logo

བོད་ཀྱི་ཕུལ་བྱུང་ན་གཞོན་མདོ་འཛིན་པ་ཡེ་ཤེས་སྒྲོལ་མ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-08-08 ཀློག་གྲངས།:
ཁུ་བྱུག་གྲེ་འགྱུར་སྙན་པ་དཔྱིད་ཀྱི་དཔལ།
བུ་མོའི་གསུང་སྐད་འཇམ་པ་མཛངས་མའི་བརྒྱན།

མཚམས་སྦྱོར།
       ཡེ་ཤེས་སྒྲོལ་མ་ནི་བོད་ལྗོངས་ཆབ་མདོ་ནས་སྐྱེས་ཤིང་། ད་སྐབས་བོད་ལྗོངས་བརྙན་འཕྲིན་ཁང་གི་རིམ་པ་དང་པོའི་སྙན་སྒྲོན་པ་ཡིན་ལ། རྒྱ་བོད་སྐད་གཉིས་ཀྱི་མདོ་འཛིན་པའི་ལས་དོན་གཉེར་བཞིན་ཡོད། བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ན་གཞོན་མཉམ་འབྲེལ་ཚོགས་པའི་རྒྱུན་ཨུ་དང་། གསར་འགྱུར་པར་སྐྲུན་དང་སྨྱན་སྦྱོར་གསར་པའི་སྡེ་ཚན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། བྱ་བར་ཞུགས་པའི་བགྲང་བྱ་བཅུ་ལྷག་གི་རིང་། མོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དང་། ལོ་བསྟུད་མར་བོད་ལྗོངས་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་དང་བོད་ལྗོངས་ཀྱི་ལོ་སར་དགོང་ཚོགས་གཙོ་སྐྱོང་བྱས་པར་མ་ཟད། ད་དུང«རང་མདངས།»དང«ཤེས་དཔལ་བོད་ལྗོངས།» «ཚོགས་ཆེན་གཉིས་ཀྱི་གླེང་སྟེགས།» «འཚོ་བའི་ཡེ་ཤེས།» ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཐད་གཏོང་བྱེད་སྒོ་ཆེ་གྲས«དེང་གི་དུས་ལ་ལྟ་བ།»དང་། «སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དགྱེས་སྟོན།» «དེང་གི་ཀྲུང་གོ།»ཞེས་པའི་བོད་ལྗོངས་ཀྱི་ལེའུ་སོགས་དང་། «བཀྲ་ཤིས་པའི་བསྟོད་གླུ། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པ་བོད་ལ་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་བསྐྱོད།»ཅེས་པ་སོགས་ཀྱི་བྱེད་སྒོ་སོགས་ལེ་ཚན་ཆེ་གྲས་མང་པོར་གཙོ་སྐྱོང་བྱས། 2020ལོར། «ཡེ་ཤེས་སྒྲོལ་མའི་མཐོང་ཐོས།»ཞེས་པའི་ལེ་ཚན་བཟོས་ཏེ་ས་གནས་ཀྱི་ཏོག་གསར་རིམས་ནད་ཁུལ་གྱི་གནས་ཚུལ་གསར་ཤོས་སྤེལ་བ་དང་། བརྙན་ཐུང་མང་པོ་ཞིག་གི་ལྟ་ཉན་བྱས་ཚད་མི་ཐེངས་ཁྲི10ཡན་ཟིན་ཞིང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད། ཁོ་མོར་སྐབས་གཉིས་པའི་ཀྲུང་གོའི་ཕུལ་བྱུང་སྙན་སྒྲོན་དང་མདོ་འཛིན་པའི་གསེར་ངག་བྱ་དགའ་དང་སྐབས་ཉེར་བདུན་པའི་ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གླག་བྱ་དགའི་བུད་མེད་གཙོ་སྐྱོང་པའི་མིང་འདོན་བྱ་དགའ་དང་སྐབས་སོ་གཉིས་པའི་ཀྲུང་གོའི་གསར་འགྱུར་གྱི་ཨང་གསུམ་པ། སྐབས་བཅུ་དྲུག་པའི་བོད་ལྗོངས་ལྔ་བཞི་གཞོན་ནུའི་གཟེངས་རྟགས། 2020ལོའི་བོད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན། 2021ལོའི་བོད་ལྗོངས་ཀྱི་བོད་ལྗོངས་གསར་པའི་གཞོན་ནུ་གསར་པའི་འཐུས་མི་རྩེ་གྲ་བཅུ། 2022ལོའི«ཡེ་ཤེས་སྒྲོལ་མའི་མཐོང་ཐོས།»ཀྱི་མུ་འགོད་ལ་བོད་ལྗོངས་གསར་འགྱུར་བྱ་དགའི་ཨང་དང་པོ་སོགས་ཀྱི་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད།
 
བཅར་འདྲིའི་ལེའུ།
གསར་འགོད་པ། ཐོག་མར་ཁྱེད་རང་ལ་སྐབས་གཉིས་པའི་ཀྲུང་གོའི་ཕུལ་བྱུང་སྙན་སྒྲོན་དང་མདོ་འཛིན་པའི་གསེར་ངག་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུ། དེའི་ཐད་ནས་མྱོང་ཚོར་མདོར་ཙམ་གླེང་བར་ཞུ། ཡང་ཁྱེད་རང་བོད་རྒྱ་སྐད་གཉིས་ཀྱི་མདོ་འཛིན་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། དུས་རྒྱུན་མདོ་འཛིན་བྱེད་སྐབས་འགྲན་སློང་གང་དག་ལ་འཕྲད་སྲིད་དམ། ཁྱེད་ཀྱིས་བལྟས་ན་བོད་རྒྱ་སྐད་གཉིས་ཀྱི་མདོ་འཛིན་པ་དང་གསར་འགོད་པ་སྔར་བས་མང་པོ་གསོ་སྐྱོང་བྱེད་དགོས་དོན་ཡོད་དམ།
ཡེ་ཤེས་སྒྲོལ་མ། བཀའ་དྲིན་ཆེ། འདི་འདྲའི་བྱ་དགའ་ཆེན་མོ་ཞིག་ཐོབ་པ་ནི་ང་རང་མུ་མཐུད་དུ་ཧུར་བརྩོན་མདུན་བསྐྱོད་བྱེད་པའི་སྒུལ་ཤུགས་ཡིན། མཚར་སྡུག་འོད་སྟོང་འབར་བའི་ཁ་སང་གིས་དེ་རིང་གི་ཚབ་བྱེད་མི་ཐུབ། ཞེས་པ་ནང་བཞིན། ང་རང་དུས་བསྟུན་མདུན་བསྐྱོད་ཁྲོད་འཚར་ལོངས་འབྱུང་བཞིན་ཡོད་པ་དང་། ལག་ལེན་གྱི་ཁྲོད་ཉམས་མྱོང་གསོག་བཞིན་ཡོད། རང་ཉིད་མདོ་འཛིན་གྱི་ལས་ལ་ཧ་ཅང་དགའ་ཞེན་ཆེ་བས། མ་འོངས་པ་ན་མུ་མཐུད་དུ་རང་གི་ཕུགས་འདུན་གྱི་ཆེད་དུ་ཕྱོགས་གང་ཅིའི་ཐད་ནས་འབད་འབུངས་ལྷོད་མེད་བྱ་རྒྱུ་ཡིན།
       དེའང་བོད་ལྗོངས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན། མདོ་འཛིན་པ་དང་གསར་འགོད་པའི་ཁ་གཏད་ཡུལ་ནི་ས་གནས་ཀྱི་གཟིགས་མོ་བ་ཁོ་ནས་མ་ཚད། ལེ་ཚན་གྱི་མཚོན་སྟངས་ཀྱང་སྣ་མང་ཅན་དང་དེང་རབས་ཅན་དུ་འགྱུར་བཞིན་ཡོད། དེ་བས་ངས་བལྟས་ན་བོད་རྒྱའམ་ཡང་ན་རྒྱ་དབྱིན་ནམ་ཡང་ན་བོད་དབྱིན་བཅས་སྐད་གཉིས་ཀྱི་ལམ་ནས་ལེ་ཚན་མདོ་འཛིན་བྱ་རྒྱུའམ་ཡང་ན་གསར་འགོད་བྱ་རྒྱུ་ནི་སྟེས་དབང་གིས་བྱུང་བ་ཞིག་རེད་ལ། དེ་ནི་དུས་རབས་ཀྱི་དགོས་མཁོ་ཞིག་ཀྱང་རེད། ཐད་གཏོང་ལེ་ཚན་ཡང་ན་ཕབ་ལེན་ལེ་ཚན་གང་ཡིན་རུང་། བྱ་དངོས་ཡོད་ཚད་ཕན་ཚུན་སྦྲེལ་བའི་གཞི་གྲངས་ཆེན་པོའི་དུས་རབས་འདིར། སྒེར་གྱི་སྨྱན་སྦྱོར་སོགས་སྨྱན་སྦྱོར་ཚང་མའི་གསར་འགྱུར་ཚ་ཤོས་འགོད་པར་བྲེལ་ཡོད། ཐོལ་བྱུང་དོན་རྐྱེན་གསར་འགོད་ཁྲོད་དུ། གལ་ཏེ་ཁྱེད་ཀྱིས་དང་ཐོག་བསྒྲུབ་དགོས་པ་ནི་གསར་འགོད་མིན་པར་ལོ་ཙཱ་འཚོལ་དུ་འགྲོ་དགོས་ན། ངས་བསམ་ན་གསར་འགྱུར་དེ་གཞན་གྱི་སྔོན་ལ་འགོད་ངེས། དེ་བས་གསར་འགོད་པ་དང་མདོ་འཛིན་པའི་འོས་ཤིང་འཚམ་པའི་ངང་སྐད་གཉིས་ཀྱི་ལམ་ནས་གསར་འགྱུར་སྤེལ་ཏེ། སྐད་རིགས་གཉིས་གོ་རིམ་ལྡན་པའི་ངང་སྦྲེལ་ཐུབ་པ་མངོན་འགྱུར་ཐུབ་ན་དེ་ནི་ཧ་ཅང་དོན་སྙིང་ལྡན་པའི་བྱ་བ་ཞིག་གོ །  
       ཡང་བཅར་འདྲིའི་ལེ་ཚན་དང་བྱ་དགའ་སྤྲོད་པའི་དགོང་ཚོགས་སོགས་ཀྱི་བཅར་འདྲིའི་བརྒྱུད་རིམ་དུ། མདོ་འཛིན་པ་དང་ལོ་ཙཱ་དང་སྐུ་མགྲོན་བཅས་ཟུང་དུ་འབྲེལ་བའི་རྣམ་པ་ལ་སྐྱོན་འགའ་ཡོད་དེ། སྐད་ཆའི་ལོ་ཙཱ་དང་བསྐྱར་ཟློས་སྣ་ཚོགས་ཀྱི་ཁྲོད་དུ། གཅིག་ནི་མདོ་འཛིན་པའི་སྐད་ཆ་བཤད་དབང་ཤོར་སླ་བ་དང་། གཉིས་ནི་ལེ་ཚན་ལ་གོ་རིམ་ཅི་ཡང་མེད་པས་གཟིགས་མོ་བ་ཤོར་སླ། དེ་དང་བསྡུར་ན། སྐད་གཉིས་མདོ་འཛིན་པ་དང་གསར་འགོད་པས་སྐུ་མགྲོན་ལ་གདོང་གཏད་དུས་ལོ་ཙཱའི་འགོར་འགྱངས་ཐེབས་ངེས་པའི་བར་མཚམས་ལས་སྒྲོལ་ཐུབ་པ་དང་། ཆ་འཕྲིན་འབྲེལ་འདྲིས་སྔར་བས་ཐད་ཀར་དང་ཡང་དག་པ་ཡིན་ལ། གསར་འདོན་བྱས་པའི་ཆ་འཕྲིན་སྔར་བས་གནད་དུ་འཁེལ་བར་གྱུར་ཡོད། དེ་མིན། ང་ཚོའི་ཞིང་ཆེན་གཞན་དག་གིས་བྱེད་སྒོ་གཙོ་སྐྱོང་གནང་སྐབས་རྒྱུན་དུ་ས་གནས་ཀྱི་སྐད་ཆ་རེ་གཉིས་བཤད་དགོས་པ་དང་། གྲོང་གསེབ་ཏུ་འཁྲབ་སྟོན་གཙོ་སྐྱོང་བྱེད་པར་འགྲོ་སྐབས་ལྷག་ཏུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་གཙོ་སྐྱོང་བྱེད་དགོས། གནས་ཚུལ་དེ་འདྲའི་འོག །སྐད་གཉིས་མདོ་འཛིན་པའི་ལེགས་ཆ་མངོན་ཡོད། དཔེར་ན། ང་ཚོའི་དེ་སྔའི་བོད་ལྗོངས་བརྙན་འཕྲིན་ཁང་གི་སྙན་སྒྲོན་པའམ་མདོ་འཛིན་པ་རྒན་པ་རྒན་རྣམ་རྒྱལ་གཡང་འཛོམས་ལགས་ལ་མདོ་འཛིན་གྱི་ནུས་པ་དང་སྐད་གཉིས་ཀྱི་ནུས་པ་རྒྱུད་གཅིག་ཏུ་འཛོམས་པས། ལེ་ཚན་གྱི་ཁ་ཕྱོགས་ལ་གཙོ་ཁྲིད་དང་། གཟིགས་མོ་བའི་ཡིད་དབང་འགུག་པའི་ཐད་ཀྱི་ལེགས་ཆ་ཧ་ཅང་མངོན་གསལ་དོད། མདོ་འཛིན་པའི་བྱང་ཚད་མཐོ་དམན་དེའང་ལེ་ཚན་གྱི་སྤུས་ཚད་མཐོ་དམན་ལ་རག་ལས། ཆབ་མདོའི་བུ་མོ་ཞིག་ཡིན་པའི་ངོས་ནས་ངས་ལྷ་སའི་སྐད་ལ་སྦྱོང་བ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། སླད་ཕྱིན་རང་ཉིད་བོད་རྒྱ་སྐད་གཉིས་སམ་ཡང་ན་བོད་རྒྱ་དབྱིན་གསུམ་སྐད་རིགས་ཀྱི་མདོ་འཛིན་པ་ཞིག་ཏུ་འགྱུར་རྒྱུའི་འདུན་པ་ཧ་ཅང་ཆེ།
གསར་འགོད་པ། ཁྱེད་ཀྱིས་དེ་སྔ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་ཧུའུ་ནན་བརྙན་འཕྲིན་ཁང་སོགས་ལྗོངས་ཕྱིའི་སྨྱན་སྦྱོར་གཙོ་བོར་གཙོ་སྐྱོང་གནང་མྱོང་། ཁྱེད་ཀྱི་ལས་ཀའི་མྱོང་ཚོར་ཁྲོད་དུ་བོད་ལྗོངས་རྒྱང་བསྒྲགས་བརྙན་འཕྲིན་སྨྱན་སྦྱོར་ལ་ལེགས་ཆ་དང་མཐོར་འདེགས་གཏོང་དགོས་ས་གང་དག་ཡོད་དམ།
ཡེ་ཤེས་སྒྲོལ་མ། བོད་ལྗོངས་ཀྱི་སྨྱན་སྦྱོར་གྱི་ལེགས་ཆ་ཆེས་ཆེ་ཤོས་ནི་བོད་ལྗོངས་ཀྱི་རི་མཐོ་ས་གཙང་གི་ཞིང་ཁམས་དེ་ཡིན་པ་དང་། ཡུལ་འདིའི་རིག་གནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་ལྡན་ཡོད། རི་བོ་ཇོ་མོ་གླང་མ་ནས་མཚོ་འཕགས་སྨི200ལས་མེད་པའི་ཚ་ཁུལ་ཆར་ནགས་བར་བོད་ལྗོངས་ལ་སྐྱེ་བོ་ཀུན་གྱི་མིག་དབང་རབ་ཏུ་འཕྲོག་པའི་རང་བྱུང་མཛེས་ལྗོངས་ཡོད། གནས་འདིར་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་བློ་སྤོབས་ཀྱི་དཔལ་དང་། དཔའ་ངར་གྱི་རྩལ། གཞུང་དྲང་གི་གཤིས་རྒྱུད་ཀྱིས་མཚར་སྡུག་འོད་སྟོང་འཕྲོ་བའི་རིག་གནས་བསྐྲུན་ཡོད། དེ་དག་ཚང་མ་ནི་ང་ཚོས་བརྗོད་མི་ཚར་བའི་གླེང་གཞི་ཡིན།
       འོན་ཀྱང་དེ་དང་འདྲ་བར་ང་ཚོར་ཡང་ཞན་ཆ་ཡོད་པ་སྟེ། ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བ། ཁོར་ཡུག་བལྟོས་བཅས་ཀྱིས་སྡུག་པ། དཔལ་འབྱོར་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་བཅས་རེད། ལྗོངས་ཕྱིའི་སྔོན་ཐོན་གྱི་གཙོ་རྒྱུགས་སྨྱན་སྦྱོར་དང་བསྡུར་ན། ང་ཚོས་མ་དངུལ་དང་། སྒྲིག་ཆས། ལག་རྩལ་སོགས་མཁྲེགས་ཆས་དང་། ད་དུང་དོ་དམ་དང་ཤེས་ལྡན་མི་སྣ་སོགས་གང་ཐད་ནས་ཀྱང་ཧེ་བག་ཡོད།
       ད་ལྟའི་དུས་རབས་འདིར་ཞུགས་རྒྱུར་མི་ལུས་པའམ་ཕྱིར་འབུད་མི་གཏོང་བར་ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་ཡར་རྒྱས་བརྩོན་བསྐྱེད་དང་རང་ངོས་ཀྱི་གཞི་ཚུགས་ས་འཚོལ་དགོས་པར་མ་ཟད། ད་དུང་དུས་བསྟུན་མདུན་སྐྱོད་དང་ནམ་ཡང་སློབ་སྦྱོང་། ནམ་ཡང་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ནང་དོན་ཐོན་སྐྱེད་བྱེད་ནུས་དང་ཆེད་ལས་ཀྱི་ནུས་པའི་ཐད་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སྙེག་པ་དང་། དུས་རབས་ཀྱི་དུང་སྒྲར་ཉན་པ། མི་དམངས་སྨྱན་སྦྱོར་གྱི་སྐད་ཆར་ཉན་པ་བཅས་བྱས་ནས། སྨྱན་སྦྱོར་བ་ཞིག་གི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ནུས། བརྩེ་བ་ཟབ་མོ་བཅས་ཀྱིས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཕྱོགས་བཞིར་བསྒྲགས་དགོས། དེའང་ཟོལ་མེད་དང་བརྩེ་སེམས། འགན་འཁུར་ཕོད་པ་བཅས་ནི་ང་ཚོའི་གཞི་ཚུགས་ས་རེད། དེ་དག་གིས་ང་རང་གི་ཕུགས་འདུན་སྔར་བས་ཕུན་སུམ་ཚོགས་སུ་བཅུག་པ་དང་། བསམ་བློ་སྔར་བས་ཇེ་ཟབ་ཏུ་བཏང་། དེ་དག་གིས་ཀྱང་རྒྱུན་ཆད་མེད་པར་ང་ལ་སྤྱི་ཚོགས་ལ་ཕན་པའི་མདོ་འཛིན་པ་ཞིག་བྱེད་དགོས་པའི་དྲན་སྐུལ་བྱས་ལ། དེ་དག་ནི་ང་རང་ལས་རིགས་འདིར་དགའ་ཞེན་ཆེ་བའི་འབྱུང་ཁུངས་ཀྱི་སྒུལ་ཤུགས་ཡིན། སྟོབས་ཤུགས་འདིས་ང་རང་ལ་གནས་མཆོག་བོད་ལྗོངས་ཀྱི་མཛེས་སྡུག་དང་མི་ཡུལ་གྱི་དགེ་ལས་ཐམས་ཅད་གསར་འདོན་དང་བཤམས་སྟོན་བྱེད་པར་བསྔགས་སྐུལ་བྱེད་བཞིན་ཡོད།
གསར་འགོད་པ། དུས་རབས་གསར་པའི་བརྒྱུད་སྒྲོག་ཁོར་ཡུག་གིས་བོད་ལྗོངས་ཀྱི་སྨྱན་སྦྱོར་མི་སྣར་བླང་བྱ་གང་དག་བཏོན་ཡོད་དམ། མ་འོངས་པར་རང་གི་ལས་དོན་ལ་བཅངས་པའི་རེ་འདུན་ཅི་འདྲ་ཡིན།
ཡེ་ཤེས་སྒྲོལ་མ། དུས་རབས་གསར་པའི་བརྒྱུད་སྒྲོག་ཁོར་ཡུག་གིས་ང་ཚོར་བླང་བྱ་སྔར་བས་མཐོན་པོ་བཏོན་ཡོད་དེ། ཕྱོགས་གཅིག་ནས་ང་ཚོས་དུས་བསྟུན་མདུན་སྐྱོད་དང་། ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐད་ནས་བོད་ལྗོངས་ཀྱི་འཕོ་འགྱུར་མངོན་པར་བྱ་དགོས། རྣམ་པ་མང་བའི་ལེ་ཚན་གྱི་ལམ་ནས་གླེང་ཤོས་མང་བའི་གསར་འགྱུར་གྱི་ཡུལ་དངོས་སུ་བསྐྱོད་དེ་འཕྲལ་མ་ཉིད་དུ་བོད་ལྗོངས་གསར་པའི་མྱུར་ཚད་ལ་བདེན་དཔང་དང་སའི་གོ་ལའི་སྣེ་གསུམ་པའི་འཕར་རྩ་ལ་ཉན་པ། བརྙན་མིག་བརྒྱུད་ནས་བོད་ལྗོངས་ལ་བྱུང་བའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་གྱི་གཏམ་རྒྱུད་ཕྱི་ལ་བརྒྱུད་སྒྲོག་བྱས་ཏེ་འཛམ་གླིང་གིས་བོད་ལྗོངས་གསར་པའི་མི་རབས་ནས་མི་རབས་བར་གྱི་གསོན་ཤུགས་ཚོར་ཐུབ་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་བོད་ལྗོངས་རྒན་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་དགོས། མི་ལ་སྙིང་སྟོབས་མེད་ན་དོན་མི་འཁྱོངས། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ལྡན་མིན། ཞེས་པ་ལྟར། དུས་རབས་གསར་པའི་སྨྱན་སྦྱོར་ལས་དོན་པས་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བོད་ལྗོངས་རྒན་པའི་སྙིང་སྟོབས་ཀྱི་སྐྱེ་སྟོབས་དང་འབོད་སྐུལ་ནུས་པ་ཆེ་རུ་གཏོང་བ། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཕེལ་རིམ་ཁྲོད་སྒྲ་སྐྱེད་འཕྲུལ་ཆས་ཡག་པོ་བྱེད་དགོས། བོད་ལྗོངས་གསར་པའི་སྨྱན་སྦྱོར་མི་སྣ་ཚང་མའི་ཐུན་མོང་གི་འབད་བརྩོན་འོག་བོད་ལྗོངས་ཀྱིས་ཚད་མཐོའི་སྟོན་ཕྱོགས་ལྡན་པ་དང་གཟིགས་མཁན་གྱི་ཁྲོམ་ར་ཡོད་པ། ལྟ་གཟིགས་ཀྱི་རིན་ཐང་ཡོད་པ་བཅས་ཀྱི་སྨྱན་སྦྱོར་བྱ་གཞག་གཏོད་ཐུབ་ངེས། ངས་ཀྱང་སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ཡག་པོ་ཞིག་བཟོས་ནས། གོང་རིམ་གྱིས་དམངས་ཁྲོད་ཀྱི་སེམས་གཏམ་ཐོས་ཐུབ་པ་དང་། མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ཀྱི་དྲོད་སྣང་ཚོར་ཐུབ་པ་བྱེད་དགོས། ཞེས་པ་ནང་བཞིན། དུས་དང་ཡུལ་གང་དུ་ཡིན་རུང་། རང་ནུས་ཅི་ལྕོགས་དང་འབད་བརྩོན་ལྷོད་མེད་ཀྱི་རྒྱུན་བསྐྱངས་ནས་གསར་འགྱུར་བྱ་གཞག་བསྒྲུབ་མཁན་ཞིག་གི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་ངོ་། །

ཡོང་ཁུངས། ༢༠༢༤ལོའི«གངས་ལྗོངས་ཉི་གཞོན»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།