པད་མ་ཚེ་བརྟན་དང་ཞི་བདེ་ཉི་མ་གཉིས་ཀྱིས་གློག་བརྙན«ཐར་ལོ»གླེང་བ།
རྩོམ་པ་པོ།:ལྷ་རྒྱལ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-11
ཀློག་གྲངས།:
ལྷ་རྒྱལ་བཀྲ་ཤིས། ང་ཚོས་ལོ་ངོ་གཅིག་རིང་གློག་བརྙན«ཐར་ལོ»དང་འབྲེལ་ཡོད་ཀྱི་གསར་འགྱུར་གང་མང་ཞིག་ཐོས་མོད། གློག་བརྙན«ཐར་ལོ»དེ་དོན་དངོས་སུ་ཅི་འདྲ་ཞིག་ཡིན་པ་དང་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་ཕབ་སྐྲུན་བྱེད་དགོས་པ། འདིའི་ནང་དུ་གཙོ་བོ་ཅི་ཞིག་བཤད་ཀྱིན་ཡོད་པ་སོགས་མི་མང་པོ་ཞིག་གིས་ཤེས་ཀྱིན་མེད་པས། འདིར་རྒན་པད་མ་ཚེ་བརྟན་དང་ཞི་བདེ་ཉི་མ་གཉིས་གདན་ཞུ་གནང་སྟེ་གློག་བརྙན«ཐར་ལོའི»སྐོར་གླེང་རྒྱུ་ཡིན། རྒན་རྣམ་པ་གཉིས་བདེ་མོ་ཡིན་ནམ། ཐོག་མར་རྒན་པདྨ་ཚེ་བརྟན་ལགས་ནས་གློག་བརྙན«ཐར་ལོ»དེ་ཇི་འདྲ་ཞིག་ཡིན་པ་མཚམས་སྦྱོར་གནང་རོགས།
པད་མ་ཚེ་བརྟན། གློག་བརྙན་འདི་ན་ནིང་ནས་རང་གི་སྒྲུང་གཏམ་ཞིག་འཁྲབ་གཞུང་དུ་བསྒྱུར་ཏེ་ད་ལོའི་ཟླ་ལྔ་པ་ནས་བཟུང་ཕབ་སྐྲུན་གྱི་མགོ་བརྩམས་པ་ཡིན། དེའི་བརྗོད་བྱ་ནི་ང་རང་གི་ཕ་ཡུལ་ཁྲི་ཀ་དང་། གཞན་ཀོས་ནན། ཐུན་ཏེ་སོགས་ས་ཆ་གང་མང་དུ་སོང་ནས་ཕལ་ཆེར་ཟླ་ངོ་གཅིག་རིང་ཕབ་སྐྲུན་བྱས། ང་རང་གིས་འཁྲབ་གཞུང་འདི་ཐོག་མར་འབྲི་དུས«ཐར་ལོ»ཞེས་པའི་མི་སྣ་འདིའི་སྣང་བརྙན་དང་མཐུན་མཁན་རྒན་ཞི་བདེ་ཉི་མ་རེད་སྙམ་པའི་སེམས་ཚོར་ཞིག་བྱུང་། འཁྲབ་གཞུང་འདི་བྲིས་ཚར་བའི་རྗེས་ནས་ངས་ཁོ་ལ་བསྐུར་བ་དང་ཁ་བརྡ་ཡང་བྱས་པ་ཡིན། རྗེས་སུ་ངེད་གཉིས་ལ་མཉམ་འབྲེལ་བྱེད་པའི་གོ་སྐབས་ལྡན་སོང་བ་རེད། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཟི་ལིང་གི་གློག་བརྙན་ཁང་དག་ནས་སྟོན་རྒྱུ་ཡིན་ལ། བོད་ཁུལ་གྱི་གློག་བརྙན་ཁང་རྣམས་ནས་ཀྱང་རིམ་གྱིས་གཏོང་རྒྱུ་ཡིན་པས། དེ་དུས་ཚང་མ་གློག་བརྙན་ཁང་དུ་སོང་ནས་བོད་ཀྱི་གློག་བརྙན་གྱི་རྨང་གཞི་འཛུགས་བཞིན་པའི་གནས་སྐབས་འདི་འདྲ་ཞིག་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་རེད།
ལྷ་རྒྱལ་བཀྲ་ཤིས། རྒན་ཞི་བདེ་ཉི་མས་ལོ་ངོ་བཅུ་བདུན་རིང་རང་དང་ཁ་བྲལ་མ་མྱོང་བའི་སྐྲ་ལོ་དེ་གློག་བརྙན་ཕབ་སྐྲུན་གྱི་ཆེད་དུ་བཞར་དགོས་བྱུང་བ་རེད། རྒྱུ་མཚན་ཅི་ཞིག་གིས་འཁྲབ་སྟོན་པ་ཁྱེད་ཀྱི་སྐྲ་ལོ་དེ་བཞར་དགོས་པ་རེད། གློག་བརྙན«ཐར་ལོ»འཁྲབ་དུས་ཁྱེད་ཀྱིས་འདི་ལ་ངོས་འཛིན་ག་འདྲ་གནང་ཡོད།
ཞི་བདེ་ཉི་མ། གློག་བརྙན«ཐར་ལོའི»ངོས་ཐད་ནས་བཤད་ན་ང་ནི་འཁྲབ་སྟོན་པ་གཙོ་བོ་རེད། གློག་བརྙན་དེ་མ་འཁྲབ་པའི་སྔོན་ལ་ངས་པད་མ་ཚེ་བརྟན་གྱི«ཐར་ལོ»ཞེས་པའི་བརྩམས་སྒྲུང་དེར་ལན་གཅིག་བལྟས་མྱོང་ལ་དེ་ནི་བསམ་བློ་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་བརྩམས་སྒྲུང་ལེགས་པོ་ཞིག་རེད། སྐབས་དེ་དུས་ནས་ང་ལ་བརྩམས་སྒྲུང་དེའི་རྩོམ་རིག་སྣང་བརྙན་གྱི་ཤན་ཤུགས་བཞག་འདུག རྗེས་སུ་པད་མ་ཚེ་བརྟན་གྱིས་སྒྲུང་གཏམ་དེ་འཁྲབ་གཞུང་དུ་བཅོས་ནས་གློག་བརྙན་དུ་ཕབ་རྒྱུའི་འཆར་འགོད་བཟོས་འདུག ཁོས་ང་ལ་འབྲེལ་གཏུག་བྱས་ཏེ«ཐར་ལོའི»སྣང་བརྙན་འདི་ཁྱེད་ཀྱིས་འཁྲབ་ན་འོས་ཤིང་འཚམ་པ་ཞིག་རེད། ཁྱེད་རང་ལ་ཡིད་ཆེས་ཡོད་མེད་སྐོར་གྱི་བསམ་ཚུལ་ག་འདྲ་ཡོད་ཟེར། འཁྲབ་གཞུང་དེ་ང་ལ་བསྐུར་ནས་ཐོན་དུས་ངས་དགོང་མ་གཅིག་ལ་ཕལ་ཆེར་ཐེངས་གསུམ་ལ་བལྟས་པ་ཡིན། ཡང་དང་བསྐྱར་དུ་བལྟས་ན་གློག་བརྙན་འདིའི་བསམ་བློའི་བརྗོད་བྱ་གཏིང་ཟབ་ལ་མི་སྣའི་སྣང་བརྙན་ཡང་འབུར་དུ་ཐོན་པ། དུས་རབས་ཤིག་གི་དགའ་སྐྱོ་སྡུག་གསུམ་གྱི་སེམས་ཚོར་དེ«ཐར་ལོ»ཞེས་པའི་མི་སྣ་འདིའི་སེམས་གཤིས་དང་ལུས་སྟེང་དུ་གྲུབ་ཡོད། ངས་ལོ་ངོ་དུ་མའི་རིང་ལ་འཁྲབ་སྟོན་བྱས་རུང«ཐར་ལོ»ལྟ་བུའི་མི་སྣ་འཁྲབ་སྟོན་བྱེད་པ་ཐོག་དང་པོར་ཕྲད་པ་ཡིན། སྤྱི་ཚོགས་སྟེང་གི་མི་སྣ་གང་མང་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱ་རྒྱུ་དེ་ང་རང་གི་འགན་འཁྲི་ཞིག་ཡིན་ལ། ཡང་གཅིག་བཤད་ན་རང་གི་འཚོལ་སྙེག་གི་གོ་སྐབས་ཤིག་ཀྱང་རེད། དེའི་དབང་གིས«ཐར་ལོ»ཞེས་པའི་མི་སྣ་འདི་ནི་ཧ་ཅང་འགུག་ཤུགས་ལྡན་པ་ཞིག་ཡིན་པས་ང་རང«ཐར་ལོ»འཁྲབ་པར་འཐད་པ་ཡིན་ཞེས་ལན་བྱིན་པ་ཡིན།
རྒྱལ་ཁབ་ཕྱི་ནང་གང་ལ་སོང་ཡང་གསར་འགོད་པ་མང་པོ་ཞིག་གིས་ཤེས་འདོད་པ་ནི་གློག་བརྙན«ཐར་ལོའི»ཁྲོད་ཀྱི་ངའི་སྐྲ་བཞར་བའི་རྒྱུ་མཚན་དེ་རེད། «ཐར་ལོའི»གཏམ་རྒྱུད་བྱུང་རིམ་གྱི་དགོས་མཁོའི་སླད་དུ་རང་གི་སྐྲ་བཞར་དགོས་སོང་། ངས་ལོ་ངོ་བཅུ་བདུན་གྱི་རིང་ལ་སྐྲ་རིང་བོ་བཞག་པ་ཡིན་ལ། ལོ་འདི་དག་གི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡང་ན་འཕྱ་སྨོད། ཟུར་ཟ་སོགས་མང་པོ་ཞིག་སྐྲ་ལོ་འདིས་མཚོན་ཐུབ་ཀྱིན་ཡོད་དེ། ང་རང་ཉིད་ལ་མཚོན་ན་རང་གི་སྐྲ་ལོའི་ནང་དུ་འདི་ལྟ་བུའི་གྲུབ་ཆ་མང་པོ་ཞིག་འདུས་ཡོད། འདི་ང་རང་ཉིད་ལས་མི་གཞན་གྱིས་ཤེས་མི་སྲིད། ཚོར་བའི་སྐྲ་ལོ་འདི་དུས་ཡུན་ཐུང་ངུའི་ནང་བཞར་དགོས་ན་ང་རང་གི་སེམས་ནས་བཟོད་ཐབས་བྲལ་བ་ཞིག་རེད། ཡིན་ན་ཡང་། སྒྱུ་རྩལ་གྱི་ཆེད་དུའམ་རང་གི་དགའ་ཕྱོགས་ཤིག་གི་སླད་དུ་སྐྲ་བཞར་རྒྱུ་ཁས་བླངས་པ་ཡིན།
ལྷ་རྒྱལ་བཀྲ་ཤིས། རྒན་པད་མ་ཚེ་བརྟན་དང་ཁྱེད་གཉིས་ཀྱི་དགའ་སྐྱོ་ཆགས་སྡང་དེ་སྐྲ་ལོ་ལ་འཐིམ་སོང་ཟེར་མཁན་ཡང་མང་པོ་འདུག གང་ལྟར་གློག་བརྙན«ཐར་ལོས»མི་རྣམས་ལ་དྲི་བ་མང་པོ་བཏོན་སོང་། ཞོལ་ནས་གློག་བརྙན«ཐར་ལོ»ལ་དགའ་རྟགས་མང་པོ་ཐོབ་པའི་གོ་རིམ་འདི་རྒན་པད་མ་ཚེ་བརྟན་ཁྱེད་ཀྱིས་ཁ་བརྡ་ཞིག་བྱས་ན།
པད་མ་ཚེ་བརྟན། གློག་བརྙན«ཐར་ལོ»འདི་ཕྱི་རྒྱལ་དང་རྒྱལ་ནང་གི་གློག་བརྙན་དུས་ཆེན་ཉི་ཤུ་ལྷག་ལ་ཞུགས་པ་དང་། ད་ལྟའི་བར་དུ་བྱ་དགའ་རིགས་བཅུ་གཉིས་བཅུ་གསུམ་ཙམ་བླངས་ཡོད། ད་ཐེངས་ཀྱི་གློག་བརྙན་འདི་ལེགས་གྲུབ་བྱུང་ཡོད་པའི་རྒྱུ་མཚན་གཅིག་ནི་ཆེད་ལས་འཁྲབ་སྟོན་པ་རྒན་ཞི་བདེ་ཉི་མ། གཙོ་འཁྲབ་པ་གཡང་ཕྱུག་མཚོ་དང་བཅས་པའི་ཁོ་ཚོ་ལ་ཆེད་ལས་ཀྱི་སྙིང་སྟོབས་དེ་ཡོད་པས་ཡིན། དཔེར་ན་རྒན་ཞི་བདེ་ཉི་མ་ལྟ་བུར་མཚོན་ན་ན་ནིང་གི་ལོ་མཇུག་ཏུ་ཧྲང་ཧའེ་གློག་བརྙན་དཔྱད་བརྗོད་ཚོགས་པའི་ཕུལ་བྱུང་གློག་བརྙན་འཁྲབ་སྟོན་པར་བདམས་ཐོན་བྱུང་འདུག དེ་ཁོང་རང་ཉིད་དང་ཡང་ན་གློག་བརྙན«ཐར་ལོ»ལ་མཚོན་ན་གཟེངས་རྟགས་ཤིན་ཏུ་མཐོན་པོ་ཞིག་རེད། དེ་ནི་ཁོང་རྣམ་པས་ནང་སེམས་ཡོངས་སུ་གློག་བརྙན་འཁྲབ་སྟོན་ལ་ཞུགས་ཡོད་པས་ཡིན། ང་ཚོས་རྒན་ཞི་བདེ་ཉི་མའི་ལོ་བཅུ་བདུན་རིང་བཞག་པའི་རལ་བ་དེ་བཞར་པའི་གློག་བརྙན་ཚན་པ་དེ་ཕབ་སྐྲུན་ཚར་བའི་རྗེས། ངས་རིམ་གྱིས་རྒན་ཁོང་གི་གཏམ་རྒྱུད་མང་པོ་ཞིག་ཤེས་སོང་། ངས་ཁོང་ལ་ཚན་པ་དེ་འཁྲབ་དུས་མགོ་སྐྲ་བཞར་ན་ཁྱེད་ལ་ཚོར་བ་གང་འདྲ་ཞིག་འདུག་ཅེས་དྲིས་མྱོང་། སྐབས་དེར་ཁོང་གི་སེམས་ནས་མིག་ཆུ་བཞུར་སོང་ཟེར། ཁོ་ཚོ་ལ་ཆེད་ལས་ཀྱི་སྙིང་སྟོབས་དེ་མེད་ཚེ་གློག་བརྙན་འདི་ལེགས་འགྲུབ་བྱུང་དཀའ་རྒྱུ་རེད། གཡང་ཕྱུག་མཚོས་ཀྱང་སྔོན་ཆད་གློག་བརྙན་སྐོར་ཞིག་འཁྲབ་མྱོང་ཡོད་ལ། ཆེད་ལས་ཀྱི་གཞས་མ་ཞིག་ཀྱང་རེད། གློག་བརྙན་ནང་གི་མི་སྣ་གཡང་མཚོ་དང་མཐུན་པའི་ཆེད་དུ་ཕྱི་ཚུལ་ནས་འགྱུར་བ་མང་པོ་བཏང་ཡོད་དེ། དཔེར་ན། ང་ཚོས་གློག་བརྙན་འདི་ཕབ་སྐྲུན་བྱེད་དུས་མོའི་ལུས་ཀྱི་ལྗིད་ཚད་རྒྱ་མ་བརྒྱ་ལྷག་ཡོད་པ་རེད། ཡང་གློག་བརྙན་དེའི་དགོས་མཁོའི་དབང་གིས་ཁོ་མོའི་སྐྲ་ཡང་གཏུབས་ཡོད། འདི་ལྟ་བུའི་སྙིང་སྟོབས་ལྡན་པས«ཐར་ལོའི»ནང་གི་མི་སྣའི་སྣང་བརྙན་བཞེངས་གྲུབ་ཐད་ལ་ལེགས་འགྲུབ་བྱུང་ཡོད། མདོར་ན་འཁྲབ་སྟོན་པ་དང་བརྙན་ལེན་པ། སྒྲ་ལེན་པ། མཛེས་སྤྲས་པ་སོགས་ཚང་མའི་བློ་གྲོས་ཀྱི་རྩལ་དེ་འདུས་ཡོད།
ལྷ་རྒྱལ་བཀྲ་ཤིས། གློག་བརྙན«ཐར་ལོས»དུས་རབས་ཤིག་དང་མི་རབས་ཤིག་གི་སེམས་སྒྲ་འཛམ་གླིང་ཡོངས་ལ་ཐེངས་གཅིག་བསྒྲགས་པ་རེད། ཁྱེད་ཀྱིས་གློག་བརྙན་གང་ཞིག་ཕབ་སྐྲུན་བྱེད་དུས་འཁྲབ་སྟོན་པ་མི་རིགས་རང་གི་འཚོ་བ་ལ་ཆ་རྒྱུས་ཡོད་པའི་མི་རྣམས་འདེམ་བཞིན་ཡོད་ལ། ཁོ་ཚོ་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ངོ་སྤྲོད་བྱེད་ཀྱིན་ཡོད། ཁྱེད་རང་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱི་ལངས་ཕྱོགས་དེ་ཅི་འདྲ་ཞིག་ཡིན།
པད་མ་ཚེ་བརྟན། དེང་སྐབས་གློག་བརྙན་ཞིག་ཕབ་སྐྲུན་བྱེད་ན་ཕྱོགས་མང་པོར་རག་ལས་པ་རེད། གློག་བརྙན་དང་སྒྲུང་གཏམ་འབྲི་བ་གཉིས་ཅུང་མི་འདྲ་སྟེ། སྒྲུང་གཏམ་བྲིས་ནས་དུས་དེབ་སྟེང་བཀོད་ཆོག་ལ་མ་བཀོད་ཀྱང་ཆོག ཡིན་ཡང་གློག་བརྙན་ནི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས། དཔེར་ན་གོང་རིམ་ལས་ཁུངས་ཀྱི་ཆོག་མཆན་ཡི་གེ་ལེན་དགོས་པ་དང་རྒྱུ་ཆའི་ཐད་ནས་ཀྱང་རང་ལ་འདེམ་གསེས་ཤིག་ཡོད་དགོས། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། ཁྱི་རྒན། འཚོལ། གཡང་མདའ། ད་ཐེངས་ཀྱི«ཐར་ལོ»བཅས་ཚང་མ་དངོས་ཡོད་འཚོ་བ་རྨང་གཞི་བྱས་ཏེ་དེའི་ནང་ནས་རྒྱུ་ཆ་བཙལ་ནས་གཏམ་རྒྱུད་བསྒྲིགས་པ་ཡིན། གཏམ་རྒྱུད་ཀྱི་དགོས་མཁོའི་དབང་གིས་ད་ཐེངས་ཀྱི«ཐར་ལོ»ལྟ་བུར་མཚོན་ན། མི་སྣ་དེ་འདྲའི་རྙོག་འཛིང་མ་རེད་མོད། མི་སྣ་དེའི་སེམས་ཁམས་དང་འཁྲབ་སྟོན་གྱི་ཆུ་ཚད་མཐོ་དགོས་པ་རེད། དེ་བས་འཁྲབ་སྟོན་པ་འདེམ་དུས་ཀྱང་ཆེད་ལས་ཀྱི་འཁྲབ་སྟོན་པ་བདམས་པ་ཡིན། གཏམ་རྒྱུད་འདིའི་བརྗོད་དོན་ཕྱོགས་ནས་ང་རང་གིས་བསྟན་དོན་འདི་དང་དེ་ཡིན་ཞེས་གསལ་བོར་བཤད་མི་འདོད། ལྟ་མཁན་རེ་རེ་ལ་རང་གི་ལྟ་ཚུལ་རེ་རེ་ཡོད་དེ། ད་ཐེངས་ཉིའུ་ཡོ་གྲོང་ཁྱེར་ནས་གློག་བརྙན་ཐེངས་གཉིས་ལ་བསྟན་རྗེས་ལྟ་མཁན་དང་མཉམ་དུ་གླེང་མོལ་བྱས་པ་ཡིན། དེ་དུས་གློག་བརྙན་ལ་གོ་བ་ལེན་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཡོད་དེ། ཁ་ཤས་ཀྱིས་གློག་བརྙན་འདིའི་ནང་མིའི་ཁེར་རྐྱང་བཤད་ཀྱིན་ཡོད་ཟེར་བ་དང་ཁ་ཤས་ཀྱིས་མིའི་ཐོབ་ཐང་གི་སྐོར་དེ་བཤད་ཀྱིན་ཡོད་ཟེར། འདི་ལས་གཞན་པའི་འགྲེལ་བ་རྒྱག་སྟངས་ཀྱང་ཡོད། «ཐར་ལོའི»གཏམ་རྒྱུད་ཀྱི་ཐད་ནས་བཤད་ན་ང་རང་གི་བསམ་ཚུལ་ལ་བོད་ཀྱི་ལྟ་མཁན་ཞིག་ཡིན་ན་ནང་ལོགས་དང་ཕྱི་རྒྱལ་གྱི་ལྟ་མཁན་ལས་གོ་བ་ལེན་བདེ་བོ་ཡོད་སྙམ།
ལྷ་རྒྱལ་བཀྲ་ཤིས། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཟི་ལིང་ནས་མགོ་བརྩམས་ཏེ་བོད་ཁམས་ཡོངས་སུ་གློག་བརྙན«ཐར་ལོ»དངོས་སུ་སྟོན་རྒྱུ་རེད། རྒན་ཞི་བདེ་ཉི་མའི་ངོས་ནས་བཤད་ན་མི་རབས་ཤིག་གི་གཏམ་རྒྱུད་རིང་མོ་དེ་ཁྱེད་རང་གི་ངོས་ནས་མཚོན་དུ་འཇུག་དགོས། གློག་བརྙན་གྱི་ཚན་པ་གང་ཞིག་ནས་ཁྱེད་རང་འཁྲབ་སྟོན་པ་དང་སྒྱུ་རྩལ་ཡིན་པའི་ཆ་དེ་མངོན་དུ་འཇུག་ཐུབ།
ཞི་བདེ་ཉི་མ། ཁྱེད་ཀྱི་འདྲི་ཚིག་འདི་ཅུང་རྣོ་བ་ཞིག་དང་གཏིང་ཟབ་པ་ཞིག་རེད། ང་རང་ཉིད་ལ་མཚོན་ན་གར་སྟེགས་འཁྲབ་སྟོན་གྱི་གོ་རིམ་ཁྲོད་ནས་ང་ནི་བཞད་གར་རང་བཞིན་གྱི་འཁྲབ་སྟོན་པ་ཞིག་ཡིན།«ཐར་ལོ»ནི་ངས་ད་ལྟའི་བར་འཁྲབ་མ་མྱོང་བའི་མི་སྣ་ཞིག་རེད། འཁྲབ་སྟོན་གྱི་ཆ་ནས་འདི་ནི་འཁྲབ་སྟོན་གྱི་གྲུབ་མཐའ་རིགས་ཤིག་རེད། ང་ལ་མཚོན་ན་ཤིན་ཏུ་དཀའ་ཁག་ཆེན་པོ་འདུག འོན་ཀྱང་། ང་ལ་སྤྲོ་སྣང་ཡང་ཡོད། ཅིའི་ཕྱིར་ཞེ་ན། འཁྲབ་སྟོན་སྒྱུ་རྩལ་པ་ཞིག་ལ་མཚོན་ན་འཁྲབ་སྟོན་གྱི་གྲུབ་མཐའ་དང་འཁྲབ་ལུགས་གཅིག་གཏན་ཁེལ་གྱིས་འཁྲབ་ན་ཡང་མི་འགྲིག་པར་སྤྱི་ཚོགས་འཚོ་བའི་ཁྲོད་ན་མི་སྣ་སྣ་མང་ཞིག་ཡོད་པས། ཁྱེད་ཀྱིས་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་འོས་མཐུན་གྱི་སྒོ་ནས་མི་སྣ་དེ་གསར་བཞེངས་བྱ་རྒྱུ་ནི་འཁྲབ་སྟོན་པ་ཞིག་གི་སྒྱུ་རྩལ་ངོ་མ་དེ་རེད་དེ་རང་གི་བློ་སྦྱོང་ཡང་ཅི་ལ་མིན། ད་ཐེངས«ཐར་ལོ»འཁྲབ་དུས་དཀའ་ཁག་ཡོད་ཀྱང་རང་གི་སྒྱུ་རྩལ་ཐད་ཀྱི་ངོས་ཟིན་དང་ཡང་ན་ལོ་ངོ་དུ་མའི་རིང་ལ་སྒྱུ་རྩལ་གྱི་ལས་ལ་ཞུགས་པའི་མཐའ་མའི་གསོག་འཇོག་སྟེ། སྒྱུ་རྩལ་ཐད་ཀྱི་ཤེས་ནུས་དེ«ཐར་ལོའི»སྟེང་དུ་བཀོལ་ཡོད། «ཐར་ལོ»ནི་དོན་དམ་གྱིས་ཅི་འདྲ་ཞིག་རེད་ཅེ་ན། མཁར་གྲོང་དང་ཧ་ཅང་རྒྱང་ཐག་རིང་བའི་རྫ་ལུང་རི་ཀླུང་ནས་ཁོའི་མི་ཚེའི་ཕྱེད་ཀ་འདས་པ་དང་། ཁེར་རྐྱང་གི་འཚོ་བར་གོམས་ལོབས་སུ་གྱུར་ཡོད་པའི་ལུག་རྫི་ཁེར་ཧྲེང་ཞིག་རེད། ལུག་རྫི་འདི་འདྲ་ཞིག་ལ་སྐབས་དེའི་ཁོར་ཡུག་ཁྲོད་མི་གཞི་དང་སེམས་ཁམས་ཡ་མཚན་ཅན་ཞིག་ཆགས་ཡོད་ཅིང་། མི་དང་མིའི་བར་འབྲེལ་འདྲིས་བྱེད་པར་རྣམ་འགྱུར་ཡ་མཚན་ཆགས་ཡོད་པར་མ་ཟད། སྐད་ཆ་བཤད་སྟངས་དང་འགྲོ་ལས་འདུག་སྟངས་སོགས་གཞན་དང་མི་གཅིག་པ་ཞིག་རེད། ང་ཚོས་ཕྱི་ཚུལ་ནས་བལྟས་ན་བབ་ཆགས་དང་སྟབས་བདེའི་མི་སྣ་ཞིག་ཡིན་མོད། སྐབས་དེའི་མི་སྣ་འདིའི་སེམས་ཁམས་དེ་སྤྱི་ཚོགས་འདི་དང་དུས་རབས་འདིས་སྟབས་བདེ་མིན་པ་ཞིག་ཏུ་བཟོས་ཡོད། སེམས་ཁམས་དེ་འཚོ་བའི་གོ་རིམ་ཁྲོད་ནས་འཕོ་འགྱུར་དང་རྙོག་འཛིང་། འགལ་འདུ་སོགས་ཀྱིས་གྲུབ་པ་དང་། ཕྱི་ཚུལ་ནས་མི་མཐོང་ཡང་ནང་སེམས་སུ་དེ་འདྲའི་དཀའ་ངལ་ཡོད་པ་རེད། དུས་རབས་ཀྱི་རྣམ་པ་དེ་མི་ཞིག་གིས་མཚོན་དགོས་ན་གནད་འདི་གསལ་བོར་ཤེས་དགོས། འདི་འདྲའི་མི་སྣ་ཞིག་མཚོན་རྒྱུ་དེ་ང་ལ་མཚོན་ན་དཀའ་ཁག་ཆེ་ཡང་གློག་བརྙན་འདི་ཕབ་སྐྲུན་བྱེད་དུས་པད་མ་ཚེ་བརྟན་ལགས་ཀྱིས་སེམས་ཞིབ་མོས་ང་ལ་ཡང་ཡང་མཛུབ་ཁྲིད་བྱས་ཏེ། འཁྲབ་སྟོན་གྱི་ཉམས་འགྱུར་དང་ཐབས་ལམ། མཚོན་སྟངས་ལ་སོགས་པ་ཕྱོགས་གང་ཅིའི་ཐད་ནས་སྣེ་སྟོན་བྱས་པ་དང་། རང་ཉིད་ཀྱིས་ཧུར་བརྩོན་དང་མི་སྣ་ངོས་ཟིན་བྱས་པ་ཟུང་འབྲེལ་གྱིས་གློག་བརྙན་ནང་གི«ཐར་ལོ»དེ་བཞེངས་སྐྲུན་བྱས་པ་ཡིན། བརྩམས་ཆོས་མ་གཞི་ནས་ཕུལ་ཏུ་བྱུང་བ་དང་གོ་དོན་ཟབ་མོ། སྒྱུ་རྩལ་གྱིས་ཕྱུག་པ་ཞིག་ཡིན་པས་དེའི་ཁྲོད་ཀྱི་མི་སྣ་དེར་རང་ཤུགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གློག་བརྙན་དུས་ཆེན་ནང«ཐར་ལོ»ལ་གདེང་འཇོག་ཚད་མཐོན་པོ་བྱས་ཡོད་པར་མ་ཟད། འཁྲབ་སྟོན་སྒྱུ་རྩལ་པ་ཐམས་ཅད་ཀྱིས་ང་ལ་ཁྱེད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ཚོད་འཛིན་ནུས་པ་ཧ་ཅང་ལེགས་པར་བཤད་པས། གློག་བརྙན་འདི་དང་མི་སྣ་འདི་ལ་ཧ་ཅང་དད་གུས་ཆེ་བའི་སེམས་ཚོར་ཞིག་འདུག
ལྷ་རྒྱལ་བཀྲ་ཤིས། སྔོན་དྲ་ལམ་ནས་གློག་བརྙན་འདི་རྒྱལ་ཁབ་འགའ་ཞིག་ཏུ་བསྟན་ཡོད་ཟེར། རྒྱལ་ཁབ་གང་དག་ནས་བསྟན་པ་ཡིན།
པད་མ་ཚེ་བརྟན། གློག་བརྙན་འདི་རྒྱལ་ཁབ་མང་པོ་ཞིག་ནས་བསྟན་ཡོད། ན་ནིང་ཟླ་དགུ་པར་ཝེ་ཉི་སིའི་གློག་བརྙན་དུས་ཆེན་ཏེ། རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་ཡོད་པའི་ཡ་གྱལ་གྱི་གཅིག་རེད་ལ། དེ་ནས་འཛམ་གླིང་གི་ཐོག་མའི་གཟུགས་འབུལ་གྱི་མཛད་སྒོ་དེ་སྤེལ་བ་ཡིན། དེའི་རྗེས་ནས་གློག་བརྙན་དུས་ཆེན་འཕྲོ་རིམ་འཕྲོར་སུམ་ཅུ་ལྷག་ལ་སོང་ཡོད་པ་དང་། རྒྱལ་ཁབ་བཅོ་ལྔ་ཉི་ཤུ་ཙམ་ནས་བསྟན་ཡོད། ཁ་གཏོད་ས་གཙོ་བོ་གློག་བརྙན་དུས་ཆེན་ཡིན། ཉིའུ་ཡོ་དང་བྱང་ཨ་མེ་རི་ཁའི་རྒྱལ་ཁབ་འགའ་ནས་དུས་ཡུན་རིང་བོར་སྟོན་རྒྱུའི་འཆར་གཞི་བཟོས་ཡོད་ལ། ད་ལྟ་དབྱིན་ཇིའི་རྒྱལ་ཁབ་ཏུ་འགྲེམ་སྤེལ་གྱི་མགོ་བརྩམས་ནས་གྲོང་ཁྱེར་མང་པོའི་གློག་བརྙན་ཁང་ནས་བསྟན་པའི་བརྡ་ཐོན་གྱིན་འདུག དེ་མིན་ཧྥ་རན་སི་སོགས་རྒྱལ་ཁབ་གཞན་གྱི་འགྲེམ་སྤེལ་ལས་ཁུངས་སུ་འབྲེལ་བ་བྱས་ཡོད། བོད་ཁུལ་ནས་ཟླ11པའི་ཚེས18ཉིན་ནས་བཟུང་སྟོན་རྒྱུའི་འཆར་གཞི་ཡོད་ལ། ཟླ12པའི་ཚེས9ཉིན་ནས་བཟུང་རྒྱལ་ནང་གི་གྲོང་ཁྱེར་སོ་སོ་ནས་སྟོན་རྒྱུའི་འཆར་གཞི་ཡོད། དེ་མིན་ཤང་ཀང་དང་ཐེ་ཝན་སོགས་ནས་སྟོན་རྒྱུའི་འཆར་གཞིའང་ཡོད།
ལྷ་རྒྱལ་བཀྲ་ཤིས། ཟླ11པའི་ཚེས18ཉིན་ཟི་ལིང་གི་གློག་བརྙན་ཁང་ནས་སྟོན་རྒྱུ་ཡིན་ནམ།
པད་མ་ཚེ་བརྟན། རེད། གློག་བརྙན་འདི་ཕབ་སྐྲུན་བྱེད་ས་ང་ཚོའི་ཨ་མདོའི་མཚོ་སྔོན་ས་ཆ་རེད། གློག་བརྙན་གྱི་སྐད་ཀྱང་ཨམ་སྐད་ཡིན་ལ་འཁྲབ་སྟོན་པ་ཞི་བདེ་ཉི་མ་དང་བཀྲ་ཤིས། གཡང་ཕྱུག་མཚོ་སོགས་ཚང་མ་ཡང་ཨ་མདོ་བ་རེད། དེ་བས་ང་ཚོས་བོད་ཀྱི་ཐོག་མའི་འགྲེམ་སྤེལ་དེ་ཟི་ལིང་གཏན་ཁེལ་བྱས་ཤིང་། རིམ་གྱིས་ས་ཆ་སོ་སོ་ནས་སྟོན་རྒྱུ་ཡིན། དེ་མིན་ལན་གྲུ་དང་ཁྲིན་ཏུའུ་སོགས་བོད་མི་ཅུང་མང་བའི་གྲོང་ཁྱེར་ནས་ཀྱང་སྟོན་རྒྱུ་ཡིན།
ལྷ་རྒྱལ་བཀྲ་ཤིས། གཏན་ཁེལ་བྱས་ཟིན་པའི་ས་ཆ་གང་དག་ནས་སྟོན་རྒྱུའི་འཆར་གཞི་ཡོད།
པད་མ་ཚེ་བརྟན། བོད་ཁུལ་ནས་དཀའ་ཁག་གཙོ་བོ་ཞིག་ཡོད་པ་ནི་གློག་བརྙན་ཁང་མེད་པ་དེ་རེད། རྫོང་རིམ་པར་ང་ཚོས་རྩད་བཅད་ཀྱང་ས་ཆ་མང་པོ་ཞིག་ན་གློག་བརྙན་ཁང་མི་འདུག ང་ཚོས་གློག་བརྙན་འདི་བཟོ་དུས་ཀྱང་བརྙན་དང་སྒྲ་ཚང་མ་གློག་བརྙན་གྱི་ཚད་ལྟར་བཟོས་པ་ཡིན་ལ། གློག་བརྙན་གྱི་ཚོར་བ་དེ་ངེས་པར་དུ་གློག་བརྙན་ཁང་དུ་སོང་ན་ཤེས་ཐུབ།
ལྷ་རྒྱལ་བཀྲ་ཤིས། སྤྱིར་གློག་བརྙན་འདིའི་འཁྲབ་གཞུང་འདི་ཁྱེད་རང་གིས་འདས་ཟིན་པའི་ལོ་ཟླའི་ཁྲོད་ནས་རུམ་འོང་བའི་སྒོ་ང་ལྟ་བུ་རེད། སྒོ་ང་འདིའི་ནང་དུ་བྱ་རིགས་ཤིག་ཡོད་ལ། བྱ་དེའི་མདོག་ཅི་འདྲ་ཞིག་ཡིན་པ་མི་མང་པོས་དཔྱད་འཇོག་བྱེད་ཀྱིན་ཡོད། གློག་བརྙན་འདི་ཕབ་སྐྲུན་བྱས་ཚར་ནས་རང་གིས་ཕྱིར་གློག་བརྙན་འདིར་བལྟས་ན་ཁྱེད་རང་གིས་ཐོག་མར་བཟོས་པའི་འཆར་གཞི་དང་མཐའ་མར་ཡོངས་འགྲུབ་བྱས་རྗེས་ཀྱི་གློག་བརྙན་བར་ན་བར་ཐག་ག་འདྲ་ཞིག་ཡོད།
པད་མ་ཚེ་བརྟན། «ཐར་ལོའི»གཏམ་རྒྱུད་འདི་ཐོལ་བྱུང་གི་གཏམ་རྒྱུད་ཅིག་ཡིན། རལ་བ་བཞག་ཡོད་པས«ཐར་ལོ»འདི་གློ་བུར་དུ་ངའི་ཀླད་པའི་ནང་དུ་དྲན་འོང་ཞིང་མི་སྣ་དེ་གཞིར་བྱས་ཏེ་གཏམ་རྒྱུད་འདི་བཟོས་པ་ཡིན། གཏམ་རྒྱུད་འདིའི་ནང་ང་རང་བརྒྱུད་མྱོང་བའི་ཚོར་བ་དང་འཚོ་བ་སོགས་ཕྱོགས་མང་པོ་ཞིག་འདུས་ཡོད། གློག་བརྙན་འདི་ལས་དུས་ཀྱང་ང་རང་གིས«ཐར་ལོའི»གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་ཞེས་པ་གཞིར་བཟུང་ནས་ལས་པ་ཡིན། དེ་བས་ཁ་ཤས་ཀྱིས་གློག་བརྙན་ལ་བལྟས་རྗེས་བོད་མིའི་རྣམ་ཤེས་ཀྱི་རང་གཟུགས་མཐོང་ཐུབ་ཅེས་གོ་བ་ལེན་མཁན་ཡང་ཡོད། ང་རང་གིས་བསམ་ན་ཚང་མས«ཐར་ལོ»ལ་བལྟས་རྗེས་རང་ཉིད་གློག་བརྙན་འདིའི་ཁྲོད་ནས་མཐོང་ཐུབ་ལ། མི་རིགས་འདིའི་འདས་སོང་གི་ལོ་རྒྱུས་ཀྱང་ཕལ་ཆེར་མཐོང་ཐུབ་སྙམ། དེའི་ཕྱིར། འཁྲབ་གཞུང་གྲུབ་པ་ནས་གློག་བརྙན་གྲུབ་པའི་བར་དུ་ང་རང་གིས་བཤད་འདོད་པ་ཕལ་ཆེར་ནང་དུ་ཐོན་འདུག ང་རང་ལ་མཚོན་ན་རང་གི་གློག་བརྙན་ལྔ་པོ་ལས་ཆེས་ཡིད་ཚིམ་པ་འདི་རེད།
ལྷ་རྒྱལ་བཀྲ་ཤིས། གློག་བརྙན་འདི་རང་གི་ཕ་ཡུལ་ནས་ཕབ་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན།
པད་མ་ཚེ་བརྟན། གློག་བརྙན་ཞིག་ཡིན་ན་དཔལ་འབྱོར་གྱི་རྨང་གཞི་ཞིག་ཡོད་ལ། གློག་བརྙན་འདི་ནི་དཔལ་འབྱོར་གྱི་མ་རྩ་ཉུང་ངུ་ཡིན་པའི་གློག་བརྙན་ཞིག་ཡིན། དེ་བས་གློག་བརྙན་འདི་ཕབ་སྐྲུན་བྱེད་དུས་ང་ཚོས་དུས་ཚོད་མང་པོ་སྤྱད་དེ་ས་ཆ་མང་པོར་སོང་ནས་ཡུལ་ལྗོངས་འདེམ་པ་དང་། གཏམ་རྒྱུད་ཀྱི་དགོས་མཁོ་ལྟར་ཁང་བ་ཞིག་གསར་དུ་ལས་པ་སོགས་ཀྱི་གོ་སྐབས་མི་འདུག གཏམ་རྒྱུད་འདི་འབྲི་དུས་ཀྱང་ང་རང་གིས་བརྒྱུད་མྱོང་བའི་འཚོ་བ་དང་ཚོར་བ་མང་པོ་ཞིག་འདིའི་ནང་དུ་འདུས་ཡོད། ང་རང་ཆུང་དུས་ཀྱི་ལུག་འཚོ་ས་དང་རང་ཉིད་བསྡད་མྱོང་སའི་གྲོང་བརྡལ་ཆུང་བ་སོགས་ད་དུང་ཇི་བཞིན་དུ་གནས་ཡོད་པས་གློག་བརྙན་འདི་ཕ་ཡུལ་ནས་ཕབ་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན།
ལྷ་རྒྱལ་བཀྲ་ཤིས། རྒན་ཞི་བདེ་ཉི་མ་ཁྱེད་ལ་མཚོན་ན་སྒྱུ་རྩལ་གྱི་ལམ་ཁ་འདི་བསྙེགས་ནས་ལོ་མང་པོ་འགོར་འདུག ལྷག་པར་དུ་ཁྱེད་ཀྱིས་གློག་བརྙན་སྐད་སྦྱོར་གྱི་བྱ་བ་དུས་ཡུན་རིང་བོར་ལས་པ་དང་། སྙན་ངག་འབྲི་བ་དང་གླུ་ཚིག་འབྲི་བ། གར་ཆུང་འཁྲབ་པ་སོགས་ཀྱི་ལམ་ཁ་མང་པོ་ཞིག་བརྒྱུད་རྗེས་གློ་བུར་དུ«ཐར་ལོ»ལྟ་བུའི་མི་སྣ་ཞིག་འཁྲབ་དགོས་བྱུང་། གློག་བརྙན«ཐར་ལོ»འདིས་ཁྱེད་ཀྱི་སྒྱུ་རྩལ་གྱི་ལམ་ཁར་སྔར་དང་མི་མཚུངས་པའི་བག་ཆགས་ཟབ་མོ་དང་ཚོར་བ་རྣོ་ཤོས་ཅི་ཞིག་བཞག་འདུག
ཞི་བདེ་ཉི་མ། ང་རང་ཉིད་ལ་མཚོན་ན་བྱ་བའི་ལས་གནས་སྟེང་ཆེད་ལས་གློག་བརྙན་སྐད་སྦྱོར་རེད། ཕལ་ཆེར་མི་ཚེ་གང་བོར་གློག་བརྙན་སྐད་སྦྱོར་གྱི་ལས་ཀ་བསྒྲུབས་པ་རེད། སྒྱུ་རྩལ་གྱི་ལས་ཀ་མང་པོར་གསབ་ཞུགས་བྱས་པས་སྒྱུ་རྩལ་གྱི་ཐབས་ལམ་དང་སྒྱུ་རྩལ་གྱི་ཚད་ཐིག་སོགས་ཀྱི་ཐད་ནས་བློ་སྦྱོང་ངེས་ཅན་འཐོབ་ཡོད། སྐབས་འདིར«ཐར་ལོ»ལྟ་བུའི་མི་སྣ་ཞིག་ལ་ཕྲད་པ་འདི་ང་རང་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་གོ་སྐབས་ལེགས་པོ་ཞིག་རེད། ངའི་སྒྱུ་རྩལ་གྱི་ལམ་ཁ་འདིའི་མཐོ་རླབས་དེ«ཐར་ལོ»འཁྲབ་པའི་སྟེང་ནས་མཚོན་གྱིན་ཡོད།
ལྷ་རྒྱལ་བཀྲ་ཤིས། ཁ་སང་དེ་རིང་ང་ཚོས་མཐོང་བཞིན་པ་ནི«ཐར་ལོ»དང་འབྲེལ་བ་ཡོད་པའི་དྲིལ་སྒྲོག་གི་བརྙན་ཐུང་དང་པར་རིས་རེད། གཡང་ཕྱུག་མཚོས་སྐྲ་གྲི་ཁྱེད་ཀྱི་མགོར་བཞག་ནས་སྐྲ་ལོ་སར་འཐོར་དུས་སྐྲའི་ཉག་མ་རེ་རེའི་གསེང་དུ་གཏམ་རྒྱུད་མང་པོ་ཞིག་སྦས་འདུག འདི་ལ་མི་མང་པོ་ཞིག་གིས་གོ་བ་ལེན་སྟངས་མི་འདྲ་བ་རེ་རེ་ཡོད་སྲིད། «ཐར་ལོ»འཁྲབ་སྟོན་བྱེད་པའི་གོ་རིམ་ཁྲོད་ཁྱེད་ཀྱི་མ་འོངས་པའི་སྒྱུ་རྩལ་གྱི་ལམ་ཁ་ལ་ཕན་པ་ཅི་ཞིག་ཡོད།
ཞི་བདེ་ཉི་མ། ང་རང་འཁྲབ་སྟོན་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་གི་གློག་བརྙན་འཁྲབ་སྟོན་གྱི་གར་སྟེགས་སྟེང་གློག་བརྙན་གྱི་ཆེད་ལས་པ་དང་གློག་བརྙན་ལ་དགའ་མཁན་མང་པོ་ཞིག་གིས་ངོ་ཤེས་སོང་བ་རེད། བོད་ཀྱི་འཁྲབ་སྟོན་པ་ཞི་བདེ་ཉི་མ་ཞེས་སྔོན་ཆད་གར་ཆུང་འཁྲབ་སྟོན་པ་ཞིག་གིས་གློག་བརྙན་འཁྲབ་སྟོན་བྱས་ཏེ་གློག་བརྙན་ཁྲོད་མི་སྣ་འདི་འདྲ་ཞིག་བཞེངས་འདུག་ཅེས་གདེང་འཇོག་བྱས་བྱུང་། འདི་ཡང«ཐར་ལོ»ཞེས་པའི་བརྩམས་ཆོས་འདི་ཕུལ་དུ་བྱུང་བ་དང་རིན་ཐང་ཅན་ཞིག་ཡིན་པར་རག་ལས་ཡོད། ངས་རང་གི་སྒྱུ་རྩལ་གྱི་བློ་སྦྱོང་ལ་བརྟེན་ནས་འཛམ་གླིང་ལ་འཁྲབ་སྟོན་བྱས་ཏེ་མི་རྣམས་ཀྱིས་གདེང་འཇོག་བྱས་པ་འདི་རང་ཉིད་ལོ་དུ་མའི་རིང་ལ་སྒྱུ་རྩལ་གྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་འབྲས་བུ་ཡིན་པར་སྙམ།
ལྷ་རྒྱལ་བཀྲ་ཤིས། ངས་སྔོན་ཆད་གྲོགས་པོ་འགར་ཞི་བདེ་ཉི་མས་གློག་བརྙན་སྐད་སྦྱོར་བྱེད་སྐབས་གློག་བརྙན་ཁྲོད་ཀྱི་མི་སྣ་རེ་རེའི་ངོ་གདོང་གི་རྣམ་འགྱུར་ལ་བལྟས་ནས་སྐད་སྦྱོར་བྱས་པ་ཡིན་པས། ཞི་བདེ་ཉི་མའི་སེམས་ཀྱི་སྦྱོང་བརྡར་ལས་ཆེད་ལས་རྣལ་མ་ཞིག་གི་ཁྱད་ཆོས་མངོན་འདུག་ཅེས་བཤད་མྱོང་། རྒན་པད་མ་ཚེ་བརྟན་ཁྱེད་ཀྱིས་བལྟས་ན་ངས་བཤད་པའི་སྐད་ཆ་འདི་ལ་གནས་ལུགས་ཡོད་དམ།
པད་མ་ཚེ་བརྟན། གློག་བརྙན་འཁྲབ་སྟོན་པ་ཞིག་ཆེད་ལས་འཁྲབ་སྟོན་པ་ཞིག་ཏུ་འགྱུར་དགོས་ན་ཆ་རྐྱེན་མང་པོ་ཞིག་འདུག དཔེར་ན། འཁྲབ་སྟོན་པ་ཁོ་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་འཁྲབ་སྟོན་གྱི་ཉམས་མྱོང་། འཚོ་བའི་ཉམས་མྱོང་། སློབ་སྦྱོང་གི་ཉམས་མྱོང་སོགས་ཕྱོགས་མང་པོ་ཞིག་ལ་རག་ལས་ཡོད། རྒན་ཞི་བདེ་ཉི་མས་སྔོན་ཆད་སྐད་སྦྱོར་གྱི་བྱ་བ་མང་པོ་ལས་པ་རེད། སྐད་སྦྱོར་གྱི་གོ་རིམ་ཁྲོད་ནས་ཁོས་གློག་བརྙན་མང་པོར་བལྟས་ཡོད་པ་དེས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་མིན་ཁོ་རང་སྔོན་ཆད་འཁྲབ་སྟོན་པ་རེད། ད་ཐེངས་ཀྱི་གློག་བརྙན་འདིའི་མི་སྣ་དེ་ཁོས་སྔོན་ཆད་ཀྱི་འཁྲབ་སྟོན་དང་ཁ་ཁ་ཡིན་ཡང་ཁོང་ལ་ཉམས་མྱོང་མང་པོ་ཞིག་ཡོད། ཆེད་ལས་ཀྱི་འཁྲབ་སྟོན་པ་ཞིག་ཡིན་ན་ངེས་པར་དུ་སློབ་གྲྭ་ཞིག་གམ་འཁྲབ་སྟོན་སྡེ་ཁག་ཅིག་ཏུ་སོང་ནས་འཁྲབ་སྟོན་སྦྱོང་བ་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་རང་ཆེད་ལས་ཀྱི་འཁྲབ་སྟོན་པ་ཞིག་ཏུ་འགྱུར་བའི་གོ་སྐབས་ཡོད་སྲིད།
ལྷ་རྒྱལ་བཀྲ་ཤིས། རྒན་ལགས་ཀྱིས«ཐར་ལོ»ཚུད་པའི་གློག་བརྙན་ལྔ་ཕབ་སྐྲུན་བྱས་ཡོད་ལ«ཐར་ལོ»ཕུད་པའི་གློག་བརྙན་བཞི་སྔར་བོད་ཁམས་ནས་བསྟན་ཟིན་པ་རེད། དེ་བས་དྲ་ལམ་ཁག་ན་འབྲེལ་ཡོད་ཀྱི་དཔྱད་བརྗོད་ཀྱང་ཐོན་ཡོད། འདིའི་ཐད་ནས་ཁ་བརྡ་ཞིག་བྱས་ན།
པད་མ་ཚེ་བརྟན། གློག་བརྙན་ནི་ཆེད་ལས་དང་འབྲེལ་བ་དམ་པོ་ཡོད་པའི་ལས་རིགས་ཤིག་རེད། གློག་བརྙན་ཐར་ལོ་ཕབ་སྐྲུན་བྱས་རྗེས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འགྲོ་ཐུབ་ཀྱིན་པ་འདི་ཡང་ཆེད་ལས་ཀྱི་ཚད་ཐིག་ཅིག་རེད། འོན་ཀྱང་མི་ལ་ལས་དེ་ནི་བོད་ཀྱི་རིག་གནས་དང་བོད་ཀྱི་ཁྱད་ཆོས་གློག་བརྙན་དུ་ཐོན་པས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་རྒྱལ་སྤྱིའི་གློག་བརྙན་ཆེད་མཁས་པས་དམིགས་བསལ་གྱིས་དོ་སྣང་བྱས་པ་རེད་ཅེས་བཤད་ཀྱིན་ཡོད། འདི་ལྟ་བུའི་བཤད་ཚུལ་མང་པོ་ཡོད་དེ། ངའི་གློག་བརྙན་དང་པོ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནས་ད་རག་བར་དུ་འདི་འདྲའི་བཤད་ཚུལ་མང་པོ་རྒྱུན་དུ་ཐོས་ཡོང་། འོན་ཀྱང་། གློག་བརྙན་སྒྱུ་རྩལ་གྱི་ཐད་ནས་བཤད་ན་དེ་འདྲ་ཞིག་གཏན་ནས་མ་རེད། འཛམ་གླིང་དུ་མི་རིགས་ཉིས་སྟོང་ལྷག་ཡོད། ལོ་རེ་བཞིན་གློག་བརྙན་གསར་བ་ལྔ་སྟོང་ཙམ་ཐོན་གྱིན་ཡོད། དེའི་ནང་ནས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་པོའི་ནང་འགྲོ་ཐུབ་ཀྱིན་པ་ཉུང་ཉུང་རེད། དེའི་ནང་དུ་ཚུད་དགོས་ན་གློག་བརྙན་ལ་སྒྱུ་རྩལ་གྱི་ཚད་ཐིག་ངེས་ཅན་ཞིག་དགོས། དེ་བས་བོད་ལ་མཚོན་ན་གློག་བརྙན་རིག་གནས་དེ་སོ་མར་དར་བ་ཞིག་ཡིན་པས་དེ་ལ་རྨང་གཞི་མེད། དཔེར་ན། གློག་བརྙན་གྱི་ཐ་སྙད་འདི་བཤད་དུས་ཀྱང་གློག་བརྙན་དང་བརྙན་འཕྲིན་ཞེས་བཤད་ལ། ཡང་ས་ཆ་ལ་ལ་ནས་ལྟད་མོ་ཞེས་ཀྱང་འབོད། ད་དུང་བརྙན་ཟློས་ཞེས་ཟེར་བ་སོགས་གཅིག་གྱུར་གྱི་ཐ་སྙད་ཀྱང་མེད། འཛམ་གླིང་ལྟ་བུ་ལ་མཚོན་ན་གློག་བརྙན་དང་བརྙན་འཕྲིན་གཉིས་ལས་རིགས་ཁ་ཁ་དང་ཆེད་ལས་ཁ་ཁ་རེད། བོད་ལ་མཚོན་ན་དེ་གཅིག་ཏུ་གྱུར་ཡོད་པ་རེད། བོད་ནས་གློག་བརྙན་གྱི་རྨང་གཞི་ཞིག་ཆགས་དགོས་ན་ཐོག་མར་གློག་བརྙན་གྱི་རྒྱུན་ཤེས་ཁྱབ་གདལ་དུ་གཏོང་དགོས། དེ་མིན་ཚེ་གློག་བརྙན་ལས་ཀྱང་ཚད་ལྡན་གྱི་ལྟ་མཁན་ཞིག་མེད་སོང་བ་རེད། ཕྱི་རྒྱལ་ལ་མཚོན་ན་སྒྱུ་རྩལ་གྱི་གློག་བརྙན་ཡིན་ན་དེ་སྟོན་སའི་གློག་བརྙན་ཁང་མང་པོ་ཡོད་ལ། དེ་གར་གློག་བརྙན་ལྟ་མཁན་གྱི་ཚོགས་པ་གྲུབ་ཡོད། གློག་བརྙན་དར་ནས་ལོ་ངོ་བརྒྱ་ལྷག་འགོར་ཡོད་པ་དང་། དེའི་རིང་ལ་ལྟ་མཁན་མང་པོ་ཞིག་སྐྱེད་སྲིང་བྱས་འདུག་ལ། ལྟ་མཁན་དེ་འདྲ་མང་པོ་ཞིག་གིས་གློག་བརྙན་ལ་རྒྱབ་སྐྱོར་བྱས་ཡོད། དེའི་དབང་གིས་གློག་བརྙན་གྱི་དཔྱད་བརྗོད་ཀྱང་རང་ཤུགས་ཀྱིས་གྲུབ་ཡོད།
ཞི་བདེ་ཉི་མ། གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འགྲོ་ཐུབ་པའི་རྒྱུ་རྐྱེན་ནི་གློག་བརྙན་གྱི་བརྗོད་བྱ་བོད་ཀྱི་རིག་གནས་དང་བོད་ཀྱི་ཡུལ་ལྗོངས། བོད་ཀྱི་འཚོ་བ་ཡིན་པས་རེད་ཅེས་གླེང་བ་ནི་ཤིན་ཏུ་མི་འཐད་དེ། གནའ་ནས་ད་བར་དུ་རང་རྒྱལ་དུ་གྲངས་ཉུང་མི་རིགས་ལ་དམིགས་བསལ་གསོ་སྐྱོང་བྱེད་པའི་འདུ་ཤེས་ཤིག་ཆགས་ཡོད། ཡིན་ན་ཡང་འཛམ་གླིང་ནི་དེ་ལྟ་མ་ཡིན་པར་ལོ་གཅིག་གི་ནང་གློག་བརྙན་ལྔ་སྟོང་ནས་དྲུག་སྟོང་བྱུང་གིན་ཡོད་ལ། དེ་རྣམས་ཀྱང་རིགས་རྒྱུད་མི་གཅིག་པ་དང་མི་རིགས་མི་གཅིག་པ། ཐ་ན་ང་ཚོས་གོ་ཡང་མ་མྱོང་བའི་མི་རིགས་གང་མང་ཡོད། དེ་ལ་དམིགས་བསལ་གྱི་དབང་ཆ་དང་དམིགས་བསལ་གྱི་བཟང་རྟགས་སྟེར་མི་སྲིད། ཚད་འཇལ་བྱེད་ནི་གློག་བརྙན་གྱི་སྒྱུ་རྩལ་དང་ལག་རྩལ། ཡང་ན་ཐབས་ལམ་དང་བསམ་བློ་སོགས་མང་པོ་ཞིག་ཕྱོགས་འདུས་ཀྱིས་གྲུབ་པ་ཞིག་ཡིན་ལ། ངེས་པར་དུ་འཛམ་གླིང་གི་སྒྱུ་རྩལ་གྱི་ཚད་ཐིག་ཏུ་ཐོན་དགོས། དཔེར་ན་རྒྱལ་ནང་དུ་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་དང་བརྩམས་ཆོས་ཤིག་ཡིན་ན་དེར་དམིགས་བསལ་གྱིས་བྱ་དགའ་ཞིག་སྟེར་གྱིན་ཡོད། དེ་ནི་རྒྱལ་ནང་གི་བསམ་བློ་གཏོང་ཕྱོགས་ཤིག་རེད། འཛམ་གླིང་དུ་དེ་ཡོད་པ་མ་རེད། གལ་ཏེ་དམིགས་བསལ་དུ་གཏོང་དགོས་ན་འཛམ་གླིང་དུ་དམིགས་བསལ་ཅན་མང་པོ་ཞིག་འབྱུང་ངེས་རེད།
ལྷ་རྒྱལ་བཀྲ་ཤིས། ངས་གོང་ནས་དྲི་བ་འདི་འདྲི་བའི་དམིགས་ཡུལ་ནི། ངས་དུས་ཡུན་རིང་པོར་བོད་ཀྱི་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་མང་པོའི་སྐོར་ནས་བགྲོ་གླེང་བྱས་པ་ཡིན། དེ་བས་གློག་བརྙན་དང་རྩོམ་རིག བརྙན་འཕྲིན་ཟློས་གར་སོགས་ཟུར་མི་འདྲ་བ་མང་པོར་དོ་སྣང་བྱེད་ཀྱིན་ཡོད། དོ་སྣང་བྱེད་པའི་གོ་རིམ་ཁྲོད་དུ་བོད་ཀྱི་ཤེས་ཡོན་པ་དག་གིས་བོད་ཀྱི་གློག་བརྙན་གྱིས་རང་ཉིད་ལ་བག་ཆགས་ག་འདྲ་ཙམ་བཞག་ཡོད་པ་ཡིག་ངོར་ཕབ་མཁན་ཧ་ཅང་ཉུང་ཉུང་རེད་སྙམ། འདི་ལས་བོད་ཀྱི་ཤེས་ཡོན་པ་ཚོས་བོད་ཀྱི་གློག་བརྙན་ལ་དོ་སྣང་བྱེད་ཀྱིན་མེད་པ་ཚོར་ཐུབ། འདི་འདྲ་ཙམ་བཤད་བསམ་པ་དེ་ཡིན། མཚམས་འདི་ནས་ཁྱེད་གཉིས་ཀྱིས་ད་དུང་བཤད་འདོད་པ་ཅི་ཞིག་ཡོད།
པད་མ་ཚེ་བརྟན། བོད་ལ་མཚོན་ན་གློག་བརྙན་ནི་གསར་དུ་དར་བའི་ལས་རིགས་ཤིག་རེད། གློག་བརྙན་འདི་ལ་རྨང་གཞི་ཞིག་ཆགས་དགོས་ན་ཕྱོགས་མང་པོའི་མཐུན་རྐྱེན་འཛོམས་དགོས། གཅིག་ནི་ཆེད་ལས་ཀྱི་གློག་བརྙན་བཟོ་མཁན་སྐོར་ཞིག་དགོས་པ་རེད། དེ་མིན་ཆེད་ལས་ཀྱི་གློག་བརྙན་དཔྱད་བརྗོད་སྤེལ་མཁན་ཡང་དགོས་ལ། ཆེད་ལས་སམ་ཡང་ན་གློག་བརྙན་གྱི་གོ་རྟོགས་ཡོད་པའི་ལྟ་མཁན་ཡང་སྐོར་ཞིག་དགོས། འདི་འདྲའི་མཐུན་རྐྱེན་འཛོམས་ན་གློག་བརྙན་འདི་དར་ནས་ས་གནས་ཤིག་གི་གློག་བརྙན་དང་མི་རིགས་ཤིག་གློག་བརྙན་དར་རྒྱས་འགྲོ་བའི་གོ་སྐབས་ཡོད། ད་ལྟ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ཁྲོད་ན་གློག་བརྙན་ལ་དགའ་མཁན་དང་སྤྲོ་བ་ཡོད་མཁན། སློབ་སྦྱོང་བྱེད་མཁན། ཡང་ན་མ་འོངས་པར་གློག་བརྙན་གྱི་ལས་འདིར་ཞུགས་འདོད་མཁན་མང་པོ་ཡོད། འདི་ནི་གནས་ཚུལ་ལེགས་པོ་ཞིག་རེད། གལ་ཏེ་གཞོན་སྐྱེས་ཀྱི་ཁྲོད་ནས་འདིའི་ཐད་ལ་སྤྲོ་བ་སྐྱེས་ཏེ་ཆེད་ལས་རང་བཞིན་གྱིས་སྦྱངས་ན་མ་འོངས་པར་གློག་བརྙན་གྱི་ཕབ་སྐྲུན་པ་དང་འཁྲབ་སྟོན་པ། དཔྱད་བརྗོད་པ་སོགས་ཕྱོགས་གང་ཐད་ནས་འཐུས་ཚང་ཞིག་ཡོང་ངེས་རེད། འདི་ནི་གློག་བརྙན་གྱི་རྨང་གཞི་ཆགས་པ་དང་དེའི་སྟེང་ནས་དར་སྤེལ་ཡོང་བའི་ཆ་རྐྱེན་ཞིག་རེད། གཞན་རྒྱུ་རྐྱེན་དུ་མའི་དབང་གིས་བོད་ཀྱི་གློག་བརྙན་བཟོ་ཁག་པོ་ཡོད། གཅིག་ནས་ཆོག་མཆན་གྱི་བརྒྱུད་རིམ་དེ་བརྒྱུད་རྒྱུ་དཀའ་བ་དང་གློག་བརྙན་བཟོ་བའི་མ་རྩ་ངེས་ཅན་ཞིག་མཁོ་བས་དེའི་མ་རྩ་བཙལ་རྒྱུ་དཀའ་བ། དཔེར་ན་རྒྱ་ནག་གི་གློག་བརྙན་ཞིག་ཡིན་ན་གློག་བརྙན་དེ་བཟོས་པའི་རྗེས་ནས་མ་རྩ་དེ་ཕྱིར་བསྡུ་བ་སོགས་ལ་བསམ་བློ་གཏོང་དགོས་ལ། གློག་བརྙན་གྱི་ཁ་གཏོད་སའི་ལྟ་མཁན་ཡང་མང་པོ་ཞིག་ཡོད། འོན་ཀྱང་བོད་ཀྱི་གློག་བརྙན་ཚོང་ལས་ཐད་ནས་བཤད་ན་རྒྱ་ཆེན་པོ་ཞིག་མ་རེད། བོད་ཀྱི་ས་ཆ་ཞིག་ནས་གློག་བརྙན་ལས་ནས་ཚོང་ར་བོད་ལ་ཁ་གཏད་ན་གློག་བརྙན་གྱི་མ་རྩའི10%ཡང་ཕྱིར་ལོན་ཁག་པོ་རེད། དེ་བས་བོད་ཀྱི་གློག་བརྙན་ནི་གསར་དུ་འབུས་པའི་མྱུ་གུ་ལྟ་བུ་ཡིན་པས་ཚང་མས་དེ་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་རེད། འདིར་ང་གཅིག་པུའི་གློག་བརྙན་ལ་རྒྱབ་སྐྱོར་བྱེད་དགོས་པའི་ནང་དོན་མིན་པར། དེང་སྐབས་གཞོན་སྐྱེས་ཁྲོད་ཀྱི་གློག་བརྙན་ལས་མཁན་རྣམས་ཀྱི་བརྩམས་ཆོས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་དགོས་པའི་དོན་ཡིན། ད་ལོའི་ལོ་སྟོད་ཙམ་ལ་གློག་བརྙན«ཐར་ལོ»བཟོས་མ་ཚར་བའི་གོང་ལ་པར་ངོས་ཤིག་འཁྱར་སོང་བ་རེད། བོད་ནང་ཁུལ་ནས་མི་སྐོར་ཞིག་གིས་དེར་བལྟས་ཡོད། གློག་བརྙན་ཕབ་སྐྲུན་པ་དང་འཁྲབ་སྟོན་པ། བཟོ་སྐྲུན་པ་ཚང་མར་མཚོན་ན་ཤིན་ཏུ་ཡིད་ཕངས་པ་ཞིག་རེད། ང་རང་གི་བསམ་ཚུལ་ཡིན་ན་གློག་བརྙན་དེ་དང«ཐར་ལོའི»གློག་བརྙན་དངོས་གཉིས་བསྡུར་ན་ཁ་ཁ་ཡིན་འདུག་ལ། དེར་བལྟས་དང་མ་བལྟས་ཀྱི་ཁྱད་པར་མི་འདུག གློག་བརྙན་ཞིག་ཡིན་ན་སྒྲ་དང་གཟུགས་གཉིས་ཀ་ནས་མཚོན་གྱིན་ཡོད་པས་གློག་བརྙན་དེ་སྒྲ་གཟུགས་གང་ཡིན་རུང་ད་དུང་འགྲུབ་མེད། དེ་བས་ཚང་མ་གློག་བརྙན་ཁང་དུ་སོང་ནས«ཐར་ལོ»ཞེས་པའི་གློག་བརྙན་འདི་ལ་རོལ་མྱོང་ཞིག་བྱས་ན་ཅི་འདྲ་ཞིག་ཡིན་པ་ཤེས་ཐུབ། འདི་ཙམ་བཤད། བཀྲ་ཤིས་བདེ་ལེགས།
ཞི་བདེ་ཉི་མ། བོད་ཀྱི་གློག་བརྙན་ལྟ་མཁན་དང་དཔྱད་བརྗོད་པ། གློག་བརྙན་ལས་མཁན་ཐམས་ཅད་ལ་ཅི་ཞིག་གི་འདུ་ཤེས་ཤིག་ཆགས་དགོས་ཤེ་ན། གཙོ་བོ་ཆེད་ལས་རེད། དེང་སང་ན་གཞོན་ཕལ་མོ་ཆེ་གློག་བརྙན་གྱི་ལས་འདིར་སྤྲོ་བ་ཆེ་བ་འདི་ཤིན་ཏུ་དགའ་འོས་པ་ཞིག་རེད། ཡིན་ན་ཡང་། དགའ་སྤྲོ་ཁོ་ན་སྐྱེས་པས་མི་ཆོག་སྟེ། གློག་བརྙན་ནི་སྒྱུ་རྩལ་སྣ་མང་ཞིག་གིས་གྲུབ་པ་ཡིན་པས་ཆེད་ལས་ཀྱི་སྦྱོང་བ་སྔོན་དུ་འགྲོ་དགོས། དེ་བས་ན་གཞོན་དང་ཤེས་ལྡན་པ་ཐམས་ཅད་ཀྱིས་གློག་བརྙན་ཞིག་ལ་བལྟས་རྗེས་ཀྱི་སེམས་ཚོར་དང་དཔྱད་བརྗོད་ཅིག་འབྲི་དགོས་ན་ཐོག་མར་གློག་བརྙན་སྒྱུ་རྩལ་ཕྱོགས་ཀྱི་བློ་སྦྱོང་ངེས་ཅན་ཞིག་ཡོད་དགོས། དེ་མིན་ཚེ་གློག་བརྙན་གྱི་དཔྱད་བརྗོད་ཅིག་འབྲི་ཁག་པོ་རེད། ཡིན་ཡང་ང་ཚོས་བྱ་བ་གང་ལའང་ཚད་མཐོན་པོ་ཞིག་འཛིན་མི་རུང་བར་གོམ་པ་རེ་རེ་བཞིན་སྤོས་ན་གློག་བརྙན་སྒྱུ་རྩལ་གྱི་ཕུགས་བསམ་དེ་མངོན་འགྱུར་ཐུབ་ངེས། རང་རེའི་བོད་ལ་གློག་བརྙན་ལ་བལྟ་བའི་འདུ་ཤེས་མེད་པ་རེད། འདིའི་རྒྱུ་མཚན་ནི་རང་སྟེང་གི་སྐྱོན་ཆ་ཞིག་ཀྱང་མ་ཡིན་ཏེ། ས་གནས་སྲིད་གཞུང་གནས་སའི་རྫོང་རིམ་པ་དང་ཁུལ་རིམ་པ་ན་ཚད་ལྡན་གྱི་གློག་བརྙན་བལྟ་ས་ཞིག་མེད་པ་རེད། ང་རང་བོད་ཁམས་སུ་འཁྲབ་སྟོན་ལ་སོང་མྱོང་། སྔོན་ཆད་ཀྱི་གློག་བརྙན་བལྟ་ས་ཞིག་ཡོད་པ་དེ་རྗེས་སུ་ཟློས་གར་ཁང་དུ་བསྒྱུར་བ་དང་། ཡང་དེའི་རྗེས་སུ་འཁྲབ་སྟོན་བྱེད་ས་དང་ཇ་འཐུང་ས། ཚོང་གཉེར་ས་སོགས་སུ་ཆགས་པས་གློག་བརྙན་སྟོན་ས་མེད་སོང་བ་རེད། དེ་བས་བོད་མི་རྣམས་ལ་གློག་བརྙན་ལ་བལྟ་བའི་འདུ་ཤེས་སྐྱེད་སྲིང་བྱེད་ས་མེད་པ་ཆགས་འདུག གཞན་མདོ་དབུས་ཁམས་གསུམ་དུ་བོད་སྐད་ཀྱི་བརྙན་འཕྲིན་ལས་ཁུངས་གསུམ་ཡོད་པ་དང་། བརྙན་འཕྲིན་ལས་ཁུངས་ཁག་ནས་ད་ལྟ་བཟོ་དང་བཟོ་བཞིན་པའི་ཕུལ་བྱུང་གློག་བརྙན་གཙིགས་སུ་བཟུང་ནས་གཏོང་རྒྱུ་གལ་ཆེ་ཞིང་། དེ་ལྟར་བྱས་ན་མི་རྣམས་ཀྱིས་བོད་ཀྱི་གློག་བརྙན་འདི་འདྲ་ཞིག་རེད་ཅེས་ངེས་ཤེས་ཤིག་འཐོབ་ཐུབ་པ་དང་། བོད་ཀྱི་གློག་བརྙན་ལ་བལྟ་བའི་འདུ་ཤེས་སྐྱེད་སྲིང་བྱེད་པར་ཕན་ཐོགས་པ་རེད། གཞན་སློབ་ཆེན་སོ་སོ་ན་བོད་ཡིག་ལས་གཞན་ཆེད་ལས་གློག་བརྙན་ཅན་མེད་པ་རེད། འདིའི་ཐད་ནས་ཀྱང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིད་འཇོག་བྱས་ན་ལེགས་སྙམ། ཟླ11པའི་ཚེས18ཉིན་གློག་བརྙན«ཐར་ལོ»བོད་ཁམས་ནས་སྟོན་རྒྱུ་རེད། སྐབས་དེར་ཚང་མ་གློག་བརྙན་ཁང་དུ་སོང་ནས་གློག་བརྙན«ཐར་ལོ»གཙོ་བྱས་པའི་གློག་བརྙན་ལ་བལྟ་རྒྱུ་ང་རང་གི་རེ་བ་ཡིན། ཐུགས་རྗེ་ཆེ།
ལྷ་རྒྱལ་བཀྲ་ཤིས། རྒན་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ། བཀྲ་ཤིས་བདེ་ལེགས།
རྩོམ་ཁུངས། «ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས»ལས་དྲངས།

འབྲེལ་ཡོད་འོས་སྦྱོར།