logo

རྒན་དབྱངས་དགའ་ལགས་ལ་བཅར་འདྲི་ཞུས་པ་ཞིག་བཞུགས་སོ། །

རྩོམ་པ་པོ།:ལྕགས་འབུམ་རྒྱལ་སོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-07 ཀློག་གྲངས།:
དགེ་རྒན་དབྱངས་དགའ་ལགས་ལ་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་གནས་བབས་དང་མ་འོངས་འཕེལ་ཕྱོགས་ཐད་བཅར་འདྲི་ཞུས་པ་བཞུགས་སོ། །

       དགེ་རྒན་ཆེན་མོ་དབྱངས་དགའ(1966-2022)ལགས་ལ་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དང་མ་འོངས་འཕེལ་ཕྱོགས་ཐད་བཅར་འདྲི་ཞུས་པ་འདི་ཉིད་ཀྱི་ནང་དུ། སྔོན་ཚེ་དགེ་རྒན་དམ་པ་གང་ཉིད་ནུབ་ཕྱོགས་སུ་སློབ་གཉེར་གནང་བའི་དངོས་རྒྱུས་མྱོང་ཚོར་རྣལ་མ་དང་འབྲེལ་ནས་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དང་། རིག་གཞུང་ཞིབ་འཇུག་པའི་བླང་བྱ། བོད་སྨན་སློབ་གསོའི་སློབ་ཁྲིད་ཀྱི་ཐབས་ལམ། རིག་ཚན་ཆེད་མཁས་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག་གི་གལ་ཆེན་རང་བཞིན་བཅས་ཀྱི་ཐད་ལྷག་བསམ་གཙང་མ་དང་རྣམ་དཔྱོད་ཕྲ་མོས་སྔོན་གཟིགས་མཛད་ལུགས་ཀྱི་བསམ་ཚུལ་གནད་འགག་ཆེ་རིགས་ཁག་ཅིག་བཀའ་གསལ་གནད་སྨིན་ཕེབས་དོན་བཞིན་རྒྱས་པར་བཀོད་པ་ལགས་སོ། །
གླེང་གཞི།
       བོད་ཀྱི་གསོ་བ་རིག་པ་འདི་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་དང་འཕྲོད་བསྟེན་མ་ལག་གཉིས་ཆར་ནས་ཁས་ལེན་རྒྱབ་སྐྱོར་གྱིས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཤིན་ཏུ་བཟང་པོ་དང་ལྡན་པར་མ་ཟད། ད་ལྟའི་ཆར་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨེ་ཤ་ཡའི་ནང་ལ་དོ་སྣང་དང་སྙན་གྲགས་ཇེ་ཆེར་འགྲོ་བའི་དུས་ཚོད་བཟང་པོ་ཞིག་ལ་འཁེལ་གྱི་ཡོད་སྟབས། བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དང་། མ་འོངས་འཕེལ་ཕྱོགས་ཀྱི་ཐད་ལ་བསམ་གཞིག་གནད་སྨིན་བྱེད་རྒྱུ་ནི་དགོས་གལ་ལྷག་པར་ཆེ་བ་ཞིག་ཡིན་ཞིང་། རང་རེ་ཅག་གི་དགེ་རྒན་དམ་པ་དབྱངས་དགའ་ལགས་ནི་སྔར་ན་སྲོལ་རྒྱུན་སློབ་གསོའི་འཁོར་ཡུག་ནས་སྐྱེད་སྲིང་བྱུང་བ་དང་། རིམ་གྱིས་ཨ་མེ་རི་ཀའི་གཙུག་ལག་སྨྲ་བའི་སྡེ་དུ་མར་བཅས་དེང་རབས་ཀྱི་སློབ་གསོའི་མ་ལག་ནས་ཀྱང་སློབ་གཉེར་རྡོ་རུས་གཏུག་པར་གནང་མཁན་ཞིག་ཡིན་པར་མ་ཟད། སྐད་རིགས་སྣ་ཚོགས་ལའང་ཆགས་ཐོགས་མེད་པར་ནང་བྱན་ཆུད་པ་འཛམ་གླིང་དཔྱོད་པའི་བློ་མིག་དང་ལྡན་པ་ཞིག་ཡིན་ཚུལ་ནི་ཀུན་གྱིས་སློབ་སྦྱོང་དང་གུས་འདུད་གནང་མུས་ཇི་ལྟ་བར་ལགས་ན། ད་རེས་སློབ་གཉེར་བ་སྒོ་མེ་རྣམ་སྲས་རྒྱལ་ནས་དགེ་རྒན་དབྱངས་དགའ་ལགས་ལ་རང་རེ་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དང་མ་འོངས་འཕེལ་རྒྱས་ཐད་ནས་བཅར་འདྲི་ཞུ་བའི་དོན་ཚན་འདི་བཞིན་རྒན་ལགས་ནས་ཀྱང་ཐུགས་སྤྲོ་བ་ཆེན་པོས་མོས་མཐུན་མཛད་ཕྱོགས་ལྟར།
དྲི་བ་དང་པོ། ཐོག་མར་རྒན་ལགས་ནས་ངེད་ཅག་གི་བཅར་འདྲི་འདི་ཉིད་དང་ལེན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒན་ཁྱེད་རང་ལ་ཆ་མཚོན་ན། ཕྱི་རྒྱལ་ཧར་ཝར་ཊི་སློབ་གྲྭ་ཆེན་མོར་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་རྡོ་རུས་གཏུག་པར་གནང་མཁན་ཞིག་ཡིན་པའི་ངོས་ནས། ཐོག་མར་ཁྱེད་རང་གི་ཕྱི་འགྲིམས་སློབ་གཉེར་གྱི་སྔ་ཕྱིའི་བརྒྱུད་རིམ་དེ་ག་འདྲ་ཞིག་ཡིན་པ་དང་དེའི་ཐད་ཀྱི་མྱོང་ཚོར་བཞེས་སྟངས་སྐོར་ལ་རྒན་ལགས་ཀྱིས་ཞལ་གསུང་ཞིག་གནང་ན།
ལན། ལགས་སོ། །ཐོག་མར་ཁྱེད་ཅག་གིས་བཅར་འདྲི་གནང་བ་ལ་དང་ལེན་ཞུ་རྒྱུ་དང་ཆབས་ཅིག་ང་རང་དགའ་པོ་ཞེ་དྲག་བྱུང་སོང་། ད་ལྟ་ཁྱེད་རང་གི་དྲི་བ་སྟེ་ཕྱི་རྒྱལ་ལ་སློབ་གྲྭར་སོང་བའི་སྐོར་དེ་འདི་འདྲ་ཞིག་ཡིན། དེ་སྐབས་ངེད་རང་གི་བསམ་པ་ལ། བོད་ལྗོངས་གསོ་རིག་སློབ་ཆེན་ནས་རབ་འབྱམས་སློབ་མ་ཐོན་ཚར་རྗེས་ཀྱང་། མུ་མཐུད་བོད་གཅིག་པུར་སློབ་སྦྱོང་བྱས་ནས་བསྡད་པ་ཡིན་ན། བློ་དེ་ཙམ་ཚིམས་པོ་རང་ཡོང་པ་མི་འདུག་བསམ་པའི་ཐོག་ནས། འདི་ལས་ལྷག་པ་ཞིག་ཏུ་སློབ་སྦྱོང་བྱེད་ཐུབ་ན་སྙམ་པའི་ཀུན་སློང་ནར་མར་སྐྱེ་རྒྱུ་ཡོད་པར་བརྟེན། ༢༠༠༠ལོར་བོད་ལ་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཚོགས་པ་དེར་ཕྱིས་ང་རང་གི་མཛུབ་ཁྲིད་དགེ་རྒན་རྒནJanet Gyatsoཞེས་པ་ཁོང་ཐོག་མར་ངོ་ཤེས་པ་ཡིན། ༢༠༠༢ལོར་ཁོང་གིས་ང་ལ་ཧར་ཝར་ཊའི་སློབ་གྲྭ་ཆེན་མོའི་ནང་ལ་འབུམ་རམས་བསླབ་གནས་བརྩོན་ལེན་བྱེད་འཆར་ཡོད་མེད་སྐོར་སྐད་ཆ་ཞིག་བྱུང་བ་ལ། ཞིབ་ཏུ་བསམས་ན་ངེད་རང་དེ་དུས་ལོ་ཡང་ཆེ་ཙམ་སླེབས་འདུག་སྟབས། ཕལ་ཆེར་སློབ་སྦྱོང་ཁུངས་འཁྱོལ་གྱི་མ་རེད་སྙམ་ནས། དང་པོ་ཁས་ལེན་ཞུས་མེད་ཀྱང་། ཕྱིས་སུ་ཡང་ངེད་རང་ཨ་རི་ལ་སློབ་ཚན་ཞིག་ཁྲིད་དུ་ཡོང་རོགས་ཞེས་ཁོང་ཚོསVisiting Scholarཞེས་པ་གདན་ཞུས་མཁས་པ་ལྟ་བུའི་ཐོབ་ཐང་ཐོག་ནས་ངེད་རང་ཆེད་འབོད་ཞུས་པར་བརྟེན། འཇིག་རྟེན་ལྟ་བའི་མཚར་སྣང་དང་བཅས༢༠༠༢ལོར་ཨ་མེ་རི་ཀའི་ཧར་ཝར་ཊི་སློབ་ཆེན་དུ་སླེབས་པ་ཡིན། ལོ་ཕྱེད་ཀར་བསྡད་པའི་རིང་ལ་ཡུལ་དེའི་སློབ་སྦྱོང་དང་ཞིབ་འཇུག་གི་གནས་སྟངས་སོགས་གཞན་དང་མི་འདྲ་བ་ཞིག་ཏུ་མཐོང་སྟབས། ཡིད་ཀྱི་དང་བ་རབ་ཏུ་འཕྲོག་པ་ཞིག་བྱུང་ནས། དེ་སྐབས་ངེད་རང་བོད་ལ་ད་དུང་རབ་འབྱམས་སློབ་མ་ཐོན་རྒྱུ་ཡིན་ནའང་། ཅིས་ཀྱང་ཨ་རི་ལ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་དེ་ངེས་པར་བརྩོན་ལེན་བྱེད་དགོས་སྙམ་པའི་བསམ་ཚུལ་དྲག་ཙམ་བྱུང་བར་བརྟེན། ཧར་ཝར་ཊི་སློབ་ཆེན་དུ་འཛུལ་བའི་གྲ་སྒྲིག་གི་རིམ་པ་ལ། TOEFLཞེས་པ་ཕ་སྐད་ཨིན་ཇི་མིན་པ་རྣམས་ལ་ཚད་འཇལ་བའི་ཡིག་རྒྱུགས་དེ་དང་། གཞན་ཡངGREཞེས་པ་ཞིབ་འཇུག་སློབ་མའི་ཚད་འཇལ་བཅས་ཡིག་རྒྱུགས་ཁ་ཤས་གཏོང་དགོས་པ་རྣམས་ཀྱང་། དེ་སྐབས་ཨ་མེ་རི་ཀ་རང་དུ་བཏང་བ་ཡིན། ཕྱིས་སུ་ཚུར་བོད་ལ་ལོག་སྟེ་གང་འཚམས་འགྲོ་སྐབས་ཤིག་ལ། རྒནJanet Gyatsoལགས་ནས་ལྗགས་ལན་ཕེབས་ཚོགས་འབྱོར་བ་ལྟར་ཁྱེད་རང་ཕལ་ཆེར་སློབ་གྲྭར་ཚུད་པ་ལ་སྣང་དག་མི་འདུག་ཟེར་བ་ཞིག་བྱུང་སྟེ། རིང་པོར་མ་ཐོགས་པའི༢༠༠༣ལོའི་ཟླ་བ་ལྔ་པར་ཧར་ཝར་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ཉིད་ཀྱི་སློབ་ཚུད་བརྡ་ཐོ་ཡང་འབྱོར། འདི་གར་ཕྱི་འགྲིམས་ཀྱི་འགྲོ་ལུགས་སྒྲུབ་པ་བཅས་ཆོག་མཆན་ཡང་ཚུལ་བཞིན་ཐོབ་ནས། ལོ་དེའི་ཟླ་བ་བརྒྱད་པ་ལ་ངེད་རང་ཨ་མེ་རི་ཀར་སླེབས་འབྱོར་གྱིས་ཧར་ཝར་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཏུ་གྱུར། ཐོག་མའི་དབྱར་ཁའི་རིང་ལ་ཨིན་ཇི་ཁོ་ནར་སློབ་སྦྱོང་བྱེད་དགོས་པར་འདུག་ཅིང་། དངོས་ཀྱི་སློབ་མགོ་གསར་པ་དེ་ཟླ་བ་དགུ་པ་ནས་ཚུགས། དེརcreditཞེས་པ་སློབ་མའི་ཐོབ་སྐར་བཅུ་དྲུག་གསོག་དགོས་པའི་ལམ་ལུགས་ལྟར་དུས་ཡུན་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱེད་དགོས་པ་དང་། གཞན་ཡང་ངེས་པར་དུ་སྐད་ཡིག་མ་འདྲ་བ་གཉིས་ལོགས་སུ་སློབ་དགོས་ཀྱི་འདུག་སྟབས། ངེད་ཀྱིས་ཧྥ་རན་སི་དང་ལེགས་སྦྱར་སྐད་གཉིས་བདམས་པ་ཡིན་ལ་ཕྱིས་སུ་དེ་གཉིས་ཡིག་ཚད་ཀྱང་དགའ་རབ་ཅིག་ལོན། ཆེས་མཇུག་ཏུGeneral Examཞེས་པ་རྒྱུགས་ཆེན་ཞིག་གཏོང་དགོས་པ་དེར་ངེད་ཀྱིས་ཕལ་ཆེར་ལོ་གཅིག་ཙམ་ལ་གྲ་སྒྲིག་བྱེད་དགོས་ཐུག་ཅིང་། རྒྱུགས་ཆེན་དེ་མ་བཏང་བར་རྩོམ་ཡིག་འབྲི་བ་སོགས་བྱེད་མི་ཆོག་པར་འདུག ཁྱོན་ཡོངས་ལ་བསམ་བློ་བཏང་ན་ཁོ་རང་ཚོས་ལས་རིམ་སྔ་མ་སྔ་མ་དེ་མ་ཚར་བར། ཕྱི་མ་ཕྱི་མ་དེ་མགོ་བརྩམས་ཆོག་གི་མེད་པ་ཞིག་ཡིན། སྔོན་དུ་སློབ་ཚན་བདམས་པ་རྣམས་ཀྱང་སློབ་སྦྱོང་དུས་ལྟར་མ་ཚར་བར་རྩོམ་ཡིག་འབྲི་བ་སོགས་ཆོག་གི་མེད།  དེ་ལྟར་ཕྱིས་སུ་ངེད་རང་གཞི་ནས་དཔྱད་རྩོམ་འབྲི་བའི་ཐོག་ལ་ཧ་ལམ་ལོ་གཉིས་ནས་གསུམ་ཙམ་ཞིག་འགོར་ཞིང་། ཧར་ཝར་ཊི་ལ་སྡོད་པའི་ལོ་ཆེས་རྗེས་མ་དག་གི་སྐབས་སུ་བསླབས་འབྲས་གཟེངས་དངུལ་རྣམས་ཀྱང་རིམ་གྱིས་རྫོགས་པར་གྱུར་སྟབས། ཞོར་དུ་འགྲོ་གྲོན་གསབ་ཕྱིར་ལས་ཀ་ཙག་ཙིག་དང་། གཞན་ཡང་མི་ཞི་གྷན་སློབ་གྲྭ་ཆེན་མོར་སློབ་ཁྲིད་ཀྱི་ལས་ཀའང་བྱས་པ་སོགས་ཡོང་འབབ་ཅི་འབྱོར་ལ་བརྟེན་ནས་འཚོ་བ་དང་སློབ་སྦྱོང་མུ་མཐུད་ཐུབ་པ་ཙམ་བྱུང་བའི་ངང་། ༢༠༡༠ལོའི་ཟླ་བ་ལྔ་པར་དངོས་སུ་སློབ་མཐར་ཕྱིན་ནས་ངེད་རང་ཨ་རིར་མི་ལོ་བདུན་ཙམ་སློབ་གཉེར་བྱས་པའི་བརྒྱུད་རིམ་ནི་སྤྱིའི་ཆ་ནས་འདི་ཙམ་སྟེ། རང་ཅག་གི་བོད་ལྗོངས་དང་མཚོ་སྔོན་གྱི་གསོ་རིག་སློབ་གླིང་ནང་བཞིན་འབུམ་རམས་སློབ་གཉེར་བྱེད་སྟངས་དེ་རྩ་བའི་ཆ་ནས་གཅིག་མཚུངས་ཡིན། ཡིན་ནའང་མི་འདྲ་བའི་ཕྱོགས་ནི། ཁོ་རང་ཚོ་ཕྱི་རྒྱལ་གྱི་སློབ་གཉེར་བརྒྱུད་རིམ་དེ་ཤིན་ཏུའང་དཀའ་ལས་ཁག་པོ་ཞིག་ཡིན་ཞིང་། རང་རེ་འདི་གར་སྤྱིར་བཏང་ལོ་གསུམ་ནས་ཐོན་ཐུབ་ཀྱི་ཡོད་ནའང་། ཕར་ལ་ངེད་རང་ལོ་ངོ་བདུན་ཙམ་འགོར་བའང་རྒྱུན་ལྡན་ལྟ་བུ་ཞིག་ཡིན་པ་མ་གཏོགས། མང་པོ་ཞིག་ལོ་བཅུ་དང་གཞན་དག་དེ་ལས་ལྷག་པ་ལུས་འགྲོ་བའང་ཡོད།
       དེ་ནས་ཁྱེད་རང་གི་དྲི་བ་ལྟར་ཚོར་སྣང་ག་འདྲ་ཞིག་བྱུང་ངམ་སྙམ་ན། དང་པོ་ངེད་ལ་ཧར་ཝར་ཊིའི་མཛུབ་ཁྲིད་དགེ་རྒན་རྣམས་ཀྱི་མཛུབ་ཁྲིད་བྱེད་ལུགས་དེ་ཧ་ཅང་ཡང་གཟབ་ནན་ཆེ་བ་དངོས་གནས་རང་མཛུབ་ཁྲིད་བྱེད་ཀྱི་ཡོད་པའི་ཚོར་བ་ཞིག་བྱུང་། རང་ཅག་བོད་ཀྱི་སློབ་གྲྭ་ཁག་ཏུ་དེ་ཙམ་མཛུབ་ཁྲིད་ཡག་པོ་བྱེད་ཐུབ་ཀྱི་མེད་པ་ཡིན་ཞིང་། ང་རང་རང་གིས་བྱེད་ཐུབ་ཀྱི་ཡོད་མ་རེད་ལ། གཞན་པ་རྣམས་ཀྱིས་ཀྱང་བྱེད་ཐུབ་ཀྱི་ཡོད་མ་རེད། དཔེར་ན། ངེད་ཀྱི་མཛུབ་ཁྲིད་དགེ་རྒནJanet Gyatsoལགས་ནས་ངེད་དང་བདུན་ཕྲག་རེ་རེའི་ནང་ལ་ངེས་པར་ཐེངས་རེ་ཐུག་འཕྲད་གནང་སྲོལ་རྒྱུན་འཁྱོངས་ཐོག་ཁྱེད་རང་གི་རྩོམ་ཡིག་ག་འདྲ་བྱུང་མིན་དང་། སྔོན་དུ་གང་བྲིས་པ་དེའི་རྗེས་ལ་ཅི་ཞིག་འབྲི་རྩིས་ཡིན་པ་སོགས་རྩོམ་གྱི་སྤྱི་ཁོག་དབུབ་སྟངས་ནས་ཞིབ་པ་ཐ་སྙད་ཡན་ཆད་དང་། ལྷག་པར་དུ་ཞིབ་འཇུག་གི་ཐབས་ལམ་ཞེས་པ་དེ་རྩོམ་ཡིག་འབྲི་བ་ལ་མ་བསླབས་ཐབས་མེད་ཅིག་ཡིན་སྟབས། དེའི་ཐད་ལ་ལྷག་དོན་ཡང་ཆ་རྐྱེན་ནན་མོ་འདོན་མུས་ཡིན། དགེ་རྒན་ཁོང་གི་གསུང་སྟངས་བྱས་ན། ངས་ཁྱེད་རངscholarཞེས་པ་ནུབ་ཕྱོགས་ཀྱི་ཚད་དང་ལྡན་པའི་མཁས་པ་ཞིག་ཏུ་གསོ་སྐྱོང་བྱེད་ཀྱི་ཡིན་གསུང་གི་ཡོད་སྟབས། སྔོན་ཆད་ངེད་རང་སྲོལ་རྒྱུན་གྱི་མཁས་པ་ཞིག་ཡིན་པའི་ཁུལ་ཡིན་ན་མ་གཏོགས་ཧར་ཝར་ཊི་ལ་མཚོན་ན་ཁོ་རང་ཚོའི་ཚད་གཞི་དེར་སླེབས་ཀྱི་ཡོད་མ་རེད། བྱས་ཙང་སྔོན་མ་ངེད་ཀྱིས་དད་པ་དང་བརྩེ་དུང་གི་སྒོ་ནས་ཡིན་བསམ་བསམ་ཞིག་བཤད་བསྡད་པ་དེས་ཕན་ཐོགས་ཀྱི་ཡོད་མ་རེད།
       གཉིས་པ། ཞིབ་འཇུག་བྱེད་པའི་གོ་རིམ་ནང་དུ་རྫུན་དང་གཡོ་ཁྲམ་ཞེས་པ་དེ་རྩ་བ་ཉིད་ནས་འགྲོ་ས་མེད་པ་ཞིག་ཡིན། བློ་གཟུ་བོར་གནས་པའི་ངང་ནས་ཞིབ་འཇུག་བྱེད་དགོས་པ་མ་གཏོགས། ངེད་ཅག་དེང་སང་རང་རང་གི་དགའ་ཕྱོགས་དང་བརྩེ་དུང་སོགས་མང་པོ་ཞིག་མཉམ་དུ་བསྲེས་པའི་རྩོམ་ཡིག་འབྲི་སྟངས་དེས་ཡོང་གི་ཡོད་མ་རེད། དཔེར་ན་ང་རང་ཚོ་ལ་ཆ་བཞག་ན། མི་རབས་སྔ་མ་དང་མཁས་པ་སྔ་མས་ནོར་ཡོད་ནའང་ཁྱེད་རང་གིས་སྐྱོན་བརྗོད་བྱེད་ནུས་ཀྱི་མེད་ཅིང་། བརྒྱ་ལ་སྙིང་ཁམས་ཆེ་ཐལ་ནས་སྐྱོན་དུ་བསྒྲགས་པའི་ཚེར། གཅིག་བྱས་ན་ཁྱེད་རང་མཇུག་ཏུ་སློབ་གྲྭ་ཐོན་པར་དཀའ་ལས་ཁག་པོ་ཡོང་བ་ཡིན། ཡིན་ནའང་། ནུབ་ཕྱོགས་པ་ཡིན་ན་མཁས་པ་སྔ་མའི་ནོར་བ་རྣམས་ནོར་བ་རང་དུ་ངོས་བཟུང་ནས་ཁྱེད་རང་གིས་དངོས་སུ་བཤད་དགོས་ཀྱི་ཡོད་ཅིང་། རྒྱུན་ལྡན་ལས་རིམ་སྔ་ཕྱི་གང་ལའང་སྔ་རབས་པ་རྣམས་ལ་སྐྱོན་བརྗོད་དང་དོགས་སློང་གི་རྣམ་པའི་ཐོག་ནས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་ཞིག་ཡིན། འོན་ཀྱང་རང་རེ་ལ་དེ་འདྲ་བཤད་རྒྱུའི་ཁོར་ཡུག་མེད་པ་སོགས་ཀྱིས་དཀའ་ལས་ཅུང་ཟད་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་ཡིན།
       གསུམ་པ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ་ནི་ལས་སླ་པོ་རྩ་བ་ཉིད་ནས་མེད་པ་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན། སློབ་ཚན་གཅིག་ཙམ་ལེན་པ་ཡང་རང་ཅག་འདི་གར་ཕལ་ཆེར་སློབ་ཚན་བཞི་ལྔ་སློབ་པ་ལས་ཀྱང་དཀའ་ལས་ཆེ་བ་ཡིན་ལ། སྐབས་རེར་གཟའ་འཁོར་གཅིག་ལ་སློབ་ཚན་རེར་དེབ་བཞི་ལྔ་ཙམ་ཀློག་ཤོག་གསུངས་ནས། སང་ཉིན་དགེ་སློབ་གདན་འཛོམས་པའི་ཐོག་བགྲོ་གླེང་བྱེད་དགོས་པ་ཡིན་ཞིང་། སློབ་ཚན་ཁྲིད་ལུགས་ཀྱང་ཕན་ཚུན་བགྲོ་གླེང་བྱེད་རྒྱུ་ཡིན་པ་མ་གཏོགས་ངས་ཁྱེད་ཅག་ལ་ཁྲིད་དགོས་ཟེར་མཁན་མེད། སློབ་དཀྱིལ་ལ་གཅིག་དང་སློབ་མཇུག་ལ་གཅིག་བཅས་སློབ་ཚན་རེ་རེ་ལའང་རྩོམ་གཉིས་ཙམ་ངེས་པར་དུ་འབྲི་དགོས་ཤིང་། སློབ་མཇུག་གི་རྩོམ་དེ་ཅིས་ཀྱང་ཞིབ་ཚགས་པོ་དཔར་སྐྲུན་གྱི་ཚད་དུ་ལོན་པ་ཞིག་ངེས་པར་དུ་འབྲི་དགོས་ཀྱི་ཡོད།དེ་ནས་སློབ་གྲྭ་མཐར་ཕྱིན་ཐུབ་མིན་ལ་སེམས་འཚབ་ཆེན་པོ་ཡང་ཡོང་བ་ཡོད། རང་ཅག་གི་སློབ་གྲྭ་རྣམས་ལ་མཚོན་ན་ཁྱེད་རང་དང་པོ་ཡར་འཛུལ་ཐུབ་པ་དེ་ནི་རྗེས་མར་ཡང་བདེ་བླག་ངང་ནས་སློབ་གྲྭ་ཐོན་ཐུབ་པའི་རྟགས་མཚན་ཡིན་ནའང་། ནུབ་ཕྱོགས་འདིར་དེ་ཙམ་གྱི་ངེས་པ་ཅི་ཡང་མེད། སློབ་གྲྭ་ཐོན་མ་ཐུབ་པའང་མང་ཙམ་ཡོད་ཀྱང་། ལར་མི་ཚེ་དོན་སྙིང་དང་ལྡན་པ། དཀའ་ལས་བརྒྱབ་པ་རྣམས་ཆུད་མ་གཟན་པ། སློབ་ཚན་དེ་དག་ཀྱང་ཤིན་ཏུ་ནས་ཡག་པོ་དང་། ཉན་པའི་དུས་ཀྱང་ཧ་ཅང་སྐྱིད་པོ་ཤེས་རིག་བདུད་རྩིའི་བཅུད་ལ་ལོངས་སྤྱོད་པར་སྙམ་པ་ཞིག་ཡོང་བ་ཡིན། དེ་ལས་ལྡོག་སྟེ་རང་རེ་རྣམས་ཀྱི་སློབ་ཁྲིད་ནི་མང་ཆེ་བ་ཉོབ་པོ་ཡོད་ཁར། སློབ་ཚན་ཁག་ཅིག་ཕལ་ཆེར་ཁྱེད་རང་སྡུག་བསྔལ་གྱི་སྒོ་ནས་སྦྱང་དགོས་པ་ཤ་སྟག་ཡིན། འོན་ཀྱང་ནུབ་ཕྱོགས་ལ་ནི་མཛུབ་ཁྲིད་དགེ་རྒན་དང་གྲོས་བསྡུར་གྱིས་རང་གི་ཆེད་ལས་ལ་རྔོ་ཐོགས་པའི་སློབ་ཚན་གདམ་རྒྱུ་ཡོད་སྟབས། དེ་ཙམ་ཉོབ་པོ་ཡོང་བའི་འོས་མེད།
       དེ་ནས་སློབ་མཐར་ཕྱིན་པའི་ཚོར་སྣང་དེ་ག་འདྲ་ཞིག་བྱུང་ངམ་སྙམ་ན།ངེད་རང་མི་སྒེར་ངོས་ཙམ་མ་ཟད། ངེད་རང་གང་ལ་སྐྱེས་པའི་མི་རིགས་འདི་ཡང་འཛམ་གླིང་ཕུལ་བྱུང་མི་རིགས་ཁག་དང་འདྲ་མཉམ་ཆགས་སོང་སྙམ་པའི་སྤོབས་པ་ཞིག་སྐྱེ་རྒྱུ་བྱུང་། སྤྱིར་ན་བོད་རིགས་ཟེར་བ་དེ་རང་རེའི་རྒྱལ་ཁབ་ནང་དུའང་གང་ཅིའི་ཐད་བྱམས་སྐྱོང་བྱེད་སའི་ཡུལ་ལྟ་བུ་ཞིག་ཏུ་བཞག་ནས། སྐྱོ་པོ་ཡིན་བསམ་པ་ཞིག་རྟག་ཏུ་ཡོད་ཅིང་། སློབ་གཉེར་ལའང་དམིགས་བསལ་བྱམས་སྐྱོང་གི་སྒོ་ནས་བོད་རིགས་ཡིན་ན་སྐར་གྲངས་དམའ་ཙམ་ཡོང་ཆོག་པ་དང་། མཐར་ཕྱིན་མི་ཐུབ་པ་རྣམས་ལའང་དམིགས་བསལ་གཟིགས་སྐྱོང་གི་ཐབས་ཤེས་སྣ་ཚོགས་འཐེན་རྒྱུ་ཡོད་པ་སོགས་ནུབ་ཕྱོགས་ལ་དེ་འདྲ་རྩ་བ་ནས་མེད་པའི་སྟབས་ཀྱིས། ངེད་རང་འཛམ་གླིང་མི་རིགས་ཡོངས་དང་གཅིག་པ་ཆགས་སོང་སྙམ་པའི་བློ་སྤོབས་ཤིག་སླེབས་པར་ཚོར་བ་བཅས་འདི་ཙམ་ངེད་རང་ཕྱི་རྒྱལ་ལ་ཕྱིན་པའི་བརྒྱུད་རིམ་དང་ཚོར་སྣང་གི་སྐོར་དེ་ཡིན་ལགས།
དྲི་བ་གཉིས་པ། ལགས་སོ་རྒན་ལགས། བཀའ་དྲིན་ཆེ། རྒན་ལགས་ནས་ད་ལྟའི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དང་། དེར་ཤུགས་སྣོན་གང་འདྲ་རྒྱག་དགོས་མིན་ཐད་གསུང་བཤད་ཅིག་གནང་ན།
ལན། འོ་ཡ་ཡ། བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གསོའི་གནས་བབས་དེ་ག་འདྲ་ཞིག་རེད་ཟེར་ན། ངེད་རང་ཕལ་ཆེར་མི་ཚེ་གཅིག་ལ་སློབ་གསོའི་ལས་ཀ་འབའ་ཞིག་བྱས་པའི་བརྒྱུད་རིམ་ཁྲོད་དུ། རེས་འགར་སློབ་གསོ་དོ་དམ་གྱི་ལས་ཀ་ཡང་བྱས་ཤིང་། རེས་འགར་སློབ་ཁྲིད་ཀྱི་ལས་ཀ་ཡང་བྱས་པ་ཞིག་ཡིན། སྔོན་སློབ་སྟོན་ཁྲུའུ་ཡི་འགན་འཁུར་མི་སྣ་དེ་འདྲ་ཡང་བྱེད་མྱོང་ཡོད་པ་བཅས་དངོས་གཞིའི་སློབ་མའི་སློབ་གསོ་ལ་རྒྱུས་ཅུང་ཟད་ཡོད་པར་སྙམ་ལ། དེང་སང་གཟུགས་པོ་དེ་ཙམ་བདེ་པོ་མེད་སྟབས་འགན་འཁུར་གྱི་མེད་པ་མ་གཏོགས། སྔར་ན་ཞིབ་འཇུག་སློབ་མའི་སློབ་གསོ་ལའང་ཆ་རྒྱུས་གང་འཚམ་ཡོད་པ་ཞིག་ཡིན་པར་སྙམ། རང་རེ་རྒྱལ་ཁབ་ལ་མཚོན་ན། བོད་ཀྱི་གསོ་བ་རིག་པ་འདི་ཉིད་སློབ་གསོ་དང་འཕྲོད་བསྟེན་མ་ལག་གཉིས་ཆའི་ཁོངས་སུ་ཁས་ལེན་རྒྱབ་སྐྱོར་ཐོབ་པ་གང་ཞིག། ཁྱད་པར་དུ་དངོས་གཞི་སློབ་མ་ཙམ་མ་ཟད་ཞིབ་འཇུག་སློབ་མའི་གསོ་སྐྱོང་བྱེད་ཐབས་སོགས་ཀྱང་རྒྱལ་ཁབ་ཀྱི་མ་ལག་སྒྲིག་ཁོངས་སུ་ཚུད་ཡོད་པ་ཞིག་ཡིན་ཏེ། དཔེར་ན། ངེད་རང་རབ་འབྱམས་སློབ་ཐོན་ལག་འཁྱེར་གྱི་མིང་ཐོག་ནས་ཧར་ཝར་ཊི་སློབ་གྲྭ་ཆེན་མོར་འཛུལ་རྒྱུ་བྱུང་བ་དེ་ཡང་། རང་རེ་རྒྱལ་ཁབ་ནས་བོད་ཀྱི་གསོ་རིག་སློབ་གཉེར་བ་རྣམས་ལ་རྔོ་ཐོགས་པའི་ལག་འཁྱེར་འཛིན་ཡིག་གོ་ཆོད་པོ་ཞིག་མཁོ་སྤྲོད་བཀའ་དྲིན་བསྐྱངས་པའི་དན་རྟགས་ཁོ་ན་ཡིན། གཞན་དུ་འཛམ་གླིང་ཡོངས་ལ་ཆ་བཞག་ནའང་བོད་ཀྱི་གསོ་བ་རིག་པ་འདི་བཞིན་དེང་སང་སྙན་གྲགས་ཇེ་ཆེར་འགྲོ་གི་ཡོད་པ་ཞིག་ཡིན་ཞིང་། སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མང་དུ་འགྲོ་གི་ཡོད་པ་མ་ཟད། ནད་ཐོག་ལག་ལེན་གནང་སྟེ་སྨན་པ་བྱེད་མཁན་མང་པོ་ཨ་མེ་རི་ཀར་ཡང་ཡོད། ཡོ་རོབ་ལའང་ཡོད། སྔར་ན་བོད་ཀྱི་གསོ་བ་རིག་པ་དར་རྒྱས་བྱུང་བའི་སྲོལ་རྒྱུན་ས་ཁུལ་དེང་སང་རྒྱ་གར་མངའ་ཁོངས་སུ་གཏོགས་པའི་ལ་དྭགས་དང་། འབྲས་ལྗོངས་སོགས་དང་། གཞན་ཡང་འབྲུག་རྒྱལ་ཁབ་བཅས་སུའང་བོད་ཀྱི་གསོ་བ་རིག་པ་འདི་ཉིད་མཐོང་ཆེན་པོ་ཆགས་ཀྱི་ཡོད་ཅིང་། ལྷག་པར་དུ་རྒྱ་གར་གཞུང་ལྟ་བུ་ལ་མཚོན་ནའང་བོད་ཀྱི་གསོ་བ་རིག་པ་འདི་ཉིད་སློབ་གསོ་དང་འཕྲོད་བསྟེན་གཉིས་ཆར་ནས་ཁས་ལེན་བྱེད་ཀྱི་ཡོད་པ་སོགས་རང་རེ་བོད་ཀྱི་གསོ་བ་རིག་པ་འདི་བཞིན་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ནང་ལ་ཁས་ལེན་བྱེད་མུས་ཡོད་པའི་གསོ་རིག་ཅིག་ཏུ་ཆགས་ཀྱི་ཡོད་པ་བཅས་ལ་བརྟེན། རང་རེའི་རྒྱལ་ཁབ་ཀྱི་ནང་དུ་གོ་སྐབས་ཤིན་ཏུ་བཟང་པོ་ཞིག་ཡིན་པར་མ་ཟད། འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨེ་ཤ་ཡའི་ནང་དུ་གོ་སྐབས་བཟང་པོ་ཞིག་ཡིན་པར་སྙམ། དེས་ན་གོ་སྐབས་ལྡན་པར་གྱུར་བ་འདིའང་རང་རེའི་གསོ་དཔྱད་འདི་ཉིད་ལ་རང་ངོས་སུ་ཚན་ཁ་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཡིན་གྱི་ནུས་པ་མེད་པར་གཞན་རྣམས་མཐོང་ཆེན་ག་ལ་བྱེད།
       དེ་ནས་ང་རང་ཚོ་བོད་ཀྱི་གསོ་བ་རིག་པའི་གནས་བབས་ལ་བསམ་བློ་བཏང་བ་ཡིན་ན། རང་ཅག་བོད་ནང་ཁུལ་དང་། བོད་འབྲེལ་ས་ཁུལ་བཅས་སུ་ཆེད་མཁས་མི་སྣ་ཉུང་དྲགས་པའི་ཐད་ལ་ཅུང་ཟད་སེམས་འཚབ་སྐྱེ་བ་ཞིག་འདུག། དཔེར་ན། བོད་ཁམས་ཡོངས་སུ་གྲུབ་པ་ལུས་མཁས་ཤོས་སུ་རེད་ཅེ་ན། ཁོང་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་མེད། ཚང་མས་གྲུབ་པ་ལུས་ཤེས་ནི་ཕལ་ཆེར་ཤེས་ཀྱི་ཡོད་ཀྱང་། གྲུབ་པ་ལུས་ཀྱི་ཆེད་མཁས་འདི་རེད་ཅེས་ཀུན་གྱིས་ཁས་ལེན་པ་ཞིག་མེད་པར་སྙམ། དཔེར་ན། སྨན་ངོ་ངོས་འཛིན་ལྟ་བུ་ལ་རྒན་དགའ་བའི་རྡོ་རྗེ་དང་། རྩ་སྦྱོངས་ལ་རྒན་བསྟན་སྲུང་གྲགས་པ་ཞེས་ཚང་མས་ཤེས་ཙམ་ཡོད་པ་མ་གཏོགས། གཞན་པའི་རིག་ཚན་མང་པོ་ཞིག་ལ་ཆེད་མཁས་ཀྱི་མི་སྣ་ཤིན་ཏུའང་ཉུང་དྲགས་པ་འདི། བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་བྱེད་པ་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ཐད་དཀའ་ལས་ཆེན་པོ་ཞིག་ཡིན་པར་འདོད། ངེད་ཀྱི་སློབ་གྲྭར་དང་པོ་དེ་འདྲ་ཞིག་བཟོ་རྩིས་བྱས་པ་རེད་དེ། ལམ་ལྷོངས་ཞེ་དྲག་འགྲོ་ཐུབ་ཀྱི་མི་འདུག། རྒྱུ་མཚན་གང་ཞེ་ན། མང་པོ་ཞིག་གིས་ང་རང་ག་རེ་ཡིན་ནའང་སྦྱོང་གི་ཡིན་ཟེར། རྨང་གཞི་རིག་པའི་གཞུང་ལུགས་ཀྱང་ཤེས་པ། ནད་ཐོག་ཀྱང་ཤེས་པ། སྨན་རྫས་ཀྱང་ཤེས་པ། མི་ཚང་མས་ཐམས་ཅད་མཁྱེན་པ་བྱེད་ཀྱི་ཡིན་ཟེར་བ་དེ་ངེད་ཀྱིས་བསམས་ན་ཡག་པོ་ཞིག་ཡོང་གི་མ་རེད་སྙམ། སྤྱིར་ན་མ་འོངས་པར་ཆེད་མཁས་ཀྱི་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན་ནའང་། ད་ལྟའི་དུས་ལ་ང་རང་ཚོར་ཆ་རྐྱེན་དེ་མི་འདུག་བསམས། མ་གཞི་ནས་ཆེད་མཁས་མི་སྣ་རྩ་བ་ནས་མི་འདུག་ཅེས་པའི་དོན་ནི་མིན་ཡང་། རིག་ཚན་བྱེ་བྲག་པར་ཆེད་དུ་མཁས་པའི་མི་སྣ་ཧ་ཅང་དཀོན་པོ་ཆགས་བསྡད་ཡོད་པ་དེ། གནས་ཚུལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད།
       གནས་ཚུལ་གཞན་ཞིག་ནི། སྲོལ་རྒྱུན་དང་དེང་རབས་ཀྱི་འབྲེལ་བའི་ཐད་ལ་ལག་ལེན་ག་འདྲ་ཞིག་སྐྱོང་དགོས་མིན་གྱི་སྐོར་ཏེ། དཔེར་ན། དངོས་གཞི་སློབ་མ་ལ་ལོ་མང་པོའི་རིང་ལ་སྲོལ་རྒྱུན་གྱི་ལུགས་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད་པ་དེ་བཞིན་འབྲས་བུ་ཡང་གང་འཚམས་ཐོན་གྱི་ཡོད་པར་དཔགས་ན། དངོས་གཞི་སློབ་མ་རྣམས་ལ་སྔ་མའི་སྲོལ་རྒྱུན་གྱི་ལུགས་ལྟར་སྐྱེད་བསྲིངས་ནའང་སྐྱོན་ཆེན་པོ་མི་འདུག་སྙམ། འོན་ཀྱང་ཕལ་ཆེར་ཨ་མདོའི་ཕྱོགས་ལ་ཅུང་ཟད་དྲག་ན་མ་གཏོགས། དབུས་གཙང་གི་སློབ་མ་རྣམས་ལ་བོད་ཡིག་དེ་ཙམ་ཡག་པོ་མེད་པའི་ཞན་ཆ་ཞིག་ཡོད་པར་སྙམ། དེང་སང་མཐོ་འབྲིང་ཐོན་ཚར་ནའང་བོད་ཡིག་དེ་ཙམ་ཤེས་ཀྱི་མེད་པ་དེ། མ་འོངས་པའི་བོད་སྨན་སློབ་གསོ་ལ་དཀའ་ལས་ཆེན་པོ་ཞིག་ཡིན་པར་བསམས། ཞིབ་འཇུག་སློབ་མ་ལ་དེ་བས་ཀྱང་གནས་ཚུལ་ཆེན་པོ་ཞིག་ཡོད་པར་སྙམ། ངེད་རང་སྔར་ན་ཞིབ་འཇུག་སློབ་མ་དང་འབྲེལ་བའི་ལས་ཀ་དུ་མ་བྱས་མྱོང་སྟབས། ཤུགས་སྣོན་རྒྱག་དགོས་པའི་གནས་ཚུལ་མང་པོ་འདུག་པར་སྙམ། ངས་བསམས་ན་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་ཐབས་སྐོར་ལ་ཁ་ཕྱོགས་གསལ་པོ་ཞིག་རྙེད་མི་འདུག། ད་ལྟ་ང་ཚོ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་བྱེད་སྟངས་ཡིན་ན། ཞིབ་འཇུག་སློབ་མ་ལའང་དངོས་གཞི་སློབ་མར་ཁྲིད་སྟངས་ཙམ་བྱས་ནས། དགེ་རྒན་གྱིས་གོང་ནས་ཁྲིད། སློབ་མས་གཤམ་ནས་ཉན། ངས་བསམས་ན་དེ་འདྲ་རྩ་བ་ཉིད་ནས་མ་རེད། ངེས་པར་དུ་དགེ་སློབ་ཕན་ཚུན་བགྲོ་གླེང་གི་རྣམ་པའི་སྒོ་ནས་སློབ་ཚན་འཚོགས་དགོས་པ་རེད་མ་གཏོགས། དགེ་རྒན་གྱིས་བཤད། སློབ་མས་ཉན། ཟིན་བྲིས་བརྒྱབས། ཡིག་ཚད་བཏང་། དེས་ཡོང་གི་མ་རེད་བསམས་ཀྱི་འདུག། དེ་ལ་སྐྱོན་ཡང་ཆེན་པོ་ཡོད་པར་སྙམ་སྟེ། ངེད་ཀྱིས་ཧར་ཝར་ཊི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས་པའི་ཉམས་མྱོང་ལྟར་ནུབ་ཕྱོགས་ཨ་མེ་རི་ཀ་ལྟ་བུ་ཡིན་ན། དགེ་རྒན་འཛམ་གླིང་ལ་སྐད་གྲགས་ཆོད་པའི་མཁས་པ་དེ་རྣམས་ཀྱང་སློབ་ཚན་སྐབས་ལ་སློབ་མ་གསུམ་བཞི་ཞིག་དང་མཉམ་དུ་སྐད་ཆ་བཤད་ནས་སྡོད་ཅིང་།  སྐད་ཆ་ཕར་བཤད་ཚུར་བཤད་ཀྱིས་བགྲོ་གླེང་བྱས་ནས་སློབ་ཚན་ཚོགས་པ་མ་གཏོགས་དགེ་རྒན་གྱིས་བཤད་དེ་སློབ་ཕྲུག་གིས་ཉན་པ་དེ་འདྲ་བྱེད་ཀྱི་མི་འདུག།  དེ་འདྲ་བྱས་ན་ཡོང་གི་མ་རེད་བསམས་ཀྱི་འདུག། རང་རྒྱལ་ནང་ལོགས་ཀྱི་ཞིབ་འཇུག་སློབ་མ་རྣམས་ཀྱང་ཚོད་ལྟ་ཁང་ལ་འཛུལ་རྒྱུ་དེ་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ན་མ་གཏོགས། སློབ་ཚན་ཁྲིད་སྟངས་ཐད་ནུབ་ཕྱོགས་དང་བསྡུར་ན་ཕལ་ཆེར་ཧེ་བག་ཆེ་ཙམ་ཡོང་གི་ཡོད་པ་ཡིན།
       དེ་ནས་ཞིབ་འཇུག་སློབ་མ་རྣམས་ཀྱིས་ཞིབ་འཇུག་གི་ཐབས་ལམ་དེ་ཡག་པོ་ཤེས་ཀྱི་མེད་པར་སྙམ།ཞིབ་འཇུག་ཐབས་ལམ་གྱི་སྐོར་ལ་རྒན་དཀོན་མཆོག་རྒྱལ་མཚན་གྱིས་བྲིས་པའི་རྩོམ་དེབ«བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་གི་གཞུང་ལུགས་དང་ཐབས་ལམ་ཇུས་འགོད»དེ་དང་། ངེད་ཀྱིས་ཀྱང་ཨིན་ཇིའི་ཐོག་ནས་བསྒྱུར་བའི་སློབ་དེབ«བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐབས་ལམ་དང་བརྒྱུད་རིམ»ཅིག་བཟོས་ཡོད་ནའང་། བོད་ཡིག་ལ་ད་དུང་ཐ་སྙད་གཅིག་གྱུར་ཆགས་མེད་སྟབས། དེ་ཙམ་ཡག་པོ་ཞིག་ཡོང་ཐུབ་ཀྱི་མི་འདུག། བྱས་ཙང་ཞིབ་འཇུག་ཐབས་ལམ་དེ་དགེ་རྒན་གྱིས་ཡག་པོ་ཤེས་ཀྱི་མེད་ལ་སློབ་མས་ཀྱང་ཤེས་ཀྱི་མེད། དཔེར་ན། ནད་ཐོག་གི་ཞིབ་འཇུག་ཐབས་ལམ། སྡོམ་རྩིས་རིག་པ་དེ་ཚོ་ད་ལྟ་བོད་ཡིག་སྒང་ལ་སླེབས་མེད་པ་བཅས་དཀའ་ལས་ཆེན་པོ་ཞིག་ཡིན་པར་བསམས།
       དེ་ནས་དཔྱད་རྩོམ་འབྲི་བའི་ཚད་གཞི་ཁ་གསལ་མེད་པའི་སྟོང་ཆ་ཞིག་ཡོད་པར་སྙམ། ཨིན་ཇིའི་ནང་ལThe Chicago Manual of Styleཞེས་པ་ལྟ་བུ་རྩོམ་འབྲིའི་ལག་དེབ་དེ་འདྲ་ཡོད་ཅིང་། དཔེར་ན། རྩོམ་ཡིག་གི་ཐོག་མཐའ་བར་གསུམ་དུ་གོ་རིམ་ཇི་ལྟར་འབྲི་བ་སོགས་གསལ་པོ་ཡོད་པ་ཞིག་ཡིན། རང་ཅག་བོད་ཡིག་ཐོག་ལ་དེ་འདྲ་ཆགས་མེད་པའི་སྟབས་ཀྱིས། དེང་སང་མང་པོ་ཞིག་གིས་ལུང་འདྲེན་ཁོ་ན་བྱས་ནས་རྩོམ་འབྲི་བྱེད་ཅིང་། རྒྱུད་བཞི་ལས་ཞེས་པ་ལྟ་བུ་སོགས་མགོ་མཇུག་ཚང་མ་ལུང་འབའ་ཞིག་གིས་ཁེངས་ནས་གལ་སྲིད་ལུང་དྲངས་པ་རྣམས་ཕར་གཡུགས་པ་ཡིན་ན། ཁྱེད་རང་གིས་བཤད་པའི་སྐོར་དེ་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་སོགས་རྩོམ་ཡིག་འབྲི་བའི་སྒང་ལ་གནས་ཚུལ་མང་པོ་འདུག་པར་སྙམ།
       དེ་ནས་སློབ་མ་རྣམས་ཀྱི་ཤེས་བྱའི་ཁྱབ་ཁོངས་དང་སྐད་ཡིག་གི་ཐད་ལ་ཞན་ཆ་མང་པོ་འདུག་པར་སྙམ་པ་དཔེར་ན་ཨིན་ཇིའི་སྐད་དེ་ཡག་པོ་ཤེས་ཀྱི་མི་འདུག། རང་ཅག་གི་སློབ་མ་རྣམས་མང་ཆེ་བ་ལེགས་སྦྱར་སྐད་དེ་ཡིག་ཚད་བཏང་ནས་ཡར་འཛུལ་པ་རེད་དེ། ལེགས་སྦྱར་དེ་བས་ཀྱང་ཤེས་ཀྱི་མི་འདུག། ད་དུང་ཨིན་ཇི་དང་ལེགས་སྦྱར་བསྡུར་ན་ལེགས་སྦྱར་དེ་བས་སྐྱོ་བ་སྟེ། ལེགས་སྦྱར་གྱི་སྒྲ་སྒྲུབ་བྱེད་ཤེས་པ་ཙམ་གྱིས་ལེགས་སྦྱར་ཤེས་པའི་ངེས་པ་རྩ་བ་ཉིད་ནས་མེད། བྱས་ཙང་ང་རང་ཚོར་ཤེས་དགོས་པའི་ཨིན་ཇི་དང་ཤེས་དགོས་པའི་ལེགས་སྦྱར་ཤེས་མཁན་ནི་ཤིན་ཏུ་ཡང་དཀོན་པོ་ཡིན། ལྷག་པར་དུ་ཨིན་ཇི་མ་ཤེས་ན། ནུབ་ཕྱོགས་ཀྱི་ཡིག་ཆའི་ནང་ལ་ག་རེ་བྲིས་ཡོད་མེད་ཁྱེད་རང་རྩ་བ་ནས་མཐོང་གི་མ་རེད། ཨིན་ཇི་ཤེས་པ་ཞིག་ལ་མཚོན་ན། ངེད་ཀྱིས་གོང་དུ་ཞུས་པའི་ཞིབ་འཇུག་ཐབས་ལམ་ཟེར་བ་དེ་ཚོ་ཁྱེད་རང་གིས་ཨིན་ཇིའི་ཐོག་ནས་བལྟས་ནའང་ཕལ་ཆེར་རྟོགས་ཡོང་གི་ཡིན།བྱས་ཙང་རང་ཅག་གི་སློབ་མ་ཡིན་ན་རེད། དགེ་རྒན་ཡིན་ན་རེད། སྐད་ཡིག་གི་ཐད་ལ་ཞན་ཆ་མང་པོ་འདུག་བསམས་སོང་། ཞན་ཆ་འདི་དག་ལ་བརྟེན་ནས་མཐོང་རྒྱའང་ཤིན་ཏུ་ཆུང་ཆུང་ཞིག་ཡིན་པར་སྙམ། སློབ་མ་དག་གིས་འཛམ་གླིང་ཐོག་ལ་ཞིབ་འཇུག་ག་རེ་བྱེད་ཀྱི་ཡོད་མེད་དང་། ཕྱི་ལོགས་ཀྱི་མཁས་པ་དེ་ཚོས་ག་རེ་བྱེད་ཀྱི་ཡོད་པ་རྩ་བ་ཉིད་ནས་ཤེས་ཀྱི་མི་འདུག། ང་རང་ཚོས་རྩོམ་ཞིག་འབྲི་བའི་ཚེར་ཡང་། མང་ཤོས་གནའ་རབས་ཀྱི་ཡིག་རྙིང་འབའ་ཞིག་ལུང་འདྲེན་བྱེད་པ་མ་གཏོགས། ནུབ་ཕྱོགས་པས་ག་རེ་བྱེད་ཀྱི་ཡོད་པ་རྩ་བ་ནས་ཤེས་ཀྱི་མེད་པ་བཅས་དེ་དག་ནི་སྐད་ཡིག་དང་འབྲེལ་བའི་མཐོང་རྒྱ་ཆུང་བའི་གནས་ཚུལ་ཅིག་ཡིན་པར་སྙམ། གཉིས་ནས། བོད་ཀྱི་རིག་པའི་གནས་གཞན་དག་ཀྱང་ཡག་པོ་ཤེས་ཀྱི་མེད་པའི་ཞན་ཆ་ཞིག་མཐོང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བའི་རིག་གནས་དེ་མ་ཤེས་ན། བོད་ཀྱི་གསོ་བ་རིག་པ་དེ་ཡག་པོ་ཞིག་ཤེས་ཐུབ་ཀྱི་མ་རེད་བསམས། ནང་ཆོས་ཟེར་བ་དེ་ཕྱོགས་གཅིག་ནས་ཆོས་ལུགས་ཤིག་རེད། གཉིས་ནས་མཚན་ཉིད་རིག་པ་དང་གསུམ་ནས་ཚན་རིག་ཅིག་ཡིན་པ་སོགས་དེ་ལ་གོ་དོན་མང་པོ་ཞིག་ཚུད་བསྡད་ཡོད་པར་སྙམ། བྱས་ཙང་དེའི་སྐོར་གྱི་ཤེས་རྟོགས་ཉག་ཕྲ་བར་སོང་སྟབས། སློབ་མ་རྣམས་ཀྱི་མཐོང་རྒྱ་ཡང་ཆུང་བར་གྱུར་ནས། བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རིག་པའི་གནས་གཞན་དག་དང་འཕྲད་པ་ན་རྩ་བ་ནས་ཤེས་རྟོགས་ཐུབ་ཀྱི་མེད། དཔེར་ན་གསང་སྔགས་ཀྱི་སྐོར་མང་པོ་ཞིག་འགྲེལ་ཆེན་ཁག་གིས་ཐོག་དྲངས་གསོ་རིག་ཡིག་ཆ་མང་པོ་ཞིག་ཏུ་སླེབས་ཀྱི་ཡོད་ནའང་། ཁྱེད་རང་རྒྱུན་ནས་ཧ་གོ་ཡི་མེད་གཤིས། མཐའ་གཅིག་ཏུ་འདོར་རྐྱང་བྱེད་ཀྱི་ཡོད་པ་ཞིག་ཡིན། གོང་དུ་བཤད་པ་ནང་བཞིན། ཨིན་ཇི་མ་ཤེས་པ་དེས་ཕྱི་ཕྱོགས་ཀྱི་རིག་གནས་སམ་གསར་དར་གྱི་རིག་གནས་མང་པོ་ཞིག་ལ་ཤིན་ཏུ་བློ་རྨོངས་པར་བརྟེན། ཁྱེད་རང་གི་རྩོམ་ཡིག་ཡིན་ནོ་ལོ་དེའང་ཧ་ཅང་རྒྱ་ཆུང་ཆུང་ཟུར་ཙམ་པ་ལས། དཔྱད་པའི་བཅུད་འདུས་པ་ཡོངས་སུ་རྫོགས་པ་ཞིག་འབྲི་ཐུབ་ཀྱི་མེད།
       དེ་ནས་སློབ་གྲྭ་ཁག་གིས་ལྟ་བ་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་སྐྲུན་ཐུབ་ཀྱི་མེད་པའི་ཞན་ཆ་ཆེ་ཙམ་ཡོད་པར་སྙམ། དཔེར་ན་ནུབ་ཕྱོགས་ཡིན་ན་ཕར་ཚུར་རིག་གནས་འགྲོ་འོང་གི་ཚོགས་འདུ་མང་པོ་ཚོགས་དགོས་ཀྱི་ཡོད་པ་ཞིག་ཡིན། དེ་རིང་ཁྱེད་ཚོ་འདི་གར་ངེད་ལ་བཅར་འདྲིའི་ཕྱིར་དུ་སླེབས་པ་རེད་མ་གཏོགས། སྤྱིར་ན་རང་ཅག་འདི་ལྟར་ཐུག་རྒྱུའི་གོ་སྐབས་ཤིན་ཏུ་ཉུང་། སྤྱིའི་ཆ་ནས་སློབ་གྲྭ་ཕན་ཚུན་དབར་དེ་ཙམ་གྱི་འབྲེལ་བ་ཆེན་པོ་མེད་པ་ཞིག་ཡིན་ཏེ། ང་ཚོའི་འདི་གའི་ཞིབ་འཇུག་གནས་ཚུལ་ཇི་འདྲ་ཡོད་པ་རྣམས་ཁྱེད་རང་ཚོས་ཞེ་དྲག་མགོ་འཚོས་ཀྱི་ཡོད་མ་རེད་ལ། དེ་བཞིན་མཚོ་སྔོན་ལ་ག་རེ་བྱེད་ཀྱི་ཡོད་མེད་ཀྱང་འདི་ནས་ཧ་གོ་ཡི་མེད། དཔེར་ན། དེང་སང་ཁྲེན་ཏུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་དུ་ག་རེ་བྱེད་ཀྱི་ཡོད་པ་ནི། ང་ཚོ་དགེ་རྒན་ཡར་མར་འགྲོ་མྱོང་མཁན་དང་འགྲོ་འདོད་སྤྲོ་བ་ཅན་ཁག་ཅིག་གིས་མ་གཏོགས་ཧ་གོ་གི་ཡོད་མ་རེད། ཀུན་ཀྱང་རང་རང་སོ་སོའི་ཡུལ་དུ་གསང་སྟབས་ཀྱི་ཟོལ་གྱིས་ལས་ཀ་སྣ་རེར་འཇུས་ནས་ཕན་ཚུན་བརྗེ་རེས་འགྲོ་འོང་གི་དུས་ཚོད་དེ་མེད་པ་ཡིན་ན་གྱོང་ཆེན་པོ་ཞིག་རག་རྒྱུ་ཡིན་པར་སྙམ། ཕྱི་རྒྱལ་ལ་ཡོད་པའི་བོད་ཀྱི་གསོ་རིག་ཞིབ་འཇུག་བྱེད་མཁན་རྣམས་དང་འབྲེལ་བ་བྱེད་རྒྱུ་ཕར་ཞོག། ཐ་ན་བོད་ནང་ཁུལ་ཙམ་ལའང་སློབ་མ་ཕན་ཚུན་བརྗེ་རེས་ཀྱི་གོ་སྐབས་སྐྲུན་ཐུབ་ཀྱི་ཡོད་མ་རེད། གོ་སྐབས་དེ་འདྲ་ཞིག་སྐྲུན་པ་ལའང་། གཅིག་ནས་དགེ་རྒན་ལ་དངུལ་གཏོང་བ་སོགས་འགྲོ་སོང་ཅི་རིགས་དང་། གཉིས་ནས་འབྲེལ་ཡོད་ཚོགས་འདུ་མང་པོ་གོ་སྒྲིག་བྱེད་དགོས་པ་བཅས་ཡིན། མ་གཞི་དེང་སང་ཚོགས་འདུ་ནི་མང་པོ་ཚོགས་ཀྱི་འདུག་ཀྱང་། དེ་རྣམས་ཀྱང་ཨེམ་ཇི་རྒན་འཁོགས་ཁག་ཅིག་གོང་དེར་སྡོད་ཉམས་ཀྱིས། པ་རི་པུ་རི་འདྲ་ཞིག་བཤད། སྐབས་རེར་སྡུག་བསྔལ་འདྲ་ཡང་བཤད། དཀའ་ལས་མང་པོ་ཞིག་བཤད། མཚམས་རེར་ལོ་ཆུང་རྣམས་ལ་གཤེ་གཤེ་ཅུང་ཙམ་རེའང་གཏོང་བ་མ་གཏོགས། རང་ཅག་གི་སློབ་མ་རྣམས་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་དེ་འདྲ་ཐོབ་ཀྱི་མི་འདུག། ཁྲེན་ཏུ་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཡིན་ན་ཁོ་ཚོས་མི་རིགས་གསོ་རིག་དང་འབྲེལ་བ་ཡོད་པ། ཀྲུང་ལུགས་གསོ་རིག་དང་འབྲེལ་བ་ཡོད་པའི་སློབ་མ་རྣམས་ལ་ཕལ་ཆེར་སྐར་མ་བཅོ་ལྔ་ཉི་ཤུ་ཙམ་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་དེ་འདྲ་སྤྲོད་ཀྱི་ཡོད་པ་ངེད་ལ་མཐོང་རྒྱུ་བྱུང་། ང་ཚོ་བོད་ཀྱི་གསོ་རིག་སློབ་གྲྭ་རྣམས་ཀྱིས་དེ་འདྲ་བྱེད་ཤེས་ཀྱི་མེད་པ་ནི་ཞན་ཆ་ཆེན་པོ་ཞིག་ཡིན་པར་སྙམ། ད་དུང་གནས་ཚུལ་གཅིག་ག་རེ་རེད་ཟེར་ན། གོང་དུ་བཤད་པ་ནང་བཞིན་དེང་སང་བོད་ཀྱི་གསོ་བ་རིག་པ་དེ་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པ་ཞིག་ཡིན་ཞིང་། ལྷག་པར་དུ་ཉེ་ཆར་རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་གི་སྡེ་ཚན་ལ་གསོ་བ་རིག་པ་ཞེས་པའི་སྙན་ཞུ་ཞིག་ཕུལ་བར་བརྟེན། རང་རེ་ཀྲུང་གོ་རྒྱལ་ཁབ་ནས་ཀྱང་ལུམས་ཀྱི་སྐོར་ནས་སྙན་ཞུ་ཕུལ་བ་བཅས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་བར་ལ་འགྲན་རྩོད་ཆེན་པོ་ཞིག་ཡོང་རྒྱུ་གཏན་འཁེལ་ཡིན། གཞན་ཡང་ཤེས་བྱའི་བདག་དབང་གི་ཐད་ལ་མ་འོངས་པའི་དུས་སུ་དཀའ་ཚེགས་ཆེན་པོ་ཞིག་འཕྲད་ཀྱི་ཡིན་པར་སྙམ། དཔེ་ཞིག་བཞག་ན། རང་རེ་རྣམས་ལུང་ཁུག་ཅིག་ལ་འཛུལ་ནས་སྡོད་པ་ནང་བཞིན་གང་ཡང་མཐོང་གི་མེད་པ་ཞིག་སྟེ། གཞན་རྣམས་ནི་རི་རྩེ་མཐོན་པོར་སླེབས་པ་ལྟར་ཕྱོགས་དང་ཕྱོགས་ཀྱི་རྒྱང་རིང་མོའི་གནས་ཚུལ་དག་ཀྱང་གསལ་ལེར་མཐོང་བ་ལྟ་བུའི་ཁྱད་པར་ཆེན་པོ་ཡོད། བྱས་ཙང་མཐོང་རྒྱ་ཐོས་རྒྱ་མེད་པའི་རྒྱུ་མཚན་དང་གཅིག། འཛམ་གླིང་ལྟ་བའི་མིག་དང་ལྡན་པའི་སློབ་མ་གསོ་སྐྱོང་མ་བྱས་པ་དང་གཉིས་བཅས་ང་རང་ཚོ་མ་འོངས་པར་སློབ་གསོའི་ཐད་ལ་གྱོང་གུན་ཆེན་པོ་ཞིག་རག་མི་ཡོང་ངམ་སྙམ་པའི་སེམས་འཚབ་སྐྱེས་པ་དག་ནི་ངེད་ཀྱིས་གནད་ཡོད་ཀྱི་མི་སྣ་མང་པོ་ཞིག་ལ་ཞུས་ཀྱང་ཞུས་པ་ཡིན། ཡང་རང་རེ་ཅག་ལ་ལུམས་ཁྱབ་སྤེལ་ཐུབ་པ་ལ་སོགས་པས་མཚོན་ལག་ལེན་གྱི་ཐད་ལ་ལེགས་པའི་ཆའང་མང་པོ་ཞིག་ཡོད་ཀྱང་། ངེད་ཀྱིས་ད་ལྟའི་གནས་བབས་ལ་བལྟོས་པའི་ཞན་ཆ་མ་གཏོགས་ལེགས་པའི་ཆ་རྣམས་ཞུ་རྩིས་མིན། དེ་ནི་གཅིག་བྱས་ན་ང་རང་ནུབ་ཕྱོགས་ནས་སློབ་གྲྭ་ཐོན་པ་སོང་ཙང་། སྡུག་པོ་མ་གཏོགས་ཡག་པོ་བཤད་ཤེས་ཀྱི་མེད། དཔེར་ན། ཨ་མེ་རི་ཀའི་གསར་འགྱུར་ནང་ལ་སྡུག་པོ་མ་གཏོགས་བཤད་ཀྱི་མེད་པ་ལྟར། ཧར་ཝར་ཊི་སློབ་གྲྭ་ཐོན་པ་རྣམས་ཀྱང་སྐྱོན་མ་གཏོགས་སྐད་ཆ་བཤད་ཀྱི་མ་རེད།དེ་འདྲའི་གོམས་གཤིས་ཤིག་བཟུང་ནས་ད་རེས་ཀྱང་སྡུག་པོ་མ་གཏོགས་བཤད་རྒྱུ་གང་ཡང་མེད།
དྲི་བ་གསུམ་པ། ལགས་སོ།། དེ་ནས་རྒན་ལགས་ལ་མཇུག་མཐར་འདྲི་རྒྱུ་ལ། བོད་ཀྱི་གསོ་བ་རིག་པའི་མ་འོངས་པའི་འཕེལ་རྒྱས་ཀྱི་ཐད་དུ་རྒན་ལགས་ཀྱིས་དགོངས་པ་ག་འདྲ་བཞེས་ཀྱི་ཡོད་པ་དང་དེའི་ལམ་ཕྱོགས་ག་འདྲ་ཡིན་པའི་ཐད་ལ་ཞལ་གསུང་ཞིག་གནང་ན།
ལན། ལགས་སོ།། དེ་ཕལ་ཆེར་གོང་དུ་སྐྱོན་མང་པོ་ཞིག་བཤད་པ་དང་གཅིག་པ་འདྲ་པོ་ཆགས་ཀྱི་རེད། བོད་ཀྱི་གསོ་བ་རིག་པ་འདི་བཞིན་འཕེལ་རྒྱས་གཏོང་བའི་རྩ་དོན་ཡང་ཀྲུང་གོའི་ཁྱད་ཆོས་དང་བསྟུན་དགོས་པ་ཞིག་ཡིན་པར་འདོད་དེ། ནུབ་ཕྱོགས་ཡིན་ན་དབང་ཆ་མང་པོ་ཞིག་འོག་ཏུ་ཡོད་ཅིང་། འོག་ནས་སྐད་བརྒྱབས་པའི་ཚེར་སྒང་ནས་འགུལ་བསྐྱོད་གཏོང་གི་ཡོད་པ་ཞིག་ཡིན་ཡང་། རང་རེ་ལ་དབང་ཆ་ཡོངས་རྫོགས་གོང་ལ་ཡོད་པ་ཞིག་ཡིན་སྟབས། གོང་གི་དབང་ཆ་ཡོད་པའི་མི་སྣ་དག་གིས་ངེད་ཀྱིས་བཏོན་པའི་སྐྱོན་དེ་རྣམས་སེལ་ཐབས་བྱེད་དགོས་པར་སྙམ་སྟེ།
       དང་པོ། ཆེད་མཁས་ཀྱི་མི་སྣ་གསོ་སྐྱོང་བྱེད་པ། མ་འོངས་པར་འཛམ་བུ་གླིང་གི་མཁས་པ་གཞན་དག་དང་དཔུང་པ་མཉམ་བཤིབ་ཐུབ་པའི་ཆེད་མཁས་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཡིན་ལ། ད་ལྟ་དཔུང་པ་མཉམ་བཤིབ་ཐུབ་མཁན་མེད་པ་ནི། ཕར་ཕྱི་རྒྱལ་གྱི་ཚོགས་འདུ་ལ་སླེབས་པ་རྣམས་ཀྱང་འཁྲིས་སུ་སྐད་སྒྱུར་ཅིག་ཁྲིད་དགོས་ཀྱི་ཡོད་པ་མ་གཏོགས་ཨིན་ཇིའི་ཐོག་ཏུ་རང་མགོ་ཐོན་མཁན་ཅུང་ཟད་དཀོན་པོ་ཆགས་ཡོད།ལོ་ལྔ་བཅུར་སླེབས་ཚར་བའི་མི་རྒད་པོ་ངེད་ལྟ་བུ་དག་ལ་དེ་ཙམ་རེ་བ་རྒྱག་པའི་དོན་ཡང་མེད་ལ། འདི་ནས་མར་ལ་ལོ་བཅུ་ཙམ་ནས་རྒས་འཁོགས་ན་རྒས་རྫི་རྡིབ་ཏུ་སོང་སྟེ་གང་ཡང་བྱེད་རྒྱུ་ཡོད་མ་རེད། དེས་ན་རང་རེ་ལོ་ཆུང་རྣམས་ཀྱི་ཁྲོད་དུ་དེ་འདྲའི་མི་སྣ་མ་ཐོན་པ་ཡིན་ན་གྱོང་ཆེན་པོ་ཞིག་རག་རྒྱུ་ཡིན་པར་སྙམ། སྔོན་མར་མང་པོ་ཞིག་གི་བསམ་པ་ལ། ཨ་མེ་རི་ཀར་ཕྱིན་ན་རྒྱུ་ནོར་གསོག་ཐུབ་པ་ཞིག་དྲན་གྱི་ཡོད་ཀྱང་། རྒྱུ་ནི་གསོག་ཐུབ་ཀྱི་མ་རེད། གཅིག་བྱས་ན་ནུབ་ཕྱོགས་སུ་སོང་བ་དེས་ཁྱེད་རང་རྒྱལ་ནང་དུ་དཔལ་འབྱོར་བསྒྲུབས་པའི་དུས་ཚོད་ཁག་ཅིག་འགོར་འགྱངས་བྱས་སྟབས་གྱོང་ངོ་མ་ནི་འདི་ལས་རག་རྒྱུ་ཡིན་ལ། ལག་རྩལ་གྱི་གོ་མིང་དེའང་རྗེས་སུ་ལུས་ཤིང་། ཚུར་སླེབས་ནས་ཀྱང་མི་རྣམས་ཀྱི་ཁྲོད་དུ་ཁྱེད་རང་ལ་མིང་སྟོང་པ་ཞིག་ཡོད་ན་མ་གཏོགས་གཞན་པ་གང་ཡང་མེད། འོན་ཀྱང་མིང་དེ་དང་མཉམ་དུ་གཞན་ལས་ལྷག་པའི་ཤེས་བྱ་ཞིག་ཀྱང་ཏན་ཏན་ཡོང་གི་རེད་སྙམ། བདེ་བར་སྡོད་ལ་མཁས་མི་སྲིད་ཅེས་པ་ལྟར། བདེ་བ་བློས་བཏང་ནས་ནུབ་ཕྱོགས་སུ་སློབ་སྦྱོང་བྱས་པ་དེས། ཚུར་སླེབས་དུས་གྱོང་ཕྲན་བུ་རག་སྲིད་ཀྱང་། མ་འོངས་པའི་དུས་ལ་དགེ་མཚན་ཆེན་པོ་ཡོད་པ་ཞིག་ཏན་ཏན་ཡིན་པར་སེམས། རྒྱུ་མཚན་ག་རེ་ཡིན་ཟེར་ན། ང་རང་ཚོ་ཀྲུང་གོའི་སློབ་གསོ་ལམ་ལུགས་དེ་ནུབ་ཕྱོགས་དང་གཅིག་མཚུངས་འགྲོ་རྒྱུའི་གོམ་སྟབས་མགྱོགས་ནས་མགྱོགས་སུ་འགྲོ་ཡི་ཡོད་པ་ཞིག་ཡིན་ལ། དེང་སང་རྩེར་སོན་གཉིས་ཀྱི་སློབ་གྲྭ་ཞེས་འཛམ་གླིང་ལ་ཕུལ་དུ་བྱུང་བའི་སློབ་གྲྭ་ཆེན་མོ་མང་པོ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཟེར་བ་དེའང་ནུབ་ཕྱོགས་ལ་རིག་གཞུང་སྤེལ་རེས་ཀྱི་འགྲོ་འོང་མང་དུ་བྱེད་རྒྱུ་ནི་མེད་ཐབས་མེད་པ་ཡིན་ཞིང་། ལྷག་པར་དུ་ཁྱེད་རང་ཚོའི་མཚོ་སྔོན་སློབ་གྲྭ་ཆེན་མོ་དེ་ཉིད་རྒྱལ་ཁབ་ཀྱི་རྩེར་སོན་གཉིས་ཀྱི་འཆར་གཞིར་ཡང་ཚུད་ཡོད་པ་བཅས། ངེས་པར་དུ་ནུབ་ཕྱོགས་ལ་སློབ་གྲྭར་འགྲོ་བའམ་རིག་གཞུང་སྤེལ་རེས་བྱེད་ཐུབ་པ། མ་མཐར་ཡང་འབུམ་རམས་སློབ་སྦྱོང་མ་ནུས་ཀྱང་རབ་འབྱམས་སློབ་མྱོང་ཡོད་པ་ཞིག་ངེས་པར་དུ་དགོས་པ་ཡིན། དེ་འདྲ་ཞིག་བྱུང་བ་ཡིན་ན་གང་ཅིའི་ཐད་ནས་འདྲ་གི་མ་རེད་བསམས། ལྷག་པར་དུ་ཁྱེད་རང་ཆེད་མཁས་པ་ཞིག་ཆགས་དགོས་པ་ཡིན་ཏེ། དཔེར་ན། གྲུབ་པ་ལུས་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་མི་ཚེ་གཅིག་ལ་དེ་རང་ཞིབ་འཇུག་བྱེད་དགོས་པ་མ་གཏོགས། ཡང་སྐབས་ཤིག་ནས་གློ་བུར་དུ་ང་གྲུབ་པ་ལུས་ལ་ཅུང་ཟད་ཉོབ་སོང་ང་སྨན་ངོ་ངོས་འཛིན་བྱེད་ཀྱི་ཡིན་ཟེར་ན་ཡོང་གི་མི་འདུག་སྙམ། ང་ཚོའི་ཞིབ་འཇུག་སློབ་མའི་ནང་ལ་དེ་འདྲ་ཡོད་རེད། ཁོ་ཚོ་རབ་འབྱམས་སློབ་མའི་སྐབས་ལ་རྨང་གཞི་རིག་པའི་གཞུང་ལུགས་ཞིབ་འཇུག་གིས་འབུམ་རམས་སླེབས་དུས་ཁོ་རང་སྨན་རྫས་ཞིབ་འཇུག་བྱེད་ཀྱི་ཡིན་ཟེར་བ་དེ་ངས་བསམས་ན་ཁྱེད་རང་མི་ཚེ་གཅིག་ལ་ཆ་ཚང་ཁུངས་འཁྱོལ་བ་ཞིག་ཡོང་དཀའ་ཕྱིར། ཁ་ཕྱོགས་གཅིག་ལ་ཕྱིན་ན་སྤུས་ཚད་དང་བཅས་ཡག་པོ་ཡོད་པར་སྙམ། བྱས་ཙང་ཆེད་མཁས་མི་སྣ་གསོ་སྐྱོང་བྱེད་ཡ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཡང་ང་རང་ཚོ་ཀྲུང་གོ་རྒྱལ་ཁབ་ཁྱོན་ཡོངས་ཀྱི་སློབ་གསོའི་ལམ་ལུགས་ལ་བལྟས་ན། འབུམ་རམས་རབ་འབྱམས་ཡོངས་སུ་རྫོགས་པ་སྤྱིར་བཏང་བྱས་ན་མགྱོགས་པོར་ཐོན་རྒྱུ་དང་། གནས་ཚུལ་མ་ལྷགས་པར་ཐོན་སོང་ན་འགྲིག་འདུག་ཅེས་སླ་ཆོས་བྱས་ནས་གཏོང་མུས་ཡོད་པ་རྣམས། བོད་ཀྱི་གསོ་བ་རིག་པའི་སློབ་གསོ་ལའང་དེ་བཞིན་སྦྱོར་རྐྱང་བྱས་ན། བསྟན་པ་ལ་བསམ་བློ་མ་འཁོར་བ་ཡིན། ག་རེ་རེད་ཟེར་ན། མ་འོངས་པའི་དུས་སུ་ད་ལྟའི་སློབ་མ་འདི་རྣམས་ཀྱང་མི་ཆེན་པོ་དང་མཁས་པའི་མིང་དུ་བཏགས་ཏེ་མཛུབ་ཁྲིད་དགེ་རྒན་དུའང་སོང་ཚེ། ཁོ་རང་ཡག་པོ་མ་ཤེས་པར་གཞན་ལ་མཛུབ་ཁྲིད་ཅི་ཙམ་བྱེད། སྔར་གྱི་ངན་འབྲས་རང་འཇགས་བསྐྱར་ཟློས་བྱས་ནས་སྡོད་རྒྱུ་ལས་འོས་མེད་པ་ཞིག་ཡིན་པར་སྙམ། བྱས་ཙང་དེང་སང་ངེད་རང་ནད་པ་ཆགས་ནས་ཞིབ་འཇུག་སློབ་མའི་སློབ་གསོ་ལ་ཇུས་གཏོགས་བྱེད་ཀྱི་མེད་པ་མ་གཏོགས། སྔོན་མར་ངེད་ཀྱིས་སྤུས་དག་པོ་ཞིག་ལ་བསམས་ནས་ཆ་རྐྱེན་ནན་མོ་བཏོན་ཏེ་སློབ་གྲྭ་ཐོན་རྒྱུའི་ཚད་གཞི་དང་མི་ལྡན་པ་རྣམས་བཀག་འགོག་བྱེད་ཀྱི་ཡོད། མདོར་བསྡུས་ན་མིང་དོན་མཚུངས་པའི་རབ་འབྱམས་པ་དང་འབུམ་རམས་པ། མིང་དོན་མཚུངས་པའི་ཆེད་མཁས་པ་བཅས་དེ་དག་རྣམས་ཀྱང་འཛམ་བུ་གླིང་དུ་དཔུང་པ་མཉམ་གཤིབ་ཐུབ་པ་ཞིག་ཏུ་གསོ་སྐྱོང་བྱེད་རྒྱུ་ནི་དོན་ཆེན་པོ་ཡིན་པར་འདོད།
       གཉིས་པ། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱེད་དགོས་པར་སྙམ་སྟེ། དངོས་གཞི་སློབ་མའི་སྐབས་ལ་སྲོལ་རྒྱུན་གཙོ་བོར་བྱས་ཏེ་དེང་རབས་ཀྱིས་ཟུར་བརྒྱན། ཞིབ་འཇུག་སློབ་མར་སླེབས་པ་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཐོང་རྒྱ་ཆེ་རུ་བཏང་ཐོག་དེང་རབས་ཀྱི་ཤེས་བྱ་ཁག་ཅིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པར་སྙམ་ལ། དེ་ལྟར་མ་བྱས་པར་ཡར་མར་ནས་ལུང་འདྲེན་ཁོ་ན་བྱས་པ་ཙམ་ལ་བརྟེན་ནས་ད་ནི་ངའི་རྩོམ་ཡོངས་སུ་གྲུབ་སོང་ཟེར་ན་ཡོང་གི་ཡོད་མ་རེད་བསམས། ཡང་ཤུགས་སྣོན་རྒྱག་དགོས་པ་ཞིག་ལ། ཞིབ་འཇུག་གི་ཐབས་ལམ་དེ་ཉིད་བོད་ཁམས་ཡོངས་སུ་ཐ་སྙད་གཅིག་གྱུར་བྱས་པའི་སློབ་དེབ་དེ་འདྲ་ཐུན་མོང་ཐོག་བཟོ་དགོས་པར་འདོད་ཅིང་། དེ་ལྟར་མ་ཡིན་པར་འདི་ནས་མིང་ཞིག་བཏགས། མར་ནས་མིང་ཞིག་བཏགས་ན་སློབ་མ་ཚོ་མགོ་འཐོམས་པའང་ཡོང་སྲིད། ཞིབ་འཇུག་ཐབས་ལམ་ཡོངས་རྫོགས་ང་ཚོ་ཀྲུང་གོའི་མཁས་པ་ཚོས་སློབ་སྦྱོང་བྱེད་པ་དེའང་ནུབ་ཕྱོགས་ནས་དར་བ་དེ་རང་ཡིན་པར་འདུག་ཅིང་། དེང་སང་བདེན་དཔང་གསོ་རིག(循证医学)ཅེས་སྐད་གྲགས་ཆེན་པོར་བརྩི་བ་དེའང་ནུབ་ཕྱོགས་ཀྱི་གཞུང་ལུགས་ཤིག་རྒྱས་འགེབས་བྱས་པ་མ་གཏོགས་གསར་བ་གང་ཡང་མིན། བྱས་ཙང་ཨིན་ཇིའི་ཐོག་ཏུ་ཡོད་པ་རྣམས་རྒྱ་ཡིག་བརྒྱུད་མི་དགོས་པར་ཐད་ཀར་བོད་ཡིག་ལ་སྒྱུར་དགོས་པ་ཡིན་ཏེ། དེ་ནས་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེན་མོ་སྤྱི་དང་། ལྷག་པར་དུ་ཞིབ་འཇུག་སློབ་མ་གསོ་སྐྱོང་ཐོབ་ཐང་དང་ལྡན་པའི་སློབ་གྲྭ་ཁག་གིས་དཔྱད་རྩོམ་འབྲི་སྟངས་ཀྱི་ཚད་གཞིའི་སློབ་དེབ་བཅས་ངེས་པར་དུ་མཉམ་སྐྲུན་བྱེད་དགོས་པར་སྙམ། དེ་ལྟར་མ་བྱས་ན་རང་ཅག་གི་དུས་དེབ་སོ་སོའི་ལུང་འདྲེན་བྱེད་སྟངས་ཙམ་ཡང་ཐ་དད་དུ་སོང་བ་ནི། ཁ་ཤས་རྩོམ་པ་པོ་སྔོན་ལ་འབྲི་དགོས་པ་དང་ཁ་ཤས་བརྩམས་ཆོས་སྔོན་ལ་འབྲི་དགོས་པ་སོགས་ང་རང་ཚོ་སློབ་གྲྭའི་ནང་ལའང་དེ་འདྲ་རེད། གཅིག་བྱས་ན་དེ་ནི་ངེད་ཀྱི་སྐྱོན་ཞིག་སྟེ། ངེད་ཀྱིས་སྔོན་མ་ཚད་གཞི་གཅིག་བཟོ་དགོས་བསམས་ཀྱང་ཕྱིས་སུ་རྐྱེན་ཙག་ཙིག་ལས་བཟོ་མ་ཐུབ་པར་ལུས། ཡང་བསམ་ཚུལ་གཅིག་ལ་རྗེས་སོར་ཞིབ་འཇུག་སློབ་མ་ཡར་འཛུལ་ཡོང་དུས་ཡིག་ཚད་དེ་ངེས་པར་ཨིན་ཇི་གཏོང་དགོས་ཀྱི་འདུག་སྟེ། སྒྲ་དེ་བཏང་མ་བཏང་གོ་ཞེ་དྲག་ཆོད་ཀྱི་མི་འདུག། ན་ནིང་ནས་བཟུང་ང་ཚོ་འདི་གར་ཨིན་ཇི་ལ་ཚད་གཞི་ཅུང་ཟད་བཟོས་ཏེ། ཨིན་ཇི་རྩ་བ་ཉིད་ནས་མི་ཤེས་པ་ཞིག་ལ་བོད་ཀྱི་གསོ་རིག་རྩེ་གྲ་ཞིག་ཡོད་ནའང་། ད་ནི་ཨིན་ཇིABCམ་གཞི་ནས་སློབ་མྱོང་མེད་ན་ད་གཡུགས་ཞོག་བྱས་པ་ཡིན། དེ་ལྟ་ན་ཁྱེད་རང་ཨེམ་ཆི་ཞིག་བྱེད་འོས་པ་ལས། ཞིབ་འཇུག་སློབ་མའི་གྲལ་དུ་འཚང་ག་མ་རྒྱག་རོགས་བྱས་པ་ཡིན། ཨེམ་ཆི་བྱས་ན་དེང་སང་སྐབས་སྐབས་དངུལ་ལོར་ཡང་མང་ཙམ་ཐོབ་རྒྱུ་ཡོད་པས་ན། ཁྱེད་རང་ཨེམ་ཆི་བྱེད་དུ་ཕེབས་རོགས་ཞེས་བོད་སྨན་ཡག་པོ་ཡོད་པ་ཁག་ཅིག་ཡར་ཞིབ་འཇུག་སློབ་མའི་ནང་དུ་ཐར་ཐབས་བྱུང་ཡོད་མ་རེད། རྒྱུ་མཚན་གང་ཞེ་ན། རབ་འབྱམས་དུས་ནས་བཟུང་ཨིན་ཇི་གཅིག་ཀྱང་མི་ཤེས་པ་ཞིག་རྗེས་མ་འབུམ་རམས་སྐབས་ལ་གློ་བུར་ཨིན་ཇི་མཁས་པ་ཞིག་ཆགས་མདོག་ཁ་པོ་མ་རེད་སྙམ། མ་འོངས་པར་ཞིབ་འཇུག་སློབ་མ་རྣམས་ལ་ཨིན་ཇིའི་ཆུ་ཚད་རིམ་པ་བཞི་པ་དང་དྲུག་པའི་ཚད་ལོན་པའི་སློབ་མ་དེ་འདྲ་དགོས་གལ་ཆེ་བ་ཡིན་ལ། དེ་ཙམ་ན་ནུབ་ཕྱོགས་པའི་ཡིག་ཆའང་ལྟ་ཀློག་ཐུབ་མཁན་ཞིག་ཡོང་བ་ཡིན། དེ་དང་མཉམ་དུ་རིག་པའི་གནས་གཞན་དག་ལའང་སྦྱངས་ཤ་རོབ་ཙམ་ཐོན་པ་མཐོང་རྒྱ་ཡོད་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག། ང་ཚོ་འདི་གར་ཡིན་ན། ཤེས་བྱ་ཀུན་ཁྱབ་མཛོད་འདྲ་བསླབས་ནས་ཅུང་ཟད་མཐོང་རྒྱ་ཆེར་སྐྱེད་ཨེ་ཐུབ་ལྟ་མུས་ཡིན་ནའང་། ཞིབ་འཇུག་སློབ་མ་ནི་བོད་ཀྱི་རིག་གནས་སྤྱི་ལ་རྒྱུས་ཡོད་པའི་མི་སྣ་ཞིག་གསོ་སྐྱོང་བྱེད་དགོས་པ་ཡིན་གྱི། གསོ་རིག་ཕྲན་བུ་ཤེས་པ་ཙམ་དེས་འགྲིག་གི་མི་འདུག་སྙམ། དཔེར་ན། མདོ་ལུགས་ཟེར་བ་དེར་གཞུང་གང་དང་གང་ཡོད། སྔགས་ལུགས་ཟེར་བ་དེར་གཞུང་གང་དང་གང་ཡོད། དེ་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་ཆ་ག་རེ་ཡོད། ཚད་མ་རིག་པ་ཟེར་བ་དེས་ག་རེ་ཟེར་གྱི་ཡོད་རེད་ལྟ་བུ། ཧར་ཝར་ཊི་སློབ་གྲྭ་ཆེན་མོའི་ནང་དུ་བོད་རིག་པ་སློབ་སྦྱོང་བྱེད་མཁན་དེ་འདྲ་ལ་ཚད་མ་རིག་པ་དང་གསོ་བ་རིག་པའང་ཕྲན་བུ་སློབ་ཀྱི་ཡོད་པ་ཡིན། ནང་ཆོས་ཀྱི་སྐོར་དེ་ཨིན་ཇིའི་ཐོག་ཏུ་ཡོད་པ་རྣམས་དང་། ཐ་ན་ལེགས་སྦྱར་ཐོག་ནས་ཀློག་མཁན་ཡང་མང་པོ་ཡོད་པ་རེད། དེ་ལྟར་ངེས་པར་དུ་མཐོང་ཐོས་ཀྱི་མཐའ་རྒྱ་ཆེ་རུ་གཏོང་དགོས་པ་ཞིག་ཡིན། གཞན་ཡང་ངེས་པར་དུ་སློབ་གྲྭ་ཁག་མཉམ་འབྲེལ་བྱས་པའི་ཐོག་ནས་བསམ་བློ་བརྗེ་རེས་ཀྱི་གླེང་སྟེགས་དེ་འདྲ་སྐྲུན་དགོས་པར་སྙམ་ཞིང་། དེའི་སྔོན་འགྲོ་ནི་བོད་ཁམས་ཡོངས་སུ་གོ་བརྡ་འཕྲོད་པའི་སྤྱི་སྐད་སློབ་སྦྱོང་བྱེད་རྒྱུ་དེ་ད་རེས་ཀྱི་འཕྲིན་ལམ་འདི་བརྒྱུད་ནས་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཡི་གེ་བྲིས་པ་རྣམས་ཀྱང་བོད་ཀྱི་ཡིག་སྐད་དང་བརྡ་སྤྲོད་ལ་མཐུན་པ་ཞིག་ཡོང་བ་ལའང་རེ་བ་བྱེད་ཀྱི་ཡིན། དེང་སང་ཡུལ་སྐད་མང་པོ་ཞིག་བསྲེས་ནས་འཕྲིན་ཕྲན་སོགས་སུ་སྐབས་རེར་ཨ་མདོའི་ཕྲུ་གུ་རྣམས་ཀྱིས་བྲིས་པ་དེ་དག་ངེད་ཀྱིས་ཧ་ཅི་ཡང་གོ་ཡི་མི་འདུག། ཕན་ཚུན་གོ་བརྡ་སྤྲོད་པའི་སྤྱི་སྐད་ཅིག་དང་ཡིག་སྐད་ཚུལ་བཞིན་འབྲི་བ་ཞིག་བྱུང་ན། གོང་དུ་བཤད་པའི་བསམ་བློ་བརྗེ་རེས་བྱེད་པའི་གླེང་སྟེགས་དེའང་བདེ་བླག་ངང་འགྲུབ་ཀྱི་རེད་བསམས་ལ། གཞན་ཨ་མདོ་བ་དང་ཁམས་པ་དང་གཙང་པ་མང་པོ་ཞིག་སླེབས་ནས་རང་རང་སོ་སོའི་ཡུལ་སྐད་འབའ་ཞིག་བརྒྱབས་པ་ཡིན་ན། སྡེབ་ཚོང་ཁྲོམ་ར་ལ་འཛུལ་བ་བཞིན་མགོ་ལོག་ཆེན་པོ་ཞིག་ཡོང་རྒྱུ་ཡིན། བྱས་ཙང་ཡིན་གཅིག་མིན་གཅིག་ཐུན་མོང་གི་སྐད་ཅིག་དགོས་ཀྱི་འདུག་སྟེ། དེའི་ཐད་རྩོད་པ་རྒྱག་དགོས་དོན་ཡང་མེད་པར་སྙམ་ལ། ལྷ་སའི་སྐད་གཞིར་བཞག་པའི་བོད་ཀྱི་སྤྱི་སྐད་དེ། ལྷ་སའི་སྐད་ཀྱི་ཡིག་སྐད་དང་མཐུན་པ་རྣམས་དང་། ཨ་མདོའི་སྐད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་རྙིང་བརྡ་རྙིང་དག་དང་།  ཁམས་སྐད་ལའང་ཁྱད་ཆོས་མང་པོ་ཡོད་པ་དེ་རྣམས་ཚུར་གཅིག་ཏུ་བསྡུས་ཐོག་བོད་སྤྱིས་གོ་ཐུབ་པ། ཁྱད་པར་དུ་བོད་མི་ཤེས་ཡོན་ཅན་གྱིས་གོ་ཐུབ་པ། ཤེས་ཡོན་ཅན་ཕན་ཚུན་གོ་བརྡ་འཕྲོད་པའི་སྐད་ཆའི་ཐོག་ནས་བགྲོ་གླེང་བྱུང་བ་ཡིན་ན། བོད་ཀྱི་གསོ་བ་རིག་པས་མཚོན་རིག་གནས་སྤྱིའི་བསྟན་པ་ལ་རྔོ་ཐོགས་པ་ཡིན་གྱི། མི་རེ་རེས་རང་རང་གི་ལུང་པའི་སྐད་རེ་བརྒྱབས་ནས་བསྡད་ན། ང་ཚོས་གོ་བརྡ་རྩ་བ་ཉིད་ནས་འཕྲོད་ཀྱི་མ་རེད། མདོར་ན་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་ཟུར་གྱི་ཆ་རྐྱེན་ཙམ་ལ། བོད་ཁམས་ཡོངས་ཀྱི་ཤེས་ཡོན་པ་རྣམས་ཀྱིས་སྐད་དང་ཡི་གེ་གཉིས་ཀྱི་ཐོག་ལའང་བསམ་གཞིག་མང་པོ་གནང་དགོས་པ་སོགས་ཞར་བྱུང་འབོད་སྐུལ་ཕྲན་བུ་དང་བཅས་ངེད་ཀྱིས་ཞུ་རྒྱུ་ནི་དེ་འདྲ་ཙམ་ཞིག་ཡིན་ལགས།
མཇུག་བསྡུ་བ།
       བཅར་འདྲི་འདི་བཞིན་སྤྱི་ལོ༢༠༡༧ལོའི་ཟླ་བ་བཅུ་པའི་ཚེས༣ཉིན་རྒན་དབྱངས་དགའ་ལགས་ཀྱི་རང་ཁྱིམ་དུ་ཞུ་བ་ཞུ་ལན་གྱི་ཚུལ་གྱིས་སྒྲ་འཇུག་བརྙན་ཕབ་བྱས་པ་ཞིག་ཡིན་ནའང་། འགོར་གཞི་རྐྱེན་ཕྲན་བུ་ལས་སྤྱི་ལོ༢༠༢༣ལོའི་ཟླ་བ་དང་པོའི་ཚེས༡༩ཉིན་གཞི་ནས་དྲ་བའི་འཕྲིན་ལམ་དུ་ཐོག་མར་སྤེལ་བ་ཞིག་ཡིན། དེ་ཡང་དགེ་རྒན་དམ་པ་དབྱངས་དགའ་ལགས་ཀྱི་དངོས་སློབ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་འབུམ་རམས་འོས་མི་གནམ་བྱམས་རྒྱལ་ལགས་ཀྱི་མཛུབ་སྟོན་འོག་སྤྱི་ལོ༢༠༢༣ལོའི་ཟླ་བ་གསུམ་པའི་ཚེས་དགུ་ཉིན་ནས་གཟའ་འཁོར་གཉིས་ཙམ་གྱི་རིང་དུ་དགེ་རྒན་དམ་པ་གང་གི་གདུལ་བྱའི་གྲལ་མཐའ་བ་ལྕགས་འབུམ་རྒྱལ་དུ་འབོད་པས་ཡི་གེར་བཀོད་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཇུག་ཏུ་དགེ་རྒན་དམ་པ་དབྱངས་དགའ་ལགས་ཀྱི་ནང་མི་ལྷན་རྒྱས་དང་བཅར་འདྲི་ཞུ་པ་བོ་སྒོ་མེ་རྣམ་སྲས་རྒྱལ་བཅས་ནས་མོས་མཐུན་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་བཅས། བཀྲ་ཤིས།། །།

རྩོམ་ཡིག་འདི་རིག་གཞུང་དུས་དེབ«ཀྲུང་གོ་བོད་ཀྱི་གསོ་རིག»ཅེས་པའི༢༠༢༣ལོའི་དེབ་གཉིས་པ་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།