logo

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་དཔལ་བསྡུས་ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།:ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2024-11-28 ཀློག་གྲངས།:
གཙུག་ལག་རལ་གྲི་ཐོགས་པའི་ངེས་དོན་རིག་པའི་དཔའ་བོ།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་དཔལ་བསྡུས་ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རགས་བཀོད།

སྔོན་འགྲོའི་ཞུ་མཆིད།
       ད་ཐེངས་དགའ་འོས་པ་ཞིག་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐོག་མའི་སློབ་མ་ཡིན་པའི་དགེ་རྒན་དཔལ་བསྡུས་ལགས་ལ་བཅར་འདྲི་བྱེད་པའི་གོ་སྐབས་རྙེད་ཅིང་། དེང་དུས་ཁོང་ནི་བོད་ཀྱི་ཐུན་མོང་རིག་གནས་སྨན་རྩིས་དང་སུམ་རྟགས་དག་གསུམ། སྙན་ངག །རྩོམ་རིག །བྲིས་གཟུགས་བཅས་ལ་གོ་ལོ་ཐོས་ལོ་ཙམ་མིན་པར་སྦྱངས་པ་དཔྱིས་ཕྱིན་པ་དང་། ལྷག་པར་དུ་མི་ཚེ་ཧྲིལ་པོར་རིག་གནས་ཞིབ་འཇུག་དང་སློབ་གསོའི་ལས་དོན་ཁོ་ནར་གཞོལ་ཏེ་ཕྱིའི་ཟང་ཟིང་དང་ནང་གི་རྙེད་བཀུར་སོགས་འདུ་འཛིའི་རྒྱ་ལས་གྲོལ་བ་ཞིག་ཡིན། རང་རེས་ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་ཆོད་དགོས་ཕྱིར། གུས་པས་རྨོངས་ཚོད་ཀྱིས་རྒྱ་ཆེའི་ཀློག་པ་པོའི་ཚབ་བྱས་ནས་དྲི་བ་ཁ་ཤས་འདྲི་ཁུལ་བྱས་པ་གཤམ་གསལ་ལྟར་རོ། །
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དཔལ་བསྡུས་ལགས།
དྲི་བ་དྲིས་ལན།
གསར་འགོད་པས། རྒན་ལགས་ཁམས་བཟང་། ངེད་གངས་ལྗོངས་ཉི་གཞོན་གྱི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། གཤམ་ནས་ཁྱེད་ཀྱི་སློབ་སྦྱོང་དང་ཕྱག་ལས་ཀྱི་བརྒྱུད་རིམ་རགས་བསྡུས་ཤིག་གསུང་རོགས།
རྒན་དཔལ་བསྡུས་ཀྱིས། ལགས་སོ། །ང་རང1981ལོའི་ཟླ10པ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཐེངས་དང་པོར་ཞུགས་པའི་སློབ་མ་ཞིག་ཡིན་པས། དེའི་སྔོན་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་ར་ལུག་དང་ནོར་གནག་རྗེས་འདེད་མཁན་ཞིག་ཡིན། ཞང་རྒན་གྱི་མདུན་ནས་བོད་ཡིག་འབྲི་ཀློག་རེ་ཞར་ཞོར་སྦྱངས་པ་ལས་སློབ་གྲྭ་ཆུང་འབྲིང་གང་ཡང་འགྲོ་མྱོང་མེད། ཐོག་མར་སློབ་གྲྭར་ཐོན་དུས་མཁན་པོ་བློ་ཆོས་ཀྱི་གསུང་སྐད་ཀྱང་གོ་དཀའ་བར་འདུག །ལྷ་སའི་སྐད་དང་གསེར་རྟ། རྫ་ཆུ་ཁའི་སྐད་དེ་བས་གོ་མི་ཐུབ་པས་ལོ་གཅིག་ཡས་མས་ལ་དཀའ་ཁག་ཆེན་པོ་བྱུང་། དེ་རྗེས་བོད་སྐད་ཚང་མ་གོ་ཐུབ་པས་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་བྲིས་དང་སྨན་རྩིས། སྙན་ངག །ནང་ཚད་བཅས་སློབ་དུས་ནང་དོན་རྒྱ་ཆེན་པོར་མ་ཤེས་རུང་། དགེ་རྒན་བཀའ་དྲིན་ཅན་མཁན་དིས་ཆུང་བློ་ཆོས་དང་མཁན་ཐུབ་ནོར། མཁན་པཎ་ཚེ། མཁན་དབང་ལོ། མཁན་འོད་ཟེར། མཁན་མོ་ཟླ་གསལ། མཁན་བསོད་རིག །མཁན་རྡོར་ལོ། མཁན་ཐུབ་དབང་། མཁན་ཚེ་རིང་ཉི་མ་སོགས་ལས་ཟབ་རྒྱས་ཀྱི་གདམས་ངག་མང་པོ་བསྩལ་གནང་མཛད་པ་ལ་སྡུག་རུས་ཅི་ནུས་བྱས་པས་གྲུབ་འབྲས་མི་དམན་པ་ཙམ་ཐོབ་བྱུང་། དགེ་རྒན་རྣམས་ཀྱིས་ང་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་བཀའ་དྲིན་གྱིས་མི་ཚེ་འདིར་བདེ་སྐྱིད་གནང་བ་ཡིན། 1986ལོའི་ཟླ7པ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་དགེ་རྒན་བྱས་ནས་བྲིས་དང་དག་ཡིག །རྩིས། སྙན་ངག །གསོ་རིག །ལོ་རྒྱུས། རྩོམ་རིག་སོགས་མི་ལོ་བཞི་བཅུར་ཉེ་བའི་རིང་ཁྲིད་པ་ཡིན། ཐོག་མར་རང་ཉིད་སློབ་གྲྭ་གཞན་ལ་འགྲོ་མ་མྱོང་བས་སློབ་གསོའི་ལས་ཀ་སྒྲུབ་མི་ཤེས་པའི་དཀའ་ངལ་ཡང་ཆེན་པོ་བྱུང་རུང་ཟུར་སྦྱངས་བྱས་ཏེ། ཁྱད་པར་དུ་འཛིན་གྲྭ་བདུན་གྱི་འཛིན་བདག་བྱས་ཏེ་སློབ་གསོའི་ལས་ཀ་ནུས་ཚད་བསྒྲུབས། སློབ་ཁྲིད་ཕུད་པའི་ཞོར་དུ་ཕྱི་ནང་གི་སློབ་མ་ལ་བྲིས་དང་། སུམ་རྟགས། འབྱུང་རྩིས་སོགས་སློབ་ཁྲིད་མི་ཉུང་བར་བྱས། མདོར་ན1986ལོ་ནས་ད་ལྟའི་བར་རང་ནུས་ཅི་ཡོད་ལུས་ངག་ཡིད་གསུམ་སློབ་ཁྲིད་ཀྱི་དོན་དུ་ཕུལ་བ་ཡིན།
བརྩམས་ཆོས་དང་དཔེ་སྒྲིག་སྐོར།
གསར་འགོད་པས། ཁྱེད་ཉིད1986ལོར་སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་ལོ་ངོ་བཞི་བཅུ་ལ་ཉེ་བའི་རིང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་དགེ་རྒན་མཛད་པས། སློབ་གསོ་དང་དཔེ་ཀློག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་གདོན་མི་ཟ། དེ་བས་སློབ་གསོའི་ཉམས་མྱོང་དང་དཔེ་ཀློག་གི་རིན་ཐང་ཐད་དགོངས་ཚུལ་ཉུང་བསྡུས་ཤིག་གསུང་རོགས།
རྒན་དཔལ་བསྡུས་ཀྱིས། སྤྱིར་སློབ་ཁྲིད་སྐབས་སློབ་མར་སློབ་ཁྲིད་བཤད་རྐྱང་ཙམ་མ་ཡིན་པར་སློབ་གསོ་དང་ཀུན་སྤྱོད་སྐོར་གཙོ་བོ་བྱས་པ་ཡིན། ཁྱད་པར་དུ་འཛིན་གྲྭ་བདུན་གྱི་འཛིན་བདག་གི་འགན་ཁུར་དུས་སློབ་མའི་ཀུན་སྤྱོད་ཐད་གལ་ཆེན་བྱས་ནས་སློབ་གསོ་བཏང་བས་སློབ་མ་གཅིག་ཀྱང་སློབ་གྲྭ་ལས་ཕྱིར་ཕུད་དགོས་བྱུང་མེད། དེ་ནི་ང་རང་གི་སློབ་གསོའི་ལས་ཀ་བསྒྲུབས་པའི་གོ་རིམ་ནང་གི་གཟི་བརྗིད་གཅིག་ཏུ་ངོས་འཛིན་བྱས་ཡོད། དཔེ་ཀློག་ཐད་ནས། འདས་དུས་ཀྱི་རླབས་ཆེན་མི་སྣ་དང་བསམ་བློ་བ་མཁས་ཆེན་རྣམས་ཀྱི་གསུང་རྩོམ་ལ་རང་སྦྱོང་དང་དཔེ་ཀློག་བྱེད་ཅིང་བལྟས་པ་ལས་བློ་སྐྱེད་མི་དམན་པ་ཐོབ་བྱུང་། དཔེ་ཀློག་ནི་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་དང་རང་ཉིད་སུའི་ཕྱོགས་ནས་བསམ་ཀྱང་གལ་འགངས་ཤིན་ཏུ་ཆེ་སྟེ། ཀོར་ཅིས་དཔེ་ཆ་ནི་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་རེད་ཅེས་གསུངས་པ་ལྟར། རྒྱལ་ཁབ་མང་པོ་ཞིག་དང་མི་རིགས་མང་པོ་ཞིག་གིས་དཔེ་ཀློག་ནི་གལ་ཆེའི་དོན་སྙིང་ལ་བསམ་ནས་དཔེ་ཀློག་ལ་བློ་ཁ་ཕྱོགས་ནས་ཡོད། ང་ཚོ་བོད་ལ་མཚོན་ན་ལུགས་གཉིས་ཀྱི་དཔེ་དེབ་གྲངས་ལས་འདས་པ་ཡོད་ལ། ནང་དོན་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་དཔེ་དེབ་མང་པོ་ཡོད། དཔེ་ཆས་ཁྱོད་ལ་བློ་སྒོ་འབྱེད་ཅིང་གྲོས་གཞི་འདོན་པར་བྱེད་པ་ཡིན། དེའི་ཕྱིར་དཔེ་ཆ་ནི་ཀུན་འདུས་ཀྱི་ནོར་བུ་ཞིག་ཡིན།
གསོ་རིག་འཛིན་གྲྭར་སྐར་རྩིས་ཁྲིད་བཞིན་པ།
གསར་འགོད་པས། དེང་དུས་ཕྱི་ལུགས་གསོ་རིག་དར་ཁྱབ་ཆེ་བའི་སྐབས་འདིར་བོད་ལུགས་གསོ་རིག་སྦྱོང་བའི་དགོས་པ་དང་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་བོད་ལུགས་གསོ་རིག་རྒྱུན་འཛིན་དར་སྤེལ་གང་འདྲ་གཏོང་དགོས།
རྒན་དཔལ་བསྡུས་ཀྱིས། སྤྱིར་ཕྱི་ནང་གི་གསོ་རིག་ལ་རང་ངོས་ནས་ཁྱད་ཆོས་མེད་པ་ཞིག་ག་ལ་ཡིན། དེང་དུས་ནུབ་ལུགས་གསོ་རིག་ནི་སྔོན་ཐོན་ཡིན་ལ་ཚན་རིག་དར་རྒྱས་འགྲོ་བའི་གནས་ཚུལ་འོག་འཕྲུལ་ཆས་སྣ་ཚོགས་ཀྱིས་བརྟག་ཐབས་ཡོ་བྱད་བསམ་གྱིས་མི་ཁྱབ་པ་གྱུར་ཀྱང་། ད་དུང་གསང་བ་ལྐོག་གྱུར་ཏུ་ལུས་པ་མང་པོ་ཞིག་ཡོད་པ་དེ་རང་ཅག་སྲོལ་རྒྱུན་གྱི་གསོ་རིག་གིས་བསྒྲུབ་ནུས་པའི་དགེ་མཚན་ཡོད། གསོ་བ་པོ་སྨན་པའི་རྒྱུད་ལ་བྱམས་སྙིང་རྗེ་སོགས་སྨན་པའི་རྒྱུ་དྲུག་གིས་བློ་སྦྱོང་དགོས་པ་དང་། འུ་ཅག་མཐོ་སྒང་གི་ཁོར་ཡུག་དང་མཚམས་པའི་རྩ་ཆུར་བརྟག་པས་ཀྱང་ནད་ངོས་ཕལ་ཆེར་ཟིན་ཐུབ་པའི་ནུས་པ་ཡོད། དེར་མཐུན་ཚ་གྲང་གི་ནད་ངོས་ཟིན་པས་གཉེན་པོ་སྨན་ཡང་ཚ་གྲང་སེལ་བྱེད་ཀྱང་གློ་བུར་དུ་ཁོར་ཡུག་གི་སྐྱེ་དངོས་རྩི་ཤིང་ནང་དུ་བཙལ་སླ་བར་ཡོད། གཞན་ཡང་རྩ་དཀར་གྱི་ནད་རིགས་དང་། རླུང་གི་ནད་རིགས། ཁྱད་པར་དུ་གདོན་ནད་སོགས་བཅོས་ཐུབ་པ་དང་། མཁྱུད་དཔྱད་དང་། རྫས་སྔགས། ཏིང་ངེ་འཛིན། སྒྲིབ་སྦྱོང་། ཆོ་ག་བཟླས་བརྗོད་སོགས་ཀྱིས་ནད་སེལ་བའི་ཐབས་ཀྱང་ཕུན་སུམ་ཚོགས་པ་ཡོད་པས་ཕྱི་ལུགས་ལ་མེད་པའི་ཁྱད་ཆོས་ཡོད། སློབ་སྦྱོང་བྱེད་པ་པོ་ལ་རང་ཅག་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་ཀྱི་རྒྱུད་རིམ་ལས་ཐོབ་པའི་མྱོང་བ་དང་། གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ། ལག་ལེན་ཕུན་སུམ་ཚོགས་པ། མི་རིགས་རང་གི་འཚོ་བ་དང་འབྲེལ་བའི་གསོ་དཔྱད་རིག་པ་འདི། རང་སྐད་ཀྱིས་གཞུང་དོན་དང་། ཁོར་ཡུག་ན་ཡོད་པའི་སྨན་རྫས་མང་པོར་བློར་འཛིན་བདེ་བའི་དགེ་མཚན་ཡོད། རྒྱལ་སྤྱིའི་གསོ་རིག་གི་འཕེལ་རྒྱས་ལས་རང་ཅག་བོད་སྨན་འདི་དར་སོ་ཆེ་བའི་རྒྱབ་ལྗོངས་དང་རྒྱུ་རྐྱེན་སྟེར་གྱི་ཡོད། རྒྱལ་ཁབ་སོ་སོས་བོད་ཀྱི་གསོ་རིག་བཀོལ་སྤྱོད་དང་ཞིབ་འཇུག་བྱས་པའི་བརྒྱུད་རིམ་དམིགས་བསལ་གྱི་ཁྱད་ཆོས། ཞིབ་འཇུག་མི་སྣ། ཁྱབ་ཁོངས། ཐབས་ལམ་དེར་ཐོབ་པའི་འབྲས་བུ་དང་། འབྱུང་འགྱུར་གྱི་འཕེལ་ཕྱོགས་སོགས་ལུང་རིགས་ཁུངས་ལྡན་གྱི་ལྟ་བ་ཚུལ་མཐུན་ཡོད་པ། རང་ཅག་གི་གསོ་བ་རིག་པ་འདི་ལ་སློབ་སྦྱོང་མཐར་ཕྱིན་པར་བྱེད་ཅིང་། རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུའི་འོས་འགན་ཕྲག་ཏུ་བབ་ཡོད། ཁོ་བོས་ཀྱང་དེ་འབྲེལ་གྱི་བརྩམས་ཆོས་འགའ་ཞིག་བྲིས་ཡོད།
ཁྲེང་ཏུའུ་རུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོའི་བྱེད་སྒོར་ཞུགས་པ།
གསར་འགོད་པས། ཁྱེད་ཀྱིས«གཡག་ཟེ་དགོན་པའི་ལོ་རྒྱུས།»དང«དུང་འབྲུག་སྡེ་པའི་ལོ་རྒྱུས།»སོགས་བྲིས་ནས་གནའ་དཔེ་བསྡུ་བསྒྲིགས་དང་དམངས་ཁྲོད་ངག་རྒྱུན་འཚོལ་བསྡུ་གང་མང་མཛད་འདུག །དེས་ན་གནའ་དཔེ་བསྡུ་བསྒྲིགས་དང་དམངས་ཁྲོད་ངག་རྒྱུན་འཚོལ་བསྡུའི་ཉམས་མྱོང་དང་དོགས་གཟབ་བྱ་ཡུལ་ཐད་དགོངས་ཚུལ་ཉུང་བསྡུས་ཤིག་གསུང་རོགས།
རྒན་དཔལ་བསྡུས་ཀྱིས། དམངས་ཁྲོད་ཀྱི་མི་སེར་རྣམས་སེམས་ཁོག་དོག་ཅིང་རིག་གནས་དང་བསམ་ཤེས་མེད་པས་ཆེས་དཀའ་ངལ་ཆེ་བ་གནའ་དཔེ་གཡར་རྒྱུ་དེ་རེད། གནའ་དཔེ་ཡོད་རུང་ནང་དོན་ཅི་ཡིན་མི་ཤེས་པ་དང་། ཡིག་རྙིང་མང་པོ་ཅི་ཡིན་མ་ཤེས་པ་ཚ་ཁང་དུ་བླུགས་ཡོད་ཟེར་བ། ལོ་རྒྱུས་ཀྱི་ཕན་གནོད་མི་ཤེས་པ། ཡིག་ཆ་ཡོད་པ་དེ་དག་ལས་མི་སྣ་རེ་གཉིས་ཀྱི་མིང་ཡོད་ཀྱང་འབྲི་སྟངས་མ་དག་པས་མི་འདྲ་བ་བྱུང་བ་ཡིན་མིན་ཐག་ཆོད་དཀའ་བར་གྱུར། དམངས་ཁྲོད་ཀྱི་ལོ་རྒན་འཁོགས་སྐྱ་སེར་སུ་ཡིན་རུང་ངག་རྒྱུན་བཤད་སྟངས་དང་རྒྱས་བསྡུས་མི་འདྲ་བ། རྒྱབ་ལྗོངས་དང་ཁྱིམ་རུས་མི་འདྲ་བ་སོགས་བཤད་ཡོང་བས་ཡང་དག་པ་དེ་ཐག་གཅོད་དཀའ་བར་གྱུར། སྔོན་ཆད་ལོ་རྒྱུས་འབྲི་མ་མྱོང་བ་དེས་ཀྱང་དཀའ་ངལ་སྤྲད་བྱུང་། འོན་ཀྱང་དུས་ཚོད་ནི་སློབ་གྲྭའི་དབྱར་ཀའི་གུང་གསེང་དང་བསྟུན་ནས་འགྲོ་བ། ཁ་པར་གྱི་ལམ་ནས་ཕན་ཚུན་རྒྱུ་ཆ་འཚོལ་སྡུད་བྱས་ཏེ་སྐད་ཆ་འདྲི་བ་སོགས་ཀྱི་བརྒྱུད་རིམ་ལས་བྱས་པ་ཡིན། ཁོ་བོས་མིག་སྔར«གཡག་ཟེ་དགོན་གྱི་ལོ་རྒྱུས།»དང་རང་གི་ཕ་ཡུལ་དུང་འབྲུག་སྡེ་པའི་ལོ་རྒྱུས«ལོ་རྒྱུས་དུང་གི་སྒྲ་དབྱངས།» དེ་མིན་བོད་ཀྱི་ལོ་རྒྱུས«ལོ་རྒྱུས་ཀྱི་ལྷན་ཐབས་གཞོན་ནུའི་དགའ་སྟོན།»དང་ཕ་ཡུལ་གྱི་གེ་སར་རིག་གནས་སྐོར་སོགས་བྲིས་ཡོད། དེའི་དགོས་པ་ནི་མི་རབས་སྔ་མ་ཤེས་མཁན་རྣམས་འདས་ཚར། ད་ལྟ་ཡོད་པ་རྣམས་ཀྱིས་མཐོང་ཆེན་མ་བྱས་པ་རྒྱུན་ཆད་པའི་ཉེན་ཁ་ཆེན་པོ་འདུག །མི་རབས་རྗེས་མས་མེས་པོ་དང་ཕ་ཡུལ་གྱི་ལོ་རྒྱུས་རྣམས་མི་ཤེས་པ་འགྱུར་བ་དོགས་ནས་ཕ་ཡུལ་ནས་མི་ཟས་ཟོས་པའི་རིན་འབབ་ཏུ་བསམས་ནས་བྲིས་པ་ཡིན། དོགས་གཟབ་དགོས་པ་ནི། དཔེ་རྙིང་བརླག་ལ་ཉེ་བ། གཡར་དཀའ་བ། ལོ་རྒྱུས་ཀྱི་རྒྱུ་ཆ་དེ་བས་བཙལ་རྒྱུ་མེད་པ། ལོ་ན་རྒན་པོ་སྔ་རབས་ཀྱི་ལོ་རྒྱུས་ཤེས་མཁན་འདས་ཟིན་པ། ད་ལྟ་ཡོད་པ་ཚོས་བཤད་ཡམས་ཙམ་ལས་གནད་དུ་འགྲོ་བ་བཤད་མི་ཤེས་པ། བཤད་ཚུལ་མི་མཐུན་པ་སོགས་ལ་དོགས་གཟབ་དགོས། བདེན་དཔང་ནི་དངོས་པོ་རྙིང་པ་དང་། ས་མིང་། ས་རྟགས་རྡོ་རྟགས། དཔེ་ཆ་རྙིང་པ་སོགས་ཀྱིས་བྱེད་དགོས་པ་ནི་གལ་ཆེ།
«མི་ཕམ་མཁས་འཇུག་འགྲེལ་ཆེན།»གྱི་དཔེ་སྐྲུན་མཇུག་བཤེར་ཚོགས་འདུ།
གསར་འགོད་པས། ཁྱེད་ཀྱིས་བསྡུ་བསྒྲིགས་མཛད་པའི«སྡེ་དགེའི་དམངས་ཁྲོད་ཀྱི་ལ་གླུ།»ལ་ཐུན་མིན་གྱི་ཁྱད་ཆོས་ག་འདྲ་ཡོད།
རྒན་དཔལ་བསྡུས་ཀྱིས། «སྡེ་དགེའི་དམངས་ཁྲོད་ཀྱི་ལ་གླུ།»ནི་གཙོ་བོ་དམངས་ཁྲོད་ནས་མགུར་གླུ་བསྡུ་བསྒྲིགས་བྱས་པ་དེབ་སྟོད་སྨད་བར་གསུམ་ཡོད་དེ། སྤྱིར་མཐོ་སྒང་བོད་རིགས་ནི་གླུ་གར་གྱི་རྒྱ་མཚོ་ལ་རོལ་མཁན་ཞིག་ཡིན་པས། འདས་དོན་གྱི་ཉམས་མྱོང་དང་ད་ལྟའི་གསར་གཏོད། མ་འོངས་པའི་མདུན་ལམ་ལ་རེ་སྒུག་གི་ངག་རྩོམ་མཐའ་ཡས་པ་ཡོད་པ་ལས། གླུ་དང་མགུར་མཆིད་བཅས་མིང་གི་རྣམ་གྲངས་མི་འདྲ་བ་ཡོད། སྡེ་དགེ་སྨན་ཤོད་དང་། སྡེ་དགེ་ཧྱ་པ་སྡེ་པ། ཡོ་ཤོད་སྡེ་པ། ཡིད་ལྷུང་རྨ་ཟླ་སོགས་སུ་གླུ་ཚིག་ཆིག་སྟོང་ཉེ་བར་བསྡུས་ནས་གློག་ཀླད་དུ་ལྡུག་པ་དང་། གླུའི་ཁྱད་ཆོས་གླུ་མགོ་ལེན་པ། གླུ་སྦྲ་ཕུབ་པ། གླུ་ཤིང་འཐུ་བ། གླུ་ཐབ་བཅའ་བ། གླུ་ཇ་བསྐོལ་བ། གླུ་གདན་འདིང་བ། གླུ་འབོད་བྱེད་པ། གླུ་ངོམས་བཀྱེ་བ། གླུ་ཤག་འགྱེད་པ། གླུ་མདུད་དཀྲོལ་བ། གླུ་སྨོན་བརྗོད་པ་བཅས་གོ་རིམ་གྲལ་འགྲིག་པར་ལེན་པ། ཡང་ན་གླུ་སྒོ་ཕྱེ་བ། གླུ་འགོ་རྩོམ་པ། གླུ་བསྟོད་བྱེད་པ། གླུ་མཚར་རྩེ་བ། གླུ་དྲི་འགོད་པ། གླུ་སྨྲེང་བྱེད་པ། གླུ་ཤགས་འགྱེད་པ། གླུ་བར་འདུམ་པ། གླུ་བཀྲ་བརྗོད་པ་བཅས་གོ་རིམ་ལྡན་པ་སོགས་མདོར་ན་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད།
གསར་འགོད་པས། བོད་ཀྱི་སྐར་ནག་རྩིས་ཀྱི་ད་ལྟའི་གནས་བབ་དང་ལྷག་ཏུ་མ་འོངས་པའི་ཞིབ་འཇུག་དང་འཕེལ་རྒྱས་གཏོང་ཕྱོགས་ཐད་དགོངས་ཚུལ་ག་འདྲ་ཡོད།
རྒན་དཔལ་བསྡུས་ཀྱིས། རང་རེའི་སྐར་འབྱུང་གི་རྩིས་རིག་འདི་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ། བོད་རིགས་མི་དམངས་ལ་མཁོ་དགོས་ཧ་ཅང་ཆེ་བ་ཞིག་རེད། སྐར་རྩིས་རིག་པ་ནི་མེས་རྒྱལ་གྱི་གནམ་རིག་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ལ། ཉི་ཟླ་གཟའ་འཛིན་དང་གནམ་གཤིས་ཀྱི་འགྱུར་ལྡོག །ས་ཞིང་འདེབས་བཀོལ། རང་བྱུང་ཁམས་ལ་ལེགས་ཉེས་གང་ཤར་སྔོན་དཔོག་ཇི་ལྟར་ནུས་པ་ལ་ཞིབ་འཇུག་དང་སློབ་སྦྱོང་སྔར་ནས་བྱེད་བཞིན་ཡོད་ཀྱང་། དེང་གི་གནམ་རིག་དང་ཟུང་འབྲེལ་གྱི་སྒོ་ནས་ཞིབ་འཇུག་བྱེད་ཐུབ་དགོས། འབྱུང་རྩིས་ནི་རྒྱ་ཆེ་བའི་མི་དམངས་ཀྱི་ཚེ་འདི་ཕྱི་གཉིས་ཆར་གྱི་བདེ་སྡུག་ལེགས་ཉེས་ཞིབ་རྟོགས་ཀྱི་སྔོན་བརྡ་བཏང་ནུས་པའི་ཕན་པ་ཆེ། དེ་ལ་རྩ་བའི་ཆ་ནས་གསོན་རྩིས་དང་གཤིན་རྩིས་གཉིས་ཡོད། དེ་རེ་རེ་ལ་ཕྲ་ཞིབ་ཀྱི་དབྱེ་བ་ཤིན་ཏུ་མང་པོ་ཡོད། མདོར་ན་སྐར་འབྱུང་གི་རྩིས་གཞུང་ཆེན་པོ་འདི་གཉིས་ནི་དེང་རབས་ཀྱི་ཚན་རིག་གི་རང་བཞིན་གལ་ཆེན་ལྡན་པས་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་ལ་དགོས་གལ་ཧ་ཅང་ཆེ་ཕྱིར། རང་གིས་ཀྱང་འདིའི་སྐོར་མང་པོ་བྲིས་ཡོད།
གསར་འགོད་པས། ཁྱེད་ཀྱིས«ཐོན་མི་རྗེས་དྲན་ཡིག་གཟུགས་ཀྱི་མ་ཕྱི་ཀུན་འཛོམས»བརྩམས་པར་མ་ཟད། ལོ་དུ་མའི་རིང་སློབ་མ་རྣམས་ལ་བྲིས་གཟུགས་སློབ་ཁྲིད་གནང་མཛད་འདུག །དེས་ན་དེང་དུས་གློག་ཀླད་སོགས་དར་ཁྱབ་ཆེ་ནས་ལྟོས་བཅས་ཀྱིས་བྲིས་གཟུགས་སྤྱོད་སྒོ་ཆུང་ཡང་། ད་དུང་བྲིས་གཟུགས་འདི་མུ་མཐུད་དུ་སློབ་པའི་དགོས་པ་གང་ཡོད་རགས་ཙམ་གསུང་རོགས།
རྒན་དཔལ་བསྡུས་ཀྱིས། ཡིག་གཟུགས་ནི་བཟོ་རིག་པའི་ཁོངས་སུ་གཏོགས་ལ། མི་རིགས་མཛེས་རྟོགས་རིག་པ་དང་ཤེས་རིག་གི་ལྡེ་མིག་ཅིག་ཡིན་ཏེ། རྒྱལ་ཕྱི་ནང་ཀུན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་སོགས་སུ་མཐོང་རྒྱུ་ཡོད་པས་བདེན་དཔང་བྱེད་ཐུབ། དེ་ཡང་རྗེ་བསྟན་དར་ལྷ་རམས་པས། རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་པ་ལྟར་ཡིག་གཟུགས་ནི་ལོ་རྒྱུས་རྒྱ་ཆེ་བ་དང་། རྗོད་བྱེད་གསལ་ཞིང་བརྗོད་བྱ་གཏིང་ཟབ་པ། ནང་དོན་རྣམ་པར་བཀྲ་བ། རང་རེ་ཀྲུང་ཧྭའི་སྣ་མང་རིག་གནས་ཀྱི་བང་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་ཅིང་། རང་རེ་ལ་འདི་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏང་བའི་འོས་འགན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་སོགས་ཀྱིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་མཛུབ་སྟོན། དེ་བཞིན་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ལས་རོགས་ཡོངས་ཀྱི་འབད་བརྩོན་འོག །རྒྱ་ཆེའི་བོད་ཀྱི་གནའ་བོའི་ཡིག་གཟུགས་སྒྱུ་རྩལ་སྲུང་སྐྱོབ་ལས་དོན་ལ་རེ་བའི་འབྲས་བཟང་སྨིན་པའི་ཡིད་ཆེས་བརྟན་པོ་ཡོད། ཡིག་གཟུགས་རིག་གནས་ནི་ཤེས་རིག་དར་བའི་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་འཕེལ་འགྱུར་གྱི་ལོ་རྒྱུས་སུ་འབྱུང་བའི་ཡོངས་ཁྱབ་ཀྱི་རིག་གནས་སྣང་ཚུལ་ཞིག་ཡིན་ལ། མི་རིགས་ཤིག་གིས་ཡི་གེ་བཀོལ་སྤྱོད་ཀྱི་འཕེལ་རིམ་དང་ཆུ་ཚད་མཚོན་བྱེད་ཀྱི་མེ་ལོང་ཞིག་ཀྱང་ཡིན་པར་གདའ། བོད་ཀྱི་ཡིག་གཟུགས་རིག་གནས་ནི་སློབ་དཔོན་ཐུ་མིའི་སྔོན་དུ་མེད་ཅེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཕོད་མོད་རྐང་ཚུགས་ཤིང་དར་རྒྱས་སུ་སོང་བ་ནི་སློབ་དཔོན་ཐུ་མིས་དབུ་ཅན་གསར་གཏོད་དང་འབྲི་ཚུལ་གྱི་རྗེས་ཡིག་མཁན་རིམ་བྱོན་གྱིས་འཛིན་སྐྱོང་སྤེལ་གསུམ་སྒོས་ཕུན་སུམ་ཚོགས་པར་བཏང་བར་ལོ་རྒྱུས་ཀྱི་ཡིག་ཆ་དང་ཡིག་དཔེའི་མ་ཕྱི་སོགས་རྒྱབ་རྟེན་གྱི་དཔང་རྟགས་མོད་པ་ལས་རྟོགས་ཐུབ།
དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་བགྲོ་གླེང་དུ་ཞུགས་པ།
གསར་འགོད་པས། ཁྱེད་ཀྱིས་མཛད་པའི«བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ»དང«བྲིས་ཀྱི་རིག་གཞུང་སློབ་དེབ་ཉི་མའི་འོད་ཟེར།» «བྲིས་གཟུགས་ཀྱི་སློབ་དེབ་ཟླ་བའི་འོད་ཟེར» «བོད་ཀྱི་ཡི་གེ་ལ་དཔྱད་པ་ཉི་ཟླའི་འོད་སྣང་།» «བོད་ཀྱི་ཡིག་གཟུགས་རིན་ཆེན་གཏེར་མཛོད།»འདི་དག་རྩོམ་པའི་དགོས་པ་དང་ཐུན་མིན་གྱི་ཁྱད་ཆོས་སྐོར་རགས་བསྡུས་ཤིག་གསུང་རོགས།
རྒན་དཔལ་བསྡུས་ཀྱིས། «བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ»བརྩམས་ཚུལ་ནི། སྔར་སློབ་མར་བྲིས་གཟུགས་ཁྲིད་པའི་སྐབས་རིག་གཞུང་སྐོར་བཤད་མི་ཤེས་པ་དང་བཤད་པ་རྣམས་ཀྱང་ཟིན་བྲིས་ཁོ་ན་བྱེད་དགོས་པས། དཀའ་ངལ་མང་པོ་བྱུང་བས་ཟིན་བྲིས་སྐོར་གྱི་ཤེས་བྱ་རྣམས་བསྒྲིགས་ནས་ཡི་གེ་འབྲི་ཀློག་ཁོ་ན་བསླབས་པ་ལས་ཡི་གེའི་འཕེལ་རིམ་དང་ལོ་རྒྱུས་རྒྱུ་མཚན་སོགས་གསལ་བཤད་མི་ཐུབ་པ་དང་། ཡི་གེའི་ངོ་བོ་དང་བྱེད་ལས། དབུ་ཅན་དང་དབུ་མེད་ཀྱི་འཐེན་ཚུལ་དང་གསལ་བཤད་རྒྱུ་མཚན། གསུང་རབ་བཞེངས་ཚུལ། ཕྱི་ནང་གི་ཐིག་གི་རྣམ་བཞག །སྣག་ཤོག་སོགས་ཀྱི་ལག་ལེན་མཁོ་གལ་ཆེ་བའི་ཤེས་བྱ་སྣ་མང་འདུས་པའི་དཔེ་དེབ་ཅིག་རང་ཉིད་ལྟ་རྒྱ་དང་ཤེས་རྒྱ་ཆུང་བས་ནོར་འཛོལ་དང་འགལ་བ་ཡོད་ཀྱང་ཐོག་མར་བྲིས་པ་ཡིན། དེ་ནས་ཡི་གེའི་སྐོར་མཁས་པ་རྣམས་ཀྱིས་དེ་ལས་ཆ་ཚང་བ་དང་སྤུས་གཙང་བ་མང་པོ་ཞིག་ད་ལྟ་དཔེ་སྐྲུན་བྱེད་པའི་ལམ་སྟོན་ཞིག་གྱུར་ཐུབ་ཡོད་པར་རང་ཉིད་སྤོབས་པ་མཐོན་པོ་བྱུང་།
       «བྲིས་ཀྱི་རིག་གཞུང་སློབ་དེབ་ཉི་མའི་འོད་ཟེར»ནི་སློབ་གྲྭའི་དབུ་ཁྲིད་ཀྱི་བཀས་བཀོད་དང་། རང་ཉིད་ཀྱིས་ད་སྔོན་བོད་འབྲེལ་ས་ཁུལ་ཡོངས་ལ་བྲིས་ཀྱི་རིག་གཞུང་སློབ་དེབ་ཞིག་མ་མཐོང་པས་སྟོང་ཆ་བསྐང་བའི་ཆེད་དུ་གྲ་བསྒྲིགས་ཡོད་པ་ད་ལྟ་དངོས་སུ་འབྲི་ཐུབ་པ་འདི་དགའ་འོས་པ་ཞིག་ཡིན། དགོས་པ་ནི་སྤྱིར་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་། ཁྱད་པར་དུ་ཁམས་ཀྱི་སྡེ་བྲིས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས། དེ་ཡི་མཛེས་རྟོག་གི་ཁྱད་ཆོས་དང་ལྟ་བ་བརྗོད་པ། དེ་དག་རྒྱུན་འཛིན་དང་དར་རྒྱས་ཇི་ལྟར་བྱེད་ཚུལ་བཅས་བཀོད་ཡོད།
       «བྲིས་གཟུགས་ཀྱི་སློབ་དེབ་ཟླ་བའི་འོད་ཟེར»ནི་གོང་གི་རིག་གཞུང་སློབ་དེབ་ལ་བརྟེན་ནས་ལག་ལེན་སྡེ་བྲིས་ཡིག་གཟུགས་ཀྱི་མ་ཕྱི་ཆ་ཚང་ཡོད་པའི་བྲིས་དཔེ་འདི་རྒན་ཀུན་དགའ་རྒྱལ་མཚན་ངེད་གཉིས་ཀྱིས་བྲིས་པའི་སློབ་དེབ་ཅིག་ཡིན།
       «བོད་ཀྱི་ཡི་གེ་ལ་དཔྱད་པ་ཉི་ཟླའི་འོད་སྣང»དུ་ཡིག་གཟུགས་འབྲི་ཚུལ་གྱི་དགོས་པ་ནས་དབུ་བསླངས་ནས་རིམ་བཞིན་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་ལ་ལུང་རིགས་གཉིས་ཀྱིས་མཐའ་དཔྱད་ཙམ་དང་། རྗེས་སུ་ཇི་ལྟར་ལག་ལེན་ལ་འདེབས་ཚུལ་གཞུང་ལུགས་དང་སྦྲགས་ནས་དཔྱད་དེ་བོད་རང་གིས་མཁས་པར་གྱུར་བའི་ཚད་ལ་ངོས་འཛིན་གང་འདྲ་བྱས་ཚུལ་གསལ་བཤད་བྱས་ནས། མཐར་འབྲི་ཚུལ་ཉམས་དཔྱད་ལ་དེང་རབས་སྒྱུ་རྩལ་རིག་པའི་གཞུང་ལུགས་ཀྱི་སྟེང་ནས་དབྱེ་ཞིབ་བྱས་ཤིང་མཇུག་བསྡུས་པ་ཡིན།
       «བོད་ཀྱི་ཡིག་གཟུགས་རིན་ཆེན་གཏེར་མཛོད»ནི་དཔལ་འབྱོར་དང་ལྟག་ཨོ་རྒྱན་ཆོས་འཕེལ་ངེད་གསུམ་གྱིས་བསྡུས་ནས་དེ་དག་དུས་རབས་བརྡ་མཚོན་གྱི་དུས་རབས་དང་། འདྲ་གཟུགས་ཀྱི་དུས་རབས། སྒྲ་གཟུགས་དོན་གསུམ་གྱི་དུས་རབས་གསུམ་དུ་དགར་ནས་ཡིག་གཟུགས་མི་འདྲ་བ་གང་འདྲ་ཡོད་པའི་དཔྱད་གཞི་རུ་འགྱུར་རམ་སྙམ་པའི་གངས་ཅན་བོད་ཀྱི་ཡི་གེའི་གཟུགས་བྱུང་ཚུལ་ལས་དབུ་མེད་ཀྱི་སྐོར་དང་། དབུ་ཅན་གྱི་སྐོར་དེབ་གཉིས་སུ་ཕྱེས་ནས་བྱེ་བྲག་གི་རིགས་ཚན་དུ་མ་དབྱེ་ནས་ཁོག་གཞུང་གི་བོད་ཡིག་རང་གིས་བསྒྲིགས་པ་ཡིན།
གསར་འགོད་པས། མ་འོངས་པར་རིག་གཞུང་ཞིབ་འཇུག་ཐད་དགོངས་འཆར་ག་འདྲ་ཡོད།
རྒན་དཔལ་བསྡུས་ཀྱིས། ད་རང་ཉིད་ལོ་ན་རྒས་རིག་པ་དུབ་པས་ཞིབ་འཇུག་གི་ནུས་པ་ཅི་ཐོན་ས་མི་འདུག །རེ་བ་ནི་ཁས་བཤད་ཅིང་རྩོད་པ་ཁོ་ན་ལས་ལག་ལེན་ཐོག་བསྒྲུབ་ནུས་པ་འདི་གལ་ཆེ་བའི་དུས་ཤིག་ཡིན་སྙམ། ཇི་སྐད་དུ། ཁ་བཤད་ཆུ་ཡི་ལྦུ་བ་ལས། ལག་ལེན་གསེར་གྱི་ཐིགས་པ་དཀོན་ཞེས་གསུངས་པ་ལྟར་ཡིན་འདུག་པས་སྲོལ་རྒྱུན་གྱི་རིག་གཞུང་ནང་ནས་དེང་རབས་ཀྱི་སྤྱི་ཚོགས་ལ་མཁོ་སྤྱད་དང་བསྟུན་ནས་རིག་ཚན་མང་པོ་དགར་ཐུབ་པར་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུག་ཞིག་ཡིན་པས་གལ་ཆེ་བར་སེམས།
རྒན་དཔལ་བསྡུས་ཀྱིས་བྲིས་པའི་སུམ་ཕབ་བྲིས་གཟུགས།
རྒན་དཔལ་བསྡུས་ཀྱིས་བྲིས་པའི་སྡེ་བྲིས་དབུ་མེད།
ངོ་སྤྲོད་རགས་བསྡུས།
       དགེ་རྒན་དཔལ་བསྡུས་ནི་སྤྱི་ལོ1966ལོ་སྟེ་ཟིལ་གནོན་ཞེས་པ་མེ་རྟ་ལོར་མདོ་ཁམས་སྡེ་དགེ་མ་ཎི་གད་འགོའི་དུང་འབྲུག་སྡེ་པ་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ཕྱུག་རྫིའི་ཞོར་དུ་ཞང་པོའི་མདུན་ནས་ཀློག་བསླབས། 1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ནས་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་དང་དཔལ་སྤུངས་མཁན་ཆེན་དིས་ཆུང་བློ་ཆོས། མཁན་པོ་པད་ཚེ། མཁན་པོ་ཐུབ་ནོར། མཁན་པོ་འོད་ཟེར། མདོ་ཟླ་གསལ་དབང་མོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལས་ཐུན་མོང་རིག་གནས་དང་ཐུན་མིན་མན་ངག་སྐོར་སློབ་སྦྱོང་མཛད། དེ་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རང་སྦྱོང་སློབ་ཆེན་ལས་དེང་རབས་རྩོམ་རིག་རིག་གཞུང་གནད་བསྡུས་དང་རྩོམ་འཇུག་གནའ་དེང་རྩོམ་ཡིག་བརྡ་སྤྲོད་ལོ་རྒྱུས་རྒྱ་ཡིག་སོགས་ལ་ཟབ་སྦྱོང་མཛད། 1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་མ་ཐག་སློབ་གྲྭ་དེ་གར་དགེ་རྒན་མཛད་ཅིང་། ད་ལྟའི་བར་བགྲང་བྱ་བཞི་བཅུ་ལ་ཉེ་བའི་རིང་སྨན་རྩིས་དང་སུམ་རྟགས་དག་གསུམ། ལོ་རྒྱུས་རྩོམ་རིག །བོད་ཀྱི་ཡིག་གཟུགས་བཅས་སློབ་ཁྲིད་མཛད་ནས་སློབ་བུ་གང་མང་བསྐྱངས་ཡོད། གཞན་ཡང་སློབ་གྲྭའི་ནང་ཁུལ་དུས་དེབ་དང་། ཚགས་པར་གྱི་རྩོམ་སྒྲིག་པའི་འགན་བཞེས་པར་མ་ཟད། སྨན་རྩིས་དང་ཡིག་གཟུགས་མཐུན་ཚོགས་བཙུགས་ནས་སློབ་མའི་ཁྱོན་ཡོངས་ཀྱི་དགའ་ཕྱོགས་སྐྱེད་བསྲིངས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཡོད། ད་དུང་སློབ་གྲྭའི་གུང་གསེང་རིང་སི་ཁྲོན་དང་མཚོ་སྔོན་གཙོར་བྱས་པའི་བོད་འབྲེལ་ས་ཁུལ་ཁག་ཏུ་ཡིག་གཟུགས་དབུ་ཅན་དང་དབུ་མེད། འབྲུ་ཆེན། ཡིག་ཆུང་། འབྲུ་ཚ། ལཉ་ཝར་བཅས་དང་། སུམ་རྟགས་དག་གསུམ། སྙན་ངག་སོགས་སློབ་ཁྲིད་མཛད་ཡོད།སློབ་གསེང་གི་དུས་སྐབས་བསྟུན་ནས་ཆེད་ལས་དང་འབྲེལ་བའི་བརྩམས་ཆོས་དུ་མང་དུ་ཡོད་དེ། «ཐོན་མི་རྗེས་དྲན་ཡིག་གཟུགས་ཀྱི་མ་ཕྱི་ཀུན་འཛོམས།» «བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ།» «བྲིས་ཀྱི་རིག་གཞུང་སློབ་དེབ་ཉི་མའི་འོད་ཟེར།» «བྲིས་གཟུགས་ཀྱི་སློབ་དེབ་ཟླ་བའི་འོད་ཟེར།» «བོད་ཀྱི་ཡི་གེ་ལ་དཔྱད་པ་ཉི་ཟླའི་འོད་སྣང་།» «བོད་ཀྱི་ཡིག་གཟུགས་རིན་ཆེན་གཏེར་མཛོད།» «སྒྲུང་ཡིག་ཨ་ཡན་འདུལ་བའི་རྟོགས་བརྗོད།» «འབྱུང་རྩིས་སློབ་དེབ་ཨུཏྤལ་སྔོན་པོའི་དོ་ཤལ།» «སྡེ་དགེའི་དམངས་ཁྲོད་ཀྱི་ལ་གླུ།»དེབ་སྟོད་སྨད་བར་གསུམ་སོགས་དཔེ་བསྐྲུན་བྱས་དང་བྱ་འགྱུར་ཡིན། ད་དུང«གཡག་ཟེ་དགོན་གྱི་ལོ་རྒྱུས།» «ལོ་རྒྱུས་དུང་གི་སྒྲ་དབྱངས།»སོགས་དཔེ་སྐྲུན་ཚད་ལྡན་མ་བྱས་པའི་རིགས་དུ་མ་ཡོད་པ་པར་སྐྲུན་བྱས་མེད། «རིན་ཆེན་གཟི་ཡི་དཔྱད་པ་བོད་མི་དགྱེས་པའི་མཆོད་སྤྲིན།» «བོད་ཡིག་ཇི་ལྟར་བྱུང་བ་ལ་དཔྱད་པ།» «སྡེ་དགེ་ཡིད་ལྷུང་ཁོག་ལ་གླིང་དང་འབྲེལ་བའི་སྐོར་འགའ་ལ་དཔྱད་པ» «བོད་ཀྱི་ཡི་གེ་དང་ཡི་གེའི་གཟུགས་བྱུང་བའི་གོ་རིམ་མདོ་ཙམ་བརྗོད་པ།»སོགས་མང་ཤོས་ཤིག་བོད་ཡིག་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་ཡོད། གཞན་ཡང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རིན་ཆེན་གཏེར་མཛོད་རྩོམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གསལ་བཤད་བྲིས་པ་དང་། པེ་ཅིང་མི་རིགས་རིག་གནས་ཞིབ་འཇུག་ཁང་གིས་བསྒྲིགས་པའི་བཀའ་བསྟན་དང་། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཀའ་འབུམ་སོགས་ཀྱི་ཆོས་ཚན་ཁ་བྱང་ལཉ་ཝར་མཐའ་དག་བྲིས། །

ཡོང་ཁུངས། ༢༠༢༤ལོའི«གངས་ལྗོངས་ཉི་གཞོན»དེབ་དྲུག་པ།
འབྲེལ་ཡོད་འོས་སྦྱོར།