logo

༄༅། །སྙན་ངག་གི་མཐར་ཐུག་སངས་རྒྱས་ཡིན།

རྩོམ་པ་པོ།:ཁྲི་སེམས་དཔའ། ཡོང་ཁུངས།:སྒང་ལམ་པའི་འཕྲིན་སྟེགས། དུས་ཚོད།:2023-08-17 ཀློག་གྲངས།:
ཁྲི་སེམས་དཔའ། སྐུ་ཉིད་ཁམས་བདེ་ལེགས།
རེ་རྐང་གླིང་། བཀྲ་ཤིས་བདེ་ལེགས།
ཁྲི་སེམས་དཔའ། ལོ་མང་རིང་སྙན་ངག་བྲིས་པའི་མྱོང་ཚོར་དང་སྦྲགས་ནས་སྙན་ངག་གི་ལྟ་ཚུལ་རགས་རིམ་གླེང་ན་ཅི་འདྲ།
རེ་རྐང་གླིང་། རེད། སྙན་ངག་ལ་མཚན་ཉིད་དང་མཚན་གཞི་འདི་རེད་ཅེས་ཁ་གསལ་བོ་ཞིག་བརྗོད་ཐབས་མེད་མོད། དེ་ཡང་རང་ཅག་གི་སྔོན་བྱུང་མཁས་པ་དག་གིས་མྱ་ངན་ལས་འདས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་འཐོབ་པར་བྱ་བ་གཙོ་བོར་བྱས་པའི་འཁོར་འདས་ཀྱི་གནས་ལུགས་རྟོགས་པར་བྱེད་པ་ཀུན་ཐ་སྙད་ལ་བརྟེན་དགོས་པར་བརྗོད་པ་དེ་བཞིན་བདག་གིས་ཀྱང་སྔོན་ཆད་ནས་སྙན་ངག་གི་མཐར་ཐུག་སངས་རྒྱས་ཡིན་ཞེས་པའི་ལྟ་ཚུལ་ཞིག་ལབ་མྱོང་ཞིང་དེ་ཡིས་ཕྱོགས་ངེས་ཅན་ཞིག་ནས་སྙན་ངག་ལ་སྤྱི་སྡོམ་ཐེངས་ཤིག་བྱས་པ་ཡིན། དེ་ལྟར་ཤོད་དོན་ནི་ཆོས་ལུགས་པའི་དགོངས་དོན་ནང་བཞིན་བརྟན་པ་དང་གཡོ་བའི་འདུས་བྱས་ཀྱི་ཆོས་ཐམས་ཅད་གནས་པ་མ་ཡིན་པའི་ཆོས་ཉིད་དེ་གོ་བསྐོན་བྱེད་པ་ཞིག་གཞར་ཡང་མིན་པར་འཚོ་བའི་ཁྲོད་དུ་མི་རང་ཉིད་ནི་རང་ཉིད་ཀྱི་ཆེས་མཐར་ཐུག་ཡིན་པར་བཤད་པ་དེ་ཡིན། འཚོ་བ་ཟེར་བ་འདི་སྣང་བ་ཞིག་དང་ཚོར་བ་ཙམ་ཞིག་མིན་པར་སྣང་ཚོར་གྱི་དབང་ཤེད་ཤིན་ཏུ་ཆེ་བ་ཞིག་ཡིན་ནའང་། འཚོ་བའི་ཁྲོད་དུ་མི་སུས་ཀྱང་རང་གིས་བསམ་པ་ཇི་འདོད་དུ་བསྒྲུབ་ནུས་པ་ཞིག་དང་གང་འདོད་ལག་ལེན་དུ་བསྟར་ནུས་པ་ཞིག་ཁྱོན་ནས་མིན་པས་ན། སྙན་ངག་གིས་འཚོ་བ་དངོས་འབྲི་བཞིན་ཡོད་ཅེས་པའང་ཕྱོགས་ངེས་ཅན་ཞིག་ནས་ཁྱབ་ཤིན་ཏུ་ཆུང་བར་འདོད་ཡོད། དེ་ནི་འཚོ་བ་དང་སྙན་ངག་ལ་འབྲེལ་བ་ཧ་ཅང་གཏིང་ཟབ་ཅིག་ཆགས་ཡོད་པས་རེད། ཚོར་བའི་ངོས་ཐད་ནས་རང་གི་རྟོག་ཚོར་རྣལ་མ་ཞིག་འབྱུང་བའི་དུས་དང་རྟོག་ཚོར་ཁྱད་གཤིས་ཅན་ཞིག་གྲུབ་པའི་བར་དུ་གོ་རིམ་མང་དག་ཅིག་བརྒྱུད་དགོས་ཤིང་། དེ་ཉིད་འཚོལ་བའི་ཁེར་རྐྱང་གི་གོ་རིམ་ཧྲིལ་བོ་དེར་ད་གཟོད་རང་གཤིས་ཐུན་མོང་མ་ཡིན་པ་ཞིག་ཆགས་པའི་མགོ་ཚུགས་པ་ཡིན་སྙམ། གལ་ཏེ་མི་རང་ཉིད་ནི་འཁོར་ལོའི་ལྟེ་ཐག་ཅིག་ཡིན་པའི་དབང་དུ་བཏང་ན་འཁོར་ལོའི་འཁོར་སྟངས་དེ་ལྟེ་ཐག་དང་བསྟུན་དགོས་པ་ནང་བཞིན་དུ། སྙན་ངག་གི་ཚོར་འདུའི་འགྲོ་སྟངས་དང་ཡིད་བརྙན་ལེན་སྟངས་གང་ཡིན་ཡང་རང་གཤིས་ཀྱིས་ཐག་གཅོད་ཀྱིན་པ་ལྟ་བུའི་དུས་ཤིག་ལ་འཁེལ་འགྲོ་ཡི་ཡོད། དེ་ནི་ཤིན་ཏུ་དག་པའི་སེམས་ཚོར་ཤིག་སྟེ། གཡོ་ཟོལ་དང་བཅོས་བསྒྲིགས་མེད་ལ། བཙན་ཤེད་དང་དྲག་འདྲེན་མེད་པའི་སྣང་ཡུལ་མཛེས་སྡུག་ཅན་ཞིག་ཡིན་པས་ན། མི་རང་ཉིད་ཀྱི་རང་ཚུགས་རྣལ་མའང་དེ་ཡིན་ལ། མཐར་ཐུག་པའི་སེམས་ཁམས་ཀྱང་དེ་ཡིན་པར་འདོད་ཡོད། དེ་ལྟའི་ཕྱིར་ན་སྙན་ངག་རང་ངོས་ནས་སྒྱུ་རྩལ་གྱི་སྨྲ་བསམ་བརྗོད་མེད་ཀྱི་ཁྱད་གཤིས་ཤིག་གྲུབ་ཡོད་པ་ནང་བཞིན་དེ་ཉིད་རྩོམ་མཁན་དག་གི་ཡིད་ཁམས་ཀྱང་དག་གཙང་གི ལྷད་མེད་པའི། བྱིས་བློ་དང་འབྲེལ་བའི་རྡུལ་སྙིགས་ཀྱིས་མ་བཟུང་བའི་སེམས་ཁམས་ཤིག་ཡིན་པར་འདོད་ཡོད་ལ། དེ་ནི་སྙན་ངག་བྱ་བའི་ཡིད་ཚོར་རྐྱང་མའི་ཆོས་ཉིད་ཅིག་གིས་གཏན་ལ་འབེབས་བཞིན་ཡོད་ནའང་སྙན་ངག་ནི་བདག་འཛིན་དུ་མེད་པའི་སྣང་བ་ཡ་མཚར་བོ་ཞིག་རེད་ལ། དེ་བརྒྱུད་ནས་ལམ་གྱི་མཐར་ཐུག་པའི་རང་ཉིད་ཀྱི་སེམས་གཤིས་སྟེང་ལ་སླེབ་ཀྱིན་འདུག དེ་ལྟ་བུའི་བསམ་ཚུལ་ཞིག་གིས་སྙན་ངག་ལ་གོང་གི་སྡོམ་ཚིག་དེ་འདྲ་ཞིག་བཞག་པ་ཡིན།
ཁྲི་སེམས་དཔའ། སྙན་ངག་གོ་དཀའ་མིན་དེ་སྙན་ངག་གི་གནད་དོན་ཞིག་ཏུ་འགྲོའམ། ཁྱེད་ཀྱིས་བལྟས་ན་རང་རེའི་སྙན་ངག་ཐད་གནས་པའི་གནད་དོན་ངོ་མ་བོ་ནི་གང་རེད།
རེ་རྐང་གླིང་། སྙན་ངག་གོ་དཀའ་མིན་དེ་སྙན་ངག་གི་གནད་དོན་ཞིག་ཏུ་གླེང་བ་ནི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་ལས་དེང་རབས་སྙན་ངག་སྐོར་ལ་དེ་ལྟར་བརྗོད་མི་རུང་བསམ། རྒྱུ་མཚན་གང་ཡིན་ཟེར་ན་མེ་ལོང་མར་ལྷོ་ཤར་གྱི་ལམ་དབྱེ་བའི་ཡོན་ཏན་བཅུའི་ནང་གསེས་ཏིང་ངེ་འཛིན་གྱི་རྒྱན་སོགས་འགའ་རེ་དང་། དོན་རྒྱན་གྱི་ནང་གསེས་འགལ་རྒྱན་སོགས་རེ་གཉིས་ཤིག་རང་བཞིན་གྱིས་གོ་དཀའ་བར་བརྗོད་ཀྱིན་ཡོད་ལ། མེ་ལོང་མའི་རང་གཞུང་དུའང་། “བརྗིད་པ་ཚིག་སྡུད་མང་པོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས། །”ཞེས་སྙན་ངག་ལ་བརྗིད་པའི་ཉམས་འདོན་ཚུལ་སོགས་ལས་འཕྲོས་ཏེ་སྙན་ངག་གི་གོ་དཀའ་སླའི་སྐོར་རྗོད་ཀྱིན་པ་དང་། ཡང་རེ་འགས་སྲོག་དང་ཁམས་ཀྱི་སྟེང་ལ་དཔྱོད་པ་མ་བྱས་པར་ཚིག་ངོས་རྐྱང་བའི་སྒྱུ་རྩལ་གྱི་ཡག་སྣང་དང་སྡེབ་ལུགས་ལྟར་རྩོམ་ལུས་ཀྱི་ཁ་དམ་མིན་སྟེང་དབྱེ་ཡི་ཡོད་པ། ཐ་ན་སྲོག་ཆེན་སྲོག་ཆུང་གི་ཡི་གེའི་དབྱེ་བ་ལས་སྒྲ་གདངས་ལྕི་ཡང་ཕྱོགས་གཅིག་ཏུ་སྦྱར་བ་ཁོ་ནས་རྗོད་ཀྱིན་པ་ནི་ཤར་ལྷོ་གཉིས་ཀྱི་ལུགས་སུ་མཛད་པའི་ཐུན་མོང་མ་ཡིན་པའི་སྦྱར་བའི་རྒྱན་སོགས་མང་དག་ཅིག་རྒྱ་གར་གྱི་དབྱངས་གསལ་མ་གཏོགས་མཚོན་ཐབས་མེད་ནའང་། འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མ་སོགས་ཀྱིས་རྒྱན་འདི་དག་གི་སྐབས་སུ་སྲོག་ཆེན་སྲོག་ཆུང་གི་ཁྱད་པར་བོད་རང་གི་སུམ་རྟགས་ཀྱི་གཞུང་ནས་བཤད་པ་ལྟར་བཀས་བཅད་བྱ་དགོས་པའི་ལྟ་ཚུལ་བཏོན་པ་འདི་དག་གིས་ཀྱང་ཧ་གོ་ཡོང་གི་རེད། ཡིན་ནའང་དེང་རབས་པའི་ལུགས་སུ་འདྲེས་ཚོར་དང་ཡིད་བརྙན། གཟུགས་རྒྱན་སོགས་སྙན་ངག་གི་སྲོག་དང་ཉེ་བར་བཅར་བའི་ཐབས་ཚུལ་སྐོར་ཞིག་ལ་སྙན་ངག་པ་མི་སྒེར་གྱི་མཚོན་བྱེད་བཀོད་པའི་སྐབས་སུ་གོ་དཀའ་བའི་སྣང་ཚུལ་འབྱུང་སྲིད་ནའང་དེ་ཉིད་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབང་གིས་མ་གཏོགས་དོན་སྤྱིར་གོ་དཀའ་བ་ཞེས་པའི་རྣམ་གཞག་གཞི་མི་གྲུབ་པར་འདུག དེ་བས་དེང་གི་དུས་སུ་སྙན་ངག་གི་གོ་དཀའ་སླ་དེ་གཙོ་བོ་ཀློག་པ་པོ་གང་དེའི་མི་སྒེར་གྱི་ཤེས་རབ་ལ་རག་ལས་ཡོད་ཕྱིར། ཁོ་བོ་རང་ངོས་ནས་འཇིག་རྟེན་འདི་ན་གོ་དཀའ་བའི་སྙན་ངག་ཅིག་ཡོད་མི་སྲིད་པར་སྙམ་ཞིང་། གནས་ལུགས་དེ་བཞིན་དུ་གོ་སླ་བའི་སྙན་ངག་ཅིག་ཀྱང་ཡོད་མི་སྲིད་པར་སྙམ་ཡོད། གཞན་རང་རེའི་སྙན་ངག་ཐད་གནས་པའི་གནད་དོན་ངོ་མ་བོ་ནི་སྲོལ་རྒྱུན་དང་དེང་རབས་གཉིས་སྐྱ་འགེར་ཐུབ་ཀྱིན་མེད་པའི་འདུ་ཤེས་འཛིན་སྟངས་དེས། ཚིག་རྒྱན་དང་སྙན་ངག་བར་གྱི་དབྱེ་ཐག་གསལ་བོ་གཅོད་ཐུབ་མེད་པ་དེ་གཙོ་བོ་ཞིག་རེད་བསམས།
ཁྲི་སེམས་དཔའ། ན་ནིང་དོ་ཚིགས་ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་སྙན་ངག་པ་ལོ་གཞོན་སྐོར་ཞིག་བོད་ཀྱི་རྩོམ་སྟེགས་སྟེང་འགྲེངས་མགོ་བརྩམས། ཁོ་ཚོའི་སྙན་ངག་ལ་ལྟ་ཚུལ་ག་རེ་ཡོད། ཡང་ན་ཁོ་ཚོ་དང་འུ་ཚོའི་བར་གྱི་མི་འདྲ་ས་དེ་གང་དུ་ཡོད་དམ།
རེ་རྐང་གླིང་། དེ་ནི་རྒྱའི་ལུགས་ཀྱི་དགར་ཚུལ་ཞིག་ལས་རང་ཅག་བོད་ལ་ནི་མི་འཚམ་སྟེ། ང་རང་གི་བསམ་ཚུལ་ཡིན་ན་ལོ་རབས་བདུན་ཅུའི་སྨད་དང་བརྒྱད་ཅུའི་སྟོད་དུ་སྐྱེས་པའི་སྙན་ངག་པ་མང་པོ་ཞིག་གི་འབྲི་ཐབས་དང་ལྟ་བ། བསམ་བློ་སོགས་ཅུང་ཆ་འདྲ་ཞིང་། དེ་དག་ལ་རབས་སྔོན་མ་དག་དང་མི་འདྲ་བའི་ལྟ་ཚུལ་ཞིག་ཆགས་ཡོད་པ་མ་གཏོགས། དེའི་མན་གྱི་ལོ་གཞོན་དག་ལ་དམིགས་སུ་ཐོན་པའི་ཁྱད་ཆོས་འདྲ་མིག་སྔའི་བར་དུ་མཐོང་མ་བྱུང་།
ཁྲི་སེམས་དཔའ། ཁྱོད་རང་གི་སྙན་ངག་ལྟ་བུར་མཚོན་ན། མང་ཤོས་ཤིག་གིས«སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ»སོགས་གླེང་ཡོང་། ངས་བལྟས་ན་ཁྱེད་ཀྱིས་སྙན་ངག་ཡག་ཤོས་ནི་རྗེས་ཀྱི«དུས་ཚོད་དང་འབྲེལ་བ་མེད་པའི་སྙན་ངག»དང་། «སྤྱི་འགྲོས་ཤིག» «དཀྲུམ་མདའ་བོར་མཁན་དེ» «མཆན་བུ་མང་བའི་སྙན་ངག»སོགས་རེད་འདོད།  དེ་དག་གིས་ཁོ་བོར་ཐ་སྙད་ཀྱི་མཛེས་པ་ཕྲ་མོ་ཞིག་སྙན་ངག་གི་ཀློང་ཡངས་ས་ཞིག་ཏུ་བསྐྱལ་འདུག་པའི་ཚོར་བ་བྱིན་འོངས། ཁྱེད་རང་ལ་བསམ་ཚུལ་ཅི་འདྲ་ཡོད།
རེ་རྐང་གླིང་། རེད། རང་ངོས་ནས་སྙན་ངག་གི་ཁ་ཕྱོགས་དེ་འཕེལ་མེད་གཏན་ཁེལ་ཅན་ཞིག་ཏུ་ལྟ་ཡི་མེད་པར། དུས་ཚོད་སྐར་ཆ་རེའི་ནང་དུའང་རྩོམ་ལུས་དང་སྒྲིག་གཞི། ཀུན་རྟོག ཐ་སྙད་སོགས་ལ་འགྱུར་བ་གཏོང་གིན་ཡོད་པ་མ་ཟད། ཁམས་དང་ཡིད་བརྙན་སོགས་གང་ཡིན་རུང་རྟོག་མེད་ཤེས་པས་ཉམས་སུ་མྱོང་ཡོད་པས། མཐོ་དམན་གྱི་དབྱེ་བ་དགར་རྒྱུ་ཞིག་མེད་བསམ་ཡོད།
ཁྲི་སེམས་དཔའ། ཁྱེད་ལ་མཚོན་ན་སྙན་ངག་གིས་འཚོ་བའི་ཁྲོད་དུ་གོ་གནས་ག་འདྲ་ཞིག་ཟིན་ཡོད། 
རེ་རྐང་གླིང་། རྒྱ་གར་བའི་མཁས་པ་ཞིག་གིས། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས་ཞེས་པ་ལྟར། སྔོན་ཆད་སྙན་ངག་ཁ་ལ་ཁྱེར་ཏེ་ལང་ཚོའི་ང་རྒྱལ་ངོམ་མྱོང་བ་དང་། ད་ལྟ་སྙན་ངག་སྙིང་ལ་སྒོམ་བཞིན་སྐྱེ་འཆིའི་གནས་ལུགས་ཟབ་མོ་ཞིག་ངེས་ཟིན་པ་འདི་དག་གིས་སྙན་ངག་མེད་པ་ཡིན་ན། ངའི་འཚོ་བ་དེ་ཅི་ལྟ་བུ་ཞིག་ཡིན་པར་ང་རང་བསམ་བློ་གཏང་རྒྱུར་སྐྲག ཡང་སྙན་ངག་པ་ཞིག་ལ་མཚོན་ན་འཚོ་བའི་ཐད་ཀྱི་རྣམ་འགྱུར་ཧ་ཅང་གིས་གཟབ་ཆེ་བས་དེ་ལ་ནང་རྐྱེན་ཐེབས་བྱེད་གཙོ་བོ་ནི་རང་ཉིད་ཁོ་ན་རེད་སྙམ། རང་ཉིད་ཀྱི་སེམས་གཤིས་དང་རང་ཚུགས་ཀྱིས་འཚོ་བའི་བར་ལམ་ཀུན་པོར་ཚོར་སྣང་དང་འདོད་བློའི་ཆ་ཞིག་མ་འབྲལ་བར་གནས་ཤིང་། འདོད་བློ་དེ་གོ་ཡང་སུའུ་པེན་ཧེར་གྱི་འདོད་བློ་དང་ཆ་མ་འདྲེས་པའི་གནས་ལུགས་ཤིག་གི་ཤེད་ཀྱིས་འགྲོ་གིན་ཡོད། རྒྱུ་དེ་ཡིས་སྙན་ངག་པ་ནི་སྨྱོན་པ་དང་རྐྱལ་སྟོང་ལྟ་བུའི་ཆ་འཇོག་མེད་པ་ཞིག་ཏུ་ལྟ་བཞིན་ཡོད་མོད། སྙན་ངག་པ་རང་ཉིད་ལ་མཚོན་ན་དེ་ནི་འཚོ་བའི་སྟེགས་བུ་རུ་ཞུགས་དུས་ཀྱི་རྣམ་འགྱུར་དྭངས་ཤིང་གཙང་བ་དེ་ཡིན། དེ་ལ་བཅོས་རྫུན་གྱི་བཅོས་ཟོལ་མེད་པར་དྲང་བོ་དྲང་བཞག་གི་འགྲོ་ལུགས་ཤིག་ཡིན་པས་ན་འཇིག་རྟེན་གྱི་མིའི་མིག་ལམ་དུ། ཡང་ན་འདོད་བློ་ཡི་ཤེད་ཆེ་བའི་མིའི་སེམས་ཁོང་དུ་བློ་ལས་འགོངས་པ་ཞིག་གམ་བསམ་ཡུལ་ལས་འདས་པ་ཞིག་ཏུ་སེམས་ཡོད་པ་རེད། དེ་ནི་ཁྱིམ་མི་བཟའ་ཟླའི་མིག་ལམ་དུའང་ཕལ་ཆེར་ཡོད་སྲིད་རྒྱུ་རེད། ཡིན་ནའང་རྣམ་འགྱུར་དེ་ཅིའི་ཕྱིར་རྣོ་དབལ་ཅན་དུ་མ་གྱུར་བ་རེད་དམ་སྙམ་ན། བརྩེ་དུང་གི་དབང་གིས་ཏེ། དེ་ནི་ད་གཟོད་སྙན་ངག་དང་འཚོ་བའི་དབར་ལ་ལྡན་ངེས་ཀྱི་དོན་སྙིང་ཆེས་ཆེ་བ་དེ་རེད་སྙམ།
ཁྲི་སེམས་དཔའ། ད་ལྟ་བོད་ཀྱི་སྙན་ངག་གསར་བའི་སྐོར་ལ་ལྟ་ཚུལ་དང་འབྲི་ཐབས་མི་འདྲ་བའང་གང་མང་མང་ཞིག་བྱུང་ཡོད་པས། འགའ་རེས་དུས་སྐབས་འདི་བོད་ཀྱི་སྙན་ངག་གསར་བའི་རྫོགས་ལྡན་གྱི་དུས་རབས་སུ་ངོས་འཛིན་གིན་འདུག་ལ། ཡང་འགའ་རེས་དེ་དོན་ལྡོག་ཕྱོགས་སུ་ལྟ་གིན་པར་ཁྱོད་ལ་བསམ་ཚུལ་ག་རེ་ཡོད།
རེ་རྐང་གླིང་། ཁྱེད་རང་གིས་གོང་དུ་བཤད་པ་བཞིན་ད་ལྟ་བོད་ཀྱི་སྙན་ངག་གསར་བའི་སྐོར་ལ་འདྲ་མིན་གྱི་ལྟ་ཚུལ་སྣ་ཚོགས་པ་ཞིག་བྱུང་ཡོད་པ་ནི་མངོན་གསལ་ཡིན་མོད། དེ་ལ་ཕྱི་ནང་གཉིས་སུ་དབྱེ་བའི་དབང་དུ་བཏང་ན་ཕྱི་ཁོ་ནའི་འགྱུར་བ་ཙམ་ལས་ནང་གི་ཡང་ཏིག་སྙིང་བོར་བཅར་ཏེ་བསམ་བློ་གཏོང་མཁན་མང་པོ་ཞིག་མེད་པར་འདོད། དེ་ཡང་གཙོ་བོ་འཛམ་གླིང་གི་སྒྱུ་རྩལ་གྱི་བྱ་བ་གང་ཞིག་ཡིན་ཡང་གཅིག་ལ་གཅིག་རྟེན་དུ་ཡོད་པ་ནི་རོལ་མོ་དང་མཛེས་རྩལ། རྩོམ་རིག་སོགས་སྤྱི་ཚོགས་གང་དེའི་དགོས་མཁོ་ལྟར་ཅིག་ཤོས་འཕྱུར་སྟོབས་ཀྱིས་གཞི་གྲུབ་ཏུ་གནས་ཐུབ་པ་དེ་བཞིན་རིག་ཚན་གཞན་དག་ལའང་འཕེལ་རྒྱས་ཀྱི་ཧམ་སེམས་དེ་བྱིན་ཡོད་པ་རེད། དེ་ལ་དཔེ་རེ་བཞག་ན། འཇར་མན་གྱི་སྙན་ངག་གྲུབ་མཐའ་རླུང་དམར་གཤག་སྐྱོད་ཅེས་པ་ཀའོ་ཏེ་སོགས་ཀྱིས་གནམ་ལ་སྤུར་དུས་སུ། པའེ་ཏའོ་ཧྥིན་གྱི་སྨྱོ་ཧམ་ཚ་བའི་མཉམ་སྒྲོག་རོལ་དབྱངས་ཐོན་པ་དེས་སྙན་ངག་གྲུབ་མཐའ་དེ་རྩ་བ་ནས་ལོ་རྒྱུས་ཁྲོད་ནུབ་ཏུ་བཅུག་ཡོད་ལ། དེ་ལས་སྟོང་བསམ་རིང་ལུགས་པའི་ཤན་སྟོབས་དེ་ལ་རྩ་བ་རྒྱས་ཏེ་ཝོའུ་ཐའོ་པང་གི་འཚོལ་བསྙེག་ལ་ལམ་སྟོན་གྱི་དམིགས་སྒོ་ཕྱེས་པ་ནས་འཆར་ཡན་གྱི་སྣང་སྟོབས་མཚོན་པའི་སྙན་ངག་པ་ནའོ་ཝ་ལིས་སི་སོགས་བྱུང་བ་དེས་ཀྱང་རབས་གསར་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་གི་བྱུང་འཕེལ་གོ་རིམ་མཚོན་ནས་ཡོད་པས། མི་རིགས་རང་གི་རིག་གནས་ཀྱི་རྨང་གཞི་ཆེས་ཞན་པའི་ང་ཚོའི་མི་རབས་འདི་ལ་མཚོན་ན་སྒྱུ་རྩལ་གྱི་ལས་ཀ་དག་ཟློས་བཤུའི་རྣམ་པ་ཙམ་དུ་སོང་ཡོད་པ་འདིས་སྙན་ངག་གསར་བའི་སྐོར་ལ་འདྲ་མིན་གྱི་ལྟ་ཚུལ་སྣ་ཚོགས་སམ་འབྲི་ཐབས་རིགས་མི་འདྲ་བ་མང་བོ་ཞིག་བྱུང་ཡོད་ཅེས་པ་ནི་མི་སྲིད་པར་སྙམ།
       ཡང་འགའ་རེས་སྙན་ངག་དང་འབྲེལ་མེད་དོན་གཞན་གྱི་ཚུལ་དུ་རྩ་བ་ནས་སྙན་ངག་གསར་བའི་འབྲི་ཐབས་ལ་ཡིད་ཆེས་མེད་པར་ལམ་གཅིག་ཁོ་ན་འདེད་དགོས་པའི་ལང་ཕྱོགས་འཛིན་གྱིན་ཡོད་པ་ནི་ལོ་རབས་ལྔ་བཅུ་དྲུག་ཅུ་ཡས་མས་སུ་ཀྲུང་གོའི་རྩོམ་སྟེགས་སུ་སྐབས་དེའི་གཡོན་ལྷུང་བ་དག་གིས་རི་ཏན་ནའོ་ཧྥོས་གནའ་བོའི་སུའུ་ལན་རྒྱབ་ཁབ་ཀྱི་སྐབས་དང་པོའི་རྩོམ་པ་པོའི་འཐུས་མི་ཚོགས་ཆེན་སྟེང་དུ་གུང་ཁྲན་རིང་ལུགས་ཀྱི་དངོས་གཙོ་རྩོད་སྒྲུབ་ཁོ་ནས་ནུབ་ཕྱོགས་པར་དགག་པ་བརྒྱབ་པ་རྩ་དོན་དུ་བཞག་པ་དེ་ལྟ་བུ་ཞིག་ཏུ་རྣོག་གིན་ཡོད་མོད། ཁོ་བོ་རང་ངོས་ནས་སྙན་ངག་ནི་མིའི་རིགས་སམ་མི་རིགས་གང་དེའི་མཛེས་དཔྱོད་ཀྱི་བློ་སྟོབས་ཚད་མཐོན་པོ་ཞིག་ལ་ཐོན་དུས་སུ་སྤྱོད་རྒྱུན་དུ་དར་སོ་ཆེ་བའི་སེམས་ཀྱི་མྱོང་བྱ་ཞིག་ཡིན་པས་ན། སྙན་ངག་གི་གྲུབ་མཐའ་མང་པོ་ཐོན་པ་དེས་ངོས་གཞན་ཞིག་ནས་མི་རིགས་སམ་རྒྱལ་ཁབ་དེའི་སྲིད་འབྱོར་རིག་གསུམ་གང་ཡིན་ཡང་སྐྱེས་སྟོབས་ཀྱི་དཔལ་མངོན་ཡོད་པ་མཚོན་འདུག་པས། ང་ཚོའི་བོད་འདི་ལ་སྙན་ངག་གི་གྲུབ་མཐའ་མང་པོ་འབྱུང་བར་ད་དུང་ཅུང་ཐག་རིང་རྒྱུ་རེད་བསམས་སོང་།
ཁྲི་སེམས་དཔའ། སྙན་ངག་ནི་ཚིག་གི་སྒྱུ་རྩལ་ཡིན་ཟེར། དེས་ན་སྙན་ངག་གི་ཚིག་དེ་ག་འདྲ་ཞིག་ཡིན་ན་འགྲིག་གམ།
རེ་རྐང་གླིང་། སྙན་ངག་ནི་ཚིག་གི་སྒྱུ་རྩལ་ཡིན་ཟེར་བ་འདི་ལ་བརྡ་གསར་རྙིང་དང་གཞུང་ལུགས་མ་འདྲ་བའི་དབང་གིས་གོ་བའང་སྣ་ཚོགས་པ་ཞིག་ཡོད་ཀྱི་རེད་འདོད། སྤྱིར་ན་རང་རེའི་མི་རིགས་འདི་ལ་མཚོན་ནས་བཤད་ན་སྙན་ངག་གི་ཚིག་ཅེས་པ་དེ་དེ་ལྟའི་ཆ་མེད་ཅིག་ནི་མ་ཡིན་པར་མེ་ལོང་མ་བོད་དུ་དར་བ་ནས་བོད་མཁས་པ་དང་འཇུ་མི་ཕམ་སོགས་སྙན་ངག་སྨྲ་བའི་ཁྱུ་མཆོག་གང་མང་མང་ཞིག་གིས་ཚིག་གི་སྦྱོར་བ་ཁོ་ནར་དང་དོད་བྱེད་པའི་དཔེ་བརྗོད་མང་པོ་ཞིག་བརྩམས་ཏེ་བསྟན་བཅོས་ཀྱི་མིང་གིས་མཚན་བཞིན་རྗེས་རབས་པ་རྣམས་ལ་མིག་དཔེ་བསྟན་མྱོང་ཞིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་སྙན་ངག་གི་འོད་སྟོང་འབར་བའི་ལོ་ངོ་བདུན་བརྒྱ་བོ་དེ་ཡང“བརྗོད་བྱའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་རྗོད་བྱེད་ངག(ཚིག་དང་དོན་འདྲ)གི་སྦྱོར་བ་ཐ་མལ་བ་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ན་སྙན་ངག་ཡིན་པས་ཁྱབ”ཅེས་པའི་ལྟ་བ་དེས་དབང་དུ་བྱས་ནས་ཡོད་པ་དེ་གོ་ཙམ་གྱིས་ཀྱང་ཧ་གོ་ཐུབ་ལ། ཐ་ན་གཞུང་དེའི་རབ་ཏུ་བསྟན་པའི་དགེ་བ་ཞེས་པའང་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པའི་རྒྱན་གཉིས་གཙོ་བོར་བསྟན་ནས་ཡོད་པ་ནི་སྡེབ་སྦྱོར་དང་སྦྱོར་ཚུལ། ལམ་སྲོལ། དོན་རྒྱན། སྒྲ་རྒྱན། གབ་ཚིག་སོགས་གང་ཡིན་ཡང་དེང་གི་སྐད་ཀྱིས་བཀྲལ་ན་དེ་དག་ཚང་མ་ཚིག་གི་སྒྱུ་རྩལ་ཁོ་ན་གྲ་རྒྱས་སུ་གཏོང་བའི་འཁོར་འདས་ཀྱི་ཆོས་ཚིག་ཅན་ཡིན་པ་དེ་རེད།
       ཡང་སྐབས་གསར་བའི་དེང་རབས་ཀྱི་ངོ་བོ་དེ་ལས་བཤད་པ་ཡིན་ན། ཚིག་ཅེས་པ་འདི་ལ་རྐྱོང་སྐུམ་དང་ལྡེམ་ཤུགས་ཤིན་ཏུ་ཆེ་བ་ནི་སེམས་ཁམས་འགུལ་སྐྱོད་ཀྱི་འགྲོས་དང་བསྟུན་ཏེ། དབྱངས་ཀྱི་མཚམས་ཚིགས་དང་། དོན་སྤྱིའི་རྣམ་པ། སྒྲིག་གཞི་དང་ཚེག་ཁྱིམ་སོགས་མང་བོ་ཞིག་ཚིག་གི་ཁོངས་སུ་བསྡུ་ཞིང་། ཚིག་ཅེས་པ་ངོ་བོ་གསལ་རྗེན་དུ་སྟོན་དུ་མེད་པར་ཁམས་དང་ཐག་ཉེ་བའི་ཚུལ་གྱིས་སྙན་ངག་གི་བླ་གནས་སུ་བཀུར་བའང་ཡོད་ལ། ཡིད་བརྙན་དང་གཟུགས་རྒྱན་སོགས་སྙན་ངག་གི་ཚིག་གི་སྒྱུ་རྩལ་ལ་ལྟ་མཁན་ཡོད་པ་འདི་དག་གིས་སྙན་ངག་གི་ཚིག་ཅེས་པ་འདི་འདྲ་ཞིག་རེད་ཅེས་བཤད་དཀའ་མོ་རེད།
ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན། དེང་གི་སྙན་ངག་གསར་བ་འབྲི་བར་བོད་རང་གི་སྙན་ངག་སྔ་མ་དང་། ནུབ་ཕྱོགས་ཀྱི་དེང་རབས་སྙན་ངག་གསར་མ་སོགས་ལས་གང་ཞིག་སློབ་སྦྱོང་དང་ནང་འདྲེན་བྱ་དགོས་པར་འདོད།
རེ་རྐང་གླིང་། དྲི་བ་འདི་ཅུང་དཀའ་མོ་ཞིག་རེད། ཡིན་ནའང་ཁོ་བོ་རང་ངོས་ནས་ལེན་འདེབས་འདོད་པ་ཡང་ཏག་ཏག་འདིའི་རིགས་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། བོད་ཀྱི་དེང་རབས་སྙན་ངག་འབྲི་མཁན་དག་ལ་ཁ་ཚ་དགོས་གཏུགས་སུ་གནས་པའི་གནད་དོན་ཞིག་ཡོད་པ་ནི་གསར་རྙིང་གི་དབྱེ་བ་འབྱེད་ཤེས་ཀྱིན་མེད་པ་དེ་རེད་ལ། ཐ་ན་ཕྱོགས་གཅིག་ཁོ་ནའི་རྒྱུན་ཤེས་ཙམ་ཡང་མེད་པར་དེང་རབས་ཞེས་པ་འབྲི་རྐྱང་བྱེད་ཀྱིན་པ་དེ་རེད། དེ་ཡང་བོད་རྩོམ་ལོ་རྒྱུས་ཀྱི་ངོས་ནས་གླེང་ན་ལོ་རབས་བརྒྱད་ཅུ་བར་རང་མོས་སྙན་ངག་གི་སྲོལ་དར་བ་དེས་བོད་ཀྱི་སྙན་ངག་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་བ་ནི་རྩོམ་རིག་གི་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཁོ་ནའི་སྟེང་མ་ཡིན་པར་བོད་སྐད་ཚིགས་བཅད་ཀྱི་རྩོམ་སྲོལ་དེ་རྙིང་ཚབ་གསར་བརྗེས་བྱས་པ་དེ་རེད། དུས་དེ་ནས་བཟུང་སྟེ་ཚིགས་བཅད་སྙན་ངག་ཟླ་བ་མར་ངོ་ཡི་གནས་སུ་ལྟུང་ཞིང་། རང་མོས་ལུགས་ཀྱི་འབྲི་ཐབས་ལ་དཔལ་རྒྱས་ནས་ཡོད་པ་རེད། སྤྱིར་ན་སྙན་ངག་གསར་མ་དེ་ཚིག་གི་རྐང་བ་དོ་མི་མཉམ་པའི་རང་བཞིན་དེའི་སྟེང་ནས་ཀྱང་ཡོངས་སུ་ཕྱིའི་དེང་རབས་པའི་ལུགས་ལ་སློབ་སྦྱོང་བྱས་པ་ཤེས་ཐུབ་མོད། སྐུ་ཞབས་རང་གྲོལ་སོགས་ཀྱི་རང་མོས་བརྩམས་ཆོས་དག་གི་སྡེབ་སྦྱོར་ལ་ཚིགས་བཅད་སྙན་ངག་གི་ཤན་ཞུགས་ནས་ཡོད་པ་དེས་བོད་ཀྱི་དེང་རབས་སྙན་ངག་ཅེས་པའང་རྩ་བ་ནས་ཕྱི་ཡིག་ཁོ་ནའི་འགྱུ་ཆ་ལྟར་དར་བ་ཞིག་མ་ཡིན་པར་ཕྱི་དང་ནང་གི་རྐྱེན་མང་པོ་ཞིག་ལ་འཕྲད་ཡོད་པ་ཤེས་ཐུབ།
       ཡིན་ནའང་ནུབ་ཕྱོགས་དེང་རབས་སྨྲ་བའི་གཞུང་ལུགས་རྣམས་དང་སྦྱར་ནས་བཤད་ན། ཕང་ངྷི་སོགས་ཀྱི་ཡིད་བརྙན་འགོད་པའི་ལུགས་དང་མེ་ལོང་མའི་གཟུགས་ཅན་གྱི་རྒྱན་འགའ་རེ་ལ་མཐུན་པའི་ཆ་སྣང་བ་དང་། ལྷག་པར་དུ་ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་ཏིང་ངེ་འཛིན་གྱི་རྒྱན་དང་དོན་རྒྱན་གྱི་ནང་གསེས་ངེས་བསྟན་གྱི་རྒྱན་ལྟ་བུར་མཚོན་བྱེད་ཀྱི་བརྡ་དོན་བཀོད་པ་དེ་དག་གིས་ཐུན་མོང་གི་བློ་ངོར་གསར་རྙིང་གཉིས་ཀྱི་སྒྲ་དོན་ཐག་ཉེ་བ་ལྟ་བུའི་རྐང་འཁྲུལ་འབྱུང་ནའང་། ཚིགས་བཅད་སྙན་ངག་ནི་རྩ་བའི་ཆ་ནས་སྙན་ངག་ལ་འཆར་ལྡན་བུ་སྐྱེ་ཡི་ལམ་ལུགས་བཟོས་པ་ནང་བཞིན་མཚུངས་པ་གསལ་བཤད་ཀྱི་སྒྲ་སོགས་ཀྱིས་བཅིངས་ནས་ཡོད་པས་ན། ང་ཚོས་ཆང་རྫ་རྙིང་བའི་ནང་དུ་ཆང་གསར་བ་འཐུང་རྒྱུའི་ངལ་བ་སྐྱུངས་པར་རིགས་ཤིང་། ལྷག་པར་དུ་གཞོན་ནུ་རིག་སྐྱེན་པ་དག་ལ་མཚོན་ན་མེ་ལོང་མའི་ཚིག་སྦྱོར་གྱི་ཕྱི་ཤུན་ཕུད་ནས་དངོས་པོའི་གཉུག་གཤིས་ལ་རྟེན་ཅིང་འབྲེལ་བའི་སྒྱུ་རྩལ་གྱི་མཚོན་ཐབས་གསར་བ་དག་ལ་སློབ་སྦྱོང་བྱ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཏེ། དེ་ལ་དེང་རབས་སྙན་ངག་གི་མེས་པོར་བཀུར་གྱིན་པའི་ཧྥ་རན་སེའི་སྙན་ངག་པ་ཆེན་མོ་བྷོ་ཏི་ལེར(Baudelair)དང་རམ་བྷོ(Ar thur Rimboud)ལྟ་བུའི་བསྡུས་བརྗོད་རིང་ལུགས་ཀྱི་སྲོལ་འབྱེད་པ་དང་། ཝ་ལའེ་ལིས(Paul Valery)དང་ཨེ་རེབ་ཐྲི(Thom as Stearns Eliot) ཝེལ་ཁེ(Emir Rilke)སོགས་དེང་རབས་པའི་ལམ་ཕྱོགས་ཚུགས་ཐུབ་ཏུ་གནས་སུ་བཅུག་པའི་སྙན་ངག་སྨྲ་བ་དག་གི་རྣམ་ཐར་དང་ཞིབ་འཇུག་གི་དཔེ་དེབ་ལ་བལྟ་དགོས་ཤིང་། ཏིས་ལན་ཐྲོ་མ་སི(Dylan Thomas)དང་ཏ་ལིས་ཨའོ(达里奥) ཧྥུ་ལའོ་སི་ཐྲི(Robert Frost)སོགས་འགྱུར་ཁ་གསལ་བའི་སྙན་ངག་པ་དག་གི་བརྩམས་ཆོས་ཀྱི་ཚིག་སྦྱོར་དང་ཉམས་འགྱུར་སོགས་ལ་སློབ་སྦྱོང་བྱས་པ་ཡིན་ན་དེང་རབས་པའི་སྙན་ངག་གི་ངོ་བོ་ཙམ་རྟོགས་ངེས་ཤིང་། ཚུལ་དེ་བཞིན་རྒྱ་ཡིག་ཀློག་མཁན་ཚོས་སྔ་དུས་ཀྱི་ལིས་ཅིན་ཧྥ(李金发)དང་པེན་ཀྲི་ལིན(卞之琳ཏའེ་ཝང་ཧྲུའུ(戴望舒མུའུ་ཏེན(穆旦)སོགས་ཀྱི་སྙན་ངག་བརྩམས་ཆོས་དང་ཁོ་ཚོས་ལོ་ཙཱ་དང་ངོ་སྤྲོད་བྱས་པའི་ནུབ་ཕྱོགས་སྙན་ངག་སྨྲ་བ་དག་གི་བརྩམས་ཆོས་བཀླག་རྒྱུ་གལ་ཆེ་ལ། ད་ལྟའི་རྒྱའི་དེང་རབས་སྙན་ངག་གི་དཔྱད་བརྗོད་པ་གྲགས་ཅན་ཀའོ་ཧོང་ཨན(郭宏安)དང་ཧོང་ཙི་ཁྲིན(洪子诚) ཏིས་ཅན་ཧྭ(狄建华)སོགས་ཀྱི་དཔྱད་རྩོམ་སྐོར། དེ་བཞིན་མི་ཐོག་འདིའི་སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར(Tom as Transtromer)དང་པའེ་ཏའོ(北岛)སོགས་ཀྱི་སྙན་ངག་ལ་ལྟ་ཀློག་དང་ཞིབ་འཇུག་བྱས་པ་ཡིན་ན་དེང་རབས་སྙན་ངག་ཅེས་པ་ཅི་ལྟ་བུ་ཞིག་ཡིན་པ་དང་། རང་ཅག་གི་སྙན་ངག་ལ་འབྱོར་ངེས་ཀྱི་ཡོན་ཏན་དེ་གང་དག་ཡིན་པ་ཧ་གོ་ཡོང་ངེས། ཡང་ཅིག་བཤད་ན། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་ཀྱི་ཁྱད་པར་དངོས་དེ་སྲོལ་རྒྱུན་པས་དངོས་ཡོད་གཞི་གྲུབ་པའི་གཏན་ཚིགས་ཀྱི་ཆོས་ཉིད་དེའི་སྟེང་སྒྱུ་རྩལ་གྱི་ཕབ་རྩི་བྱུགས་ཏེ་ནང་ཡུལ་ཅན་གྱི་དགའ་སྐྱོ་སོགས་ཚོར་འདུ་རགས་པ་སྣ་ཚོགས་ཤིག་མཚོན་གྱིན་པ་དང་། དེང་རབས་པས་གོ་ལྡོག་སྟེ་སེམས་ཁམས་ཀྱི་འཕྲོ་འདུ་རྙོག་འཛིང་ཅན་དེ་ལ་སྒྱུ་རྩལ་གྱི་ཕབ་རྩི་བྱུགས་ནས་གཉུག་གཤིས་དང་ཐག་ཉེ་བའི་བྱེ་བྲག་གི་དངོས་ཡོད་ཅིག་གམ་རྟོག་ལྗོངས་དོན་སྤྱི་བ་ཞིག་མཚོན་གྱིན་ཡོད་པས་ན་དེང་གི་སྙན་ངག་གསར་བ་འབྲི་བར་བོད་རང་གི་སྙན་ངག་སྔ་མ་དང་ནུབ་ཕྱོགས་ཀྱི་དེང་རབས་སྙན་ངག་གསར་མ་སོགས་ལ་སློབ་སྦྱོང་དང་ནང་འདྲེན་བྱ་རྒྱུར་བསམ་བློ་མང་པོ་ཞིག་གཏང་རྒྱུ་ཡོད་ཀི་བསམས་བྱུང་།
ཁྲི་སེམས་དཔའ། བཀའ་དྲིན་ཆེ།
རེ་རྐང་གླིང་། བཀྲ་ཤིས་བདེ་ལེགས།
འབྲེལ་ཡོད་འོས་སྦྱོར།