་འགྱུར་མའི་སྟེང་དུའང་བཀོད་ཡོད། གཞན་ཡང་རྡོ་སྦིས་དགེ་བཤེས་ཀྱི་སྐུ་ཚེ་ལོ་རྒྱུས་མདོར་བསྡུས་དེ་བྲིས་རྗེས་སྲིད་གཞུང་གི་མགོ་བ་དང་ཆོས་ཕྱོགས་ཀྱི་དགེ་བཤེས་རྣམས་ཀྱིས་གདེང་འཇོག་མཐོན་པོ་བྱས། ཕྱིས་སུ«ཀྲུང་གོའི་བོད་ལྗོངས(中国西藏)»དུས་དེབ་སྟེང་བཀོད་པ་དང་། “ཀྲུང་གོའི་བོད་ལྗོངས་དྲ་ཚིགས”ཀྱི་སྟེང་ནས་དྲིལ་བསྒྲགས་བྱས། རྩོམ་ཡིག་དེ་ཕྱིས་སུ་རྡོ་སྦིས་དགེ་བཤེས་ཀྱི་སྐུ་ཚེ་ལོ་རྒྱུས་ཀྱི་ཟུར་ལྟའི་རྩོམ་ཡིག་གཙོ་བོར་བཞག་འདུག
2018ལོར་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་ལྔ་བཅུར་ཉེ་བའི་སྐབས་སུ་མཚོ་སྔོན་ཞིང་ཆེན་ནས་ཁོང་ལ་རྗེས་དྲན་གྱི་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཤིང་། དེ་དང་མཉམ་དུ་ཁོང་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་དང་། མཛད་རྗེས་འགྲེམ་སྟོན་སོགས་ཀྱང་རྒྱ་ཆེན་པོར་སྤེལ། དེ་ལ་གོང་རིམ་གྱི་བཀོད་སྒྲིག་བཞིན་མཛད་རྗེས་འགྲེམ་སྟོན་གྱི་ཐད་ནས་བདག་གིས་མགོ་མཇུག་བར་གསུམ་དུ་གཙོ་འགན་ཁུར་ཏེ། ཀྲུང་གོའི་རྒྱལ་ཁབ་ཡིག་ཚགས་ཁང་དང་། ནན་ཅིན་ཡིག་ཚགས་ཁང་། ཁྲུང་ཆིན་ཡིག་ཚགས་ཁང་གཉིས་པ། མཚོ་སྔོན་ཡིག་ཚགས་ཁང་སོགས་དང་། དེ་མིན་ཀྲུང་གོའི་ནང་བསྟན་ཡིག་ཚགས་ཁང་། ཐའེ་ཝན་གྱི་ཡིག་ཚགས་ཁང་། ཡང་ན་འབྲེལ་ཡོད་ཀྱི་མི་སྣ་མང་པོ་སོགས་བརྒྱུད་དེ་འདྲ་པར་སུམ་བརྒྱ་ལ་ཉེ་བ། ཡིག་ཚགས་སྟོང་ཕྲག་ལ་ཉེ་བ་སྔ་ཕྱིར་ལག་ཏུ་སོན་ཞིང་། དེ་དག་ལ་གཞི་བཅོལ་ཏེ་མཛད་རྗེས་འགྲེམ་སྟོན་རྒྱ་ཆེན་པོ་ཞིག་ལེགས་སྒྲིག་བྱས་ཏེ། ཞིང་ཆེན་རི་མོ་འགྲེམ་སྟོན་ཁང་ནས་ཟླ་གཉིས་ལྷག་ལ་འགྲེམ་སྟོན་བྱས། གཞན་ཡང་རྡོ་སྦིས་གྲྭ་ཚང་དང་། ལྷག་ཏུ་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་བཟང་རྗེས་དྲན་ཁང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་ལ་ཡར་ཞུ་བྱེད་སྐབས་བདག་གིས་འགན་གཙོ་བོ་འཁུར་ཏེ་ངོ་སྤྲོད་ཡི་གེ་སོགས་འབྲི་རོགས་བྱས།
བཅར་འདྲི་པ། རྒན་ལགས་ཀྱིས་ཞུན་ཧྭ་ས་ཆའི་དགོན་སྡེའི་རིག་གནས་དང་ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་དང་ལས་ཀ་ཡང་གང་མང་བསྒྲུབས་མྱོང་བའི་བཤད་རྒྱུན་ཡོད་འདུག དེས་ན་དེའི་སྐོར་ནས་གསུང་བཤད་རེ་གནང་རོགས།
ལན། ཡ་ཡ། ངས་སྔོན་ཆད་ནས་བཟུང་ཕ་ཡུལ་ཞུན་ཧྭ་ས་ཆའི་དགོན་སྡེའི་རིག་གནས་དང་ལོ་རྒྱུས་དང་འབྲེལ་བའི་ལས་ཀ་ཁ་ཤས་ཤིག་བསྒྲུབས་མྱོང་། དེ་ཡང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་བསྒྲིགས་པའི«ཀན་སུའུ་དང་མཚོ་སྔོན་ཕྱོགས་ཀྱི་དགོན་པའི་ལོ་རྒྱུས»ཞེས་པའི་དཔེ་དེབ་ཁྲོད་ཀྱི་ཞུན་ཧྭ་ས་ཆའི་དགོན་སྡེ་ཁག་གི་ལོ་རྒྱུས་ཀྱི་སྐོར་རྩད་གཅོད་སྐབས་བདག་གིས་གཙོ་བོ་ཆད་པ་ཁ་གསབ་དང་དགོན་བདག་བླ་མའི་མཛད་རྗེས་སོགས་རྩད་བཅད་དེ་ཁོ་ཚོ་ལ་ཡིག་ཐོག་ནས་ཡར་ཞུ་བྱས། དེའི་རྗེས་ནས་ཞིང་ཆེན་སྤྱི་བདེ་ཐིང་གིས་ཀྱང་དེའི་སྐོར་གྱི་ཡིག་ཆ་དག་སྒྲིག་དང་རྩད་གཅོད་སྐབས་ཀྱང་ངས་རྒྱུ་ཆ་མང་དུ་མཁོ་འདོན་བྱས་མྱོང་བ་དང་། དེའི་ཕན་ཆད་ནས་ཞུན་ཧྭ་རྫོང་ནས་ཕལ་ཆེར1995ལོའི་ཡས་མས་ཤིག་ལ་སྐབས་དེའི་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་མགོན་པོ་སྐྱབས་ལགས་ཀྱིས་ང་རང་བཙལ་ནས་འོང་སྟེ། ཞིང་ཆེན་ཆོས་ལུགས་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་ཤིག་འབྲི་བའི་ལས་གཞི་ཆེན་པོ་ཞིག་སྒྲུབ་བཞིན་ཡོད་པས་ཞུན་ཧྭ་ས་ཆའི་དགོན་སྡེ་ཁག་གི་ལོ་རྒྱུས་ཁྱོད་ཀྱིས་འབྲི་རོགས་ཞེས་ལས་བཅོལ་བྱས་པས་ངས་དང་དུ་བླངས། དེ་ནས་བདག་གིས་ལག་སྣེ་ན་ཡོད་པའི་རྒྱུ་ཆ་རྣམས་ཕྱོགས་བསྒྲིགས་དང་། ཡང་བསྐྱར་དཔེ་ཆ་རྙིང་བ་ཁག་ཅིག་ཞིབ་ཏུ་ཀློག་པ་སོགས་བརྒྱུད་དེ་མ་ཡིག་གཏན་ལ་ཕབ། ལོ་གཅིག་གི་རྗེས་ནས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གསར་པ་སྐལ་བཟང་བསོད་ནམས་ལགས་ཆེད་དུ་ཟི་ལིང་ལ་མ་ཡིག་ལེན་དུ་ཡོང་བ་དང་། བདག་གིས་བྲིས་པའི་མ་ཡིག་དེ་ཁོ་ལ་སྤྲད་པ་ཡིན། རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་ཡོད། དེའི་རྗེས་ནས་རྒྱུ་ཆ་གསར་པ་རེ་མཐོང་ཚེ་སྔར་གྱི་མ་ཡིག་ཁ་བསྐངས་ཏེ་འཐུས་ཚང་དུ་བཏང་ནས་ཚད་ལྡན་གྱི་དེབ་ཅིག་ཏུ་བྲིས་ཡོད་པ་དང་། དེའི་ཕན་ཆད་ནས་ཞུན་ཧྭ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རེ་བ་ལྟར་ཞུན་ཧྭ་ས་ཆའི་བླ་སྤྲུལ་གྲགས་ཆེན་རྣམས་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་དང་ཞུན་ཧྭ་ས་ཆའི«བསང་མཆོད་ཕྱོགས་བསྒྲིགས»ཞེས་པ་གཉིས་ཀྱང་པར་སྐྲུན་གྱི་འཆར་གཞི་རུ་བཀོད་ཡོད།
བཅར་འདྲི་པ། རྒན་ལགས་ཀྱིས་ཞུན་ཧྭ་ས་ཆའི་རི་ཆུའི་རིག་གནས་སྐོར་ནས་ཞིབ་འཇུག་དང་ལས་ཀ་གང་དག་བསྒྲུབས་མྱོང་ངམ།
ལན། རེད་ལགས། དེ་ཡང་པེ་ཅིན་གྱི་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས་གཙོ་འགན་ཁུར་ནས་བསྒྲིགས་པའི«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»ཞེས་པའི་ཁྲོད་ཀྱི་མཚོ་སྔོན་མཚོ་ཤར་གྱི་གླེགས་བམ་ལས་ཞུན་ཧྭ་ས་ཆའི་རི་ཆུའི་རིག་གནས་ཀྱི་དཔེ་དེབ་དེ་ངས་གཙོ་འགན་འཁུར་ནས་བསྒྲིགས་པ་ཡིན། དེ་ཡང་ཐོག་མར་ཞུན་ཧྭ་ས་ཆའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་གྲོང་བརྡལ་དང་ཡུལ་ཚོ་དགུ་ཡོད་པ་ལ་མི་སྣ་དགུ་རྩ་འཛུགས་བྱས་ཏེ། མི་རེས་ཡུལ་ཚོ་གཅིག་རེ་འགན་འཁུར་ཏེ་རྩད་གཅོད་རྒྱུའི་གྲོས་བྱས། དེ་ནས་ཁོ་ཚོ་མི་དགུ་བོ་མཚོ་ཤར་ལ་བོས་ནས་ཉིན་གཅིག་གི་སྦྱོང་བརྡར་ལ་ཞུགས་པ་དང་། ནང་དོན་གཙོ་བོ་རྩད་ཇི་ལྟར་ཆོད་ཐབས་དང་མ་རྩོམ་ཇི་ལྟར་འབྲི་བ། པར་ཇི་ལྟར་ལེན་པ་སོགས་དོན་ཚན་བཅུ་གསུམ་གྱི་སྟེང་ནས་ཁོ་ཚོ་ལ་སྦྱོང་བརྡར་བྱས། དེ་ནས་བདག་གི་སྤྱིའི་བཀོད་སྒྲིག་འོག་ཁོ་ཚོས་རང་རང་གི་ལས་བགོས་བཞིན་སྡེ་བ་རེ་རེ་ལ་རྩད་བཅད་པ་སོགས་བརྒྱུད་དེ་མ་ཡིག་བྲིས་པ་དེ་བདག་ལ་སྤྲད་ཅིང་། བདག་གིས་རེ་རེ་བཞིན་ཞུ་དག་དང་འཕྲི་སྣོན་ཡང་དང་བསྐྱར་དུ་བྱས་ནས་མ་ཡིག་གཏན་ལ་ཕབ། དེའི་རྨང་གཞིའི་སྟེང་ནས་གྲོས་གཞི་སོགས་མང་པོ་བརྒྱུད་དེ་ད་གཟོད་ལེགས་འགྲུབ་བྱུང་བ་ཞིག་ཡིན། ཞུན་ཧྭ་ས་ཆའི་རི་ཆུའི་རིག་གནས་ཀྱི་དེབ་དེ་བསྒྲིགས་ནས་པར་སྐྲུན་གྱི་སྐབས་སུ་ཡིག་འབྲུའི་ཚད་བཀག་གི་དབང་གིས་ཡིག་འབྲུ་ཁྲི་བཅུའི་ནང་དོན་མ་གཏོགས་འཇོག་མ་ནུས་མོད། ང་ཚོས་བསྒྲིགས་ནས་བྲིས་པའི་ནང་དོན་ལ་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་ཡོད་པས་རྗེས་ནས་མཐུན་རྐྱེན་ལྡན་པའི་སྐབས་སུ་ཆ་ཚང་བར་དཔར་རྩིས་ཡོད།
བཅར་འདྲི་པ། རྒན་ལགས་ཀྱིས་ཞུན་ཧྭ་ས་ཆའི་ས་གནས་ལོ་རྒྱུས་ཀྱི་སྐོར་ནས་ཞིབ་འཇུག་དང་ལས་ཀ་གང་དག་བསྒྲུབས་མྱོང་ངམ།
ལན། དེ་ཡང1981ལོའི་དབྱར་གནང་གི་སྐབས་སུ་མཚོ་སྔོན་སློབ་གསོ་སློབ་གླིང་གི་དགེ་རྒན་སངས་རྒྱས་རྒྱལ་ལགས་ཀྱིས་བདག་བཙལ་ནས་ཡོང་སྟེ། རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་ཨ་ཁུ་འཇིགས་མེད་ཐེག་མཆོག་ཚང་གིས་རོང་བོ་དགོན་པའི་གདན་རབས་ཆེན་མོ་ཞིག་རྩོམ་པའི་སྟ་གོན་བྱེད་བཞིན་ཡོད། དེ་ལ་ཞུན་ཧྭ་ས་ཆ་ནས་སྔོན་ཆད་རོང་བོ་དགོན་པ་དང་ཆོས་འབྲེལ་བྱུང་མྱོང་བའི་དགོན་པ་ཁག་ཅིག་དང་ལྷ་སྡེ་སོགས་ཀྱི་གནས་ཚུལ་རགས་ཙམ་ཞིག་ཁོང་ལ་མཁོ་སྤྲོད་བྱེད་རྒྱུའི་རེ་བ་ཆེན་པོ་ཡོད། བདག་གིས་ཁྱོད་རང་མཚམས་སྦྱོར་བྱས་ཡོད་པ་དང་། ཁྱོད་རང་རྡོ་སྦིས་སུ་དགེ་རྒན་བྱེད་བཞིན་ཡོད་པས་རྩད་གཅོད་སོགས་བྱེད་དགོས་ན་སྟབས་བདེ་རེད། དེར་མ་ཟད་ཁྱོད་རང་ལོ་རྒྱུས་ལ་བྱང་ཆ་ཅུང་ཙམ་ཡོད་པས་ལས་ཀ་འདི་ཁྱོད་ཀྱིས་ཅི་ནས་ཀྱང་སྒྲུབ་ཐབས་བྱོས་ཟེར། དེ་ནས་བཟུང་བདག་གིས་ཁོམ་སྐབས་དང་བསྟུན་ནས་ཐོག་མར་རྡོ་སྦིས་ནས་མགོ་བཟུང་སྟེ། དེ་ནས་བིས་མདོ་དང་ཀ་རིང་། རྐང་ཚ། བསེ་ཆང་སོགས་ནས་ལས་ཀ་འདི་རིམ་བཞིན་བསྒྲུབས་པ་ཡིན། སྡེ་བ་རེ་རེ་ནས་ལོ་ལོན་རྒན་པ་དང་། དགོན་པ་རེ་རེ་ནས་གྲྭ་པ་རྒན་པ། ལས་ཁུངས་སོ་སོའི་ལས་བྱེད་མི་སྣ་དག་ལ་བཅར་འདྲི་དང་ཁ་བརྡ་གླེང་མོལ་སྣ་ཚོགས་བྱས་པ་དང་མཉམ་དུ་རྒྱ་བོད་ཡིག་གི་ལོ་རྒྱུས་དཔེ་དེབ་སོགས་ཀྱང་ལག་ཏུ་སོན་ཚད་རིམ་བཞིན་བཀླགས་པ་དང་། མཁས་པའི་དབང་བོ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དང་། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ཚང་། དགེ་བཤེས་དཀོན་མཆོག་ཚང་སོགས་ལ་སྔ་ཕྱིར་ལན་མང་དུ་བཀའ་འདྲི་ཞུས་མྱོང་། 1983ལོ་ནས་ང་རང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་བོད་ཡིག་སྦྱོང་དུ་སོང་སྟེ། ལོ་ངོ་གསུམ་ཙམ་ལ་རེབ་གོང་ནས་བསྡད། ཨ་ཁུ་འཇིགས་མེད་ཐེག་མཆོག་ཚང་ལའང་སྔ་ཕྱིར་ཐེངས་མང་དུ་ཁ་བརྡ་གླེང་མོལ་བྱས། སློབ་གྲྭའི་སློབ་གཙོ་གཞོན་པ་རྡོ་སྦིས་དམག་དཔོན་པ་ཨ་ཁུ་རྡོ་རྗེ་རིན་ཆེན་ལགས་དང་ཡང་དེའི་སྐོར་ནས་ཁ་བརྡ་གླེང་མོལ་མང་པོ་བྱས་པ་དང་། ཁོང་གིས་དེ་ནི་དོན་དག་གལ་ཆེན་ཞིག་རེད། ཁྱོད་ཀྱིས་སྔོན་འགྲོའི་བྱ་བ་འདི་འདྲ་མང་པོ་ལས་པ་ངོ་མ་ཡ་མཚར་རེད། མུ་མཐུད་དུ་ལས་ཀ་འདིའི་མཇུག་སྐྱོང་ཅི་ཐུབ་བྱོས་དང་། མ་འོངས་པ་ན་རང་རེའི་ཕ་ཡུལ་གྱི་ལོ་རྒྱུས་ཤིག་འབྲི་ཐུབ་སོང་ན་དེའི་ཡན་གྱི་བྱ་བ་གལ་ཆེན་ཞིག་གང་ན་ཡོད་ཅེས་ཡང་དང་ཡང་དུ་སྐུལ་མ་བྱས། དེ་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས་སློབ་འབྲིང་གི་ལོ་རྒྱུས་དགེ་རྒན་བྱེད་བཞིན་སྡེ་བ་སོ་སོར་ལོ་རྒྱུས་ཀྱི་ངག་རྒྱུན་དང་ཡུལ་སྲོལ་སོགས་སྔར་བཞིན་མུ་མཐུད་དུ་རྩད་གཅོད་ཀྱི་ལས་ཀ་སོགས་གཉེར། 1989ལོའི་ལོ་མཇུག་ལ་ཟི་ལིང་དུ་ལས་གནས་སྤར་བ་དང་། དེ་ནས་རྣམ་པ་རྒྱ་ཆེ་བའི་སྒོ་ནས་ཨ་མདོ་ས་ཆའི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག རྩད་གཅོད། སློབ་ཁྲིད་སོགས་ཀྱི་བྱ་བ་མང་པོ་གཉེར། འབྲས་བུ་ཡང་མང་པོ་ཐོབ། སྐབས་དེ་དག་ཏུ་ཡང་ཤེས་ལྡན་པ་ཁག་ཅིག་གིས་ཡང་ནས་ཡང་དུ་གདེང་འཇོག་དང་སྐུལ་མ་སོགས་བྱས་པ་བདག་གིས་ནམ་ཡང་བརྗེད་ཀི་མེད།
བཅར་འདྲི་པ། ཞུན་ཧྭ་ས་ཆའི་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་མྱུར་སྐྱོབ་དང་དག་སྒྲིག་བྱེད་པར་དགེ་མཚན་ཅི་ཞིག་ཡོད་དམ།
ལན། དམངས་ཁྲོད་རིག་གནས་ནི་མི་རིགས་གང་ཞིག་ལ་མཚོན་ནའང་སྲོལ་རྒྱུན་རིག་གནས་ཡིན་པ་དང་དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཕ་མེས་ཡང་མེས་དག་གི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བསམ་བློའི་ཉིང་བཅུད་ཡིན། དེ་བས་ང་ཚོའི་དམངས་ཁྲོད་རིག་གནས་འཚོལ་སྡུད་མྱུར་སྐྱོབ་བྱས་ན་ཡབ་མེས་ཀྱི་བློ་གྲོས་རྒྱུན་འཛིན་དང་དར་སྤེལ་གྱི་དགེ་མཚན་གལ་ཆེན་ཡོད་པ་དང་། ང་ཚོ་བོད་ཀྱི་དམངས་སྲོལ་རིག་གནས་ཁྲོད་དུ་མི་གཞི་ལེགས་བཅོས་དང་ཀུན་སྤྱོད་ཚད་ལྡན་གཏོང་བའི་ཐད་ཀྱི་ཆ་མང་པོ་ཡོད་ཅིང་མི་རྣམས་ལ་གོ་སྐོན་བློ་འགུག་གི་བསླབ་བྱ་མང་དུ་ཡོད། དེ་བས་དེ་དག་རྒྱུན་འཛིན་དར་སྤེལ་བྱས་ན་སྤྱི་ཚོགས་ཡར་རྒྱས་དང་འཆམ་མཐུན། རང་གཅུན་ཡོང་བར་དགེ་མཚན་རྒྱ་ཆེར་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།