logo

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་ཕྱིར་དྲན།

རྩོམ་པ་པོ།:རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-01-21 ཀློག་གྲངས།:
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་ཕྱིར་དྲན།
བློ་བཟང་ལྷུན་གྲུབ་རྡོ་རྗེ་ལ་བཀའ་འདྲི་ཞུས་པ།
རྡོ་དཀར་ཚེ་དཔལ་སྟོབས་ལྡན།

       པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བློས་ཐུབ་གྲོགས་པོ་སྟེ། ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ལ་བཀའ་འདྲི་ཞུས་པ་བརྒྱུད་དེ། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཟང་པོ། དད་ལྡན་མང་ཚོགས་ཐམས་ཅད་ཀྱི་ཆོས་ཀྱི་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མི་རིགས་མཐུན་སྒྲིལ་དང་སློབ་གསོ་འཕེལ་རྒྱས། དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་ཐད་བཞག་པའི་རླབས་ཆེན་གྱི་མཛད་འཕྲིན་དང་རྣམ་དཔྱོད། བློ་སྤོབས། ཐུགས་དགོངས་སོགས་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་བརྗོད་པར་བྱའོ། །
       རྡོ་དཀར་ཚེ་དཔལ་སྟོབས་ལྡན། མི་རིགས་རིག་པའི་འབུམ་རམས་པ། དགེ་རྒན་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་དགེ་རྒན་གྱི་ལས་གནས་གཉེར། ཞིབ་འཇུག་ཁ་ཕྱོགས་ཆོས་ལུགས་རིག་པ་དང་མི་རིགས་རིག་པའི་སྐོར་ཡིན།

       བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1948ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཐང་རྒན་ཡུལ་ཚོར་སྐྱེས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་རྫོང་ཨུ་ཧྲུའུ་ཅི་དང་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱི་སྲིད་ཀྱི་ལས་ཀ་ཐུགས་ཀྱིས་བཞེས་པའི་ཞོར་དུ། སྔ་རྗེས་སུ«མདོ་དབུས་མཐོ་སྒང་ཁོར་ཡུག་མཚོ་དང་མཚེའུ» «མདོ་དབུས་མཐོ་སྒང་གི་རྩྭ་སའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག» «མཚོ་བོད་མཐོ་སྒང་གི་ཆུ་ཡི་ཐོན་ཁུངས» «མཚོ་བོད་མཐོ་སྒང་གི་འཁྱགས་རོམ་དང་སྐྱེ་ཁམས་ཁོར་ཡུག»སོགས་ཀྱི་མདོ་དབུས་མཐོ་སྒང་གི་སྣོད་བཅུད་དང་འཕེལ་རྒྱས་ཐད་ཀྱི་དཔེ་ཚོགས་དེབ་གྲངས་བཅུ་གཉིས་རྩོམ་སྒྲིག་མཛད་ནས་པར་དུ་བསྐྲུན་ཏེ། ཀྲུང་ཧྭའི་ཆུ་ཡི་གཏེར་མཛོད་དང་ཁུངས་ལྔ་སོགས་ཀྱི་རིག་གཞུང་ལྟ་བ་གསར་པ་ཐོག་མར་བཏོན། ཉེ་བའི་ལོ་འགའི་རིང་ལ། «མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས»ཞེས་པའི་ལས་གཞི་ཆེན་མོར་མགོ་མཛད་མུས་སུ་བཞུགས་སོ། །

རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཨ་ཁུ་བློ་བཟང་ལགས། ཁྱེད་སྐུ་ཁམས་བཟང་།
བློ་བཟང་ལྷུན་གྲུབ་རྡོ་རྗེ། ཡ་ཡ། ཁམས་བཟང་།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཨ་ཁུ་བློ་བཟང་ལགས། ད་ལོ་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་དང་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་སུམ་ཅུ་འཁོར་བར་ཁེལ་འདུག པཎ་ཆེན་རིན་པོ་ཆེ་མཆོག་དང་ཁྱེད་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ཁོང་གི་རྒྱལ་གཅེས། ཆོས་གཅེས། དམངས་གཅེས་ཀྱི་དགོངས་པ་རླབས་ཆེན་གྱི་སློབ་སྟོན་དང་གཟིགས་སྐྱོང་ལས། ཁྱེད་ཀྱིས་ཀྱང་སྔ་ཕྱིར་ཏང་དང་མི་རིགས་ལ་ཕན་པའི་ལས་དོན་མང་དུ་བསྒྲུབས་ཡོད། བདག་གིས་པཎ་ཆེན་མཆོག་དང་ཁྱེད་གཉིས་ཀྱི་འབྲེལ་བ་དེ་རྩོམ་གྱི་གཞུང་རུས་སུ་བཟུང་སྟེ། ཁོང་གི་མཛད་པ་འཕྲིན་ལས་ཀྱི་རྒྱ་མཚོའི་ཀློང་ལས་སྐྲ་རྩེའི་ཐིགས་པ་ཙམ་བྱེ་བྲག་ཏུ་བླངས་ནས་ཁྱེད་ལ་བཀའ་འདྲིའི་སྐུ་ངལ་ཞིག་བཟོ་བསམས་པས། ཁྱེད་ཀྱིས་བཀའ་འདྲི་དང་ལེན་ཡོང་བའི་རེ་བ་ཞུ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཟང་པོ། དད་ལྡན་མང་ཚོགས་ཐམས་ཅད་ཀྱི་ཆོས་ཀྱི་སྐྱབས་མགོན་ཡིན། ཁོང་གིས་མི་རིགས་མཐུན་སྒྲིལ་དང་སློབ་གསོ་འཕེལ་རྒྱས། དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་མཛད་འཕྲིན་རླབས་ཆེན་བཞག་ཡོད། ང་ཚོ་ཕྱི་རབས་པས་ཁོང་གི་བློ་སྤོབས་དང་མཛད་འཕྲིན། ཐུགས་དགོངས་དང་རྣམ་དཔྱོད་སོགས་སེམས་ནས་མི་བརྗེད་པར་རྗེས་སུ་དྲན་པ་དེ་ཤིན་ཏུ་གལ་ཆེ། ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག ད་ལོའི་ཟླ་དང་པོར་མཚོ་སྔོན་ཙོང་ཁ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཁྲུངས་ནས་བགྲང་བྱ་བརྒྱད་ཅུ་དང་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་སུམ་ཅུ་འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་བསྡུས་པའི་སྟེང་། ངས་པཎ་ཆེན་མཆོག་གིས་བོད་ཁུལ་གྱི་སློབ་གསོ་ལ་ཐུགས་ཁུར་དང་གཟིགས་སྐྱོང་མཛད་པའི་སྐོར་ནས་གཏམ་བཤད་ཐུང་ངུ་ཞིག་སྤེལ། ད་ཐེངས་ངས་ཁོང་གི་མཛད་འཕྲིན་ཁག་ཅིག་ལས་འཕྲོས་ཏེ་ཁྱོད་དང་བགྲོ་གླེང་བྱེད་ཆོག
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཤིན་ཏུ་བཀའ་དྲིན་ཆེ་ཞུ། ཨ་ཁུ་བློ་བཟང་ལགས། ཁྱེད་ཀྱིས་ཐོག་མར་པཎ་ཆེན་བཅུ་པ་མཆོག་ཇི་ལྟར་ངོ་ཤེས་པ་ཡིན་ནམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། ཐོག་དང་པོར་རིན་པོ་ཆེ་ལ་སྐུ་བཅར་གྱི་མཇལ་ཁ་ཞུས་པ་ནི1983ལོ་ཡིན། སྐབས་དེར་ངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གྱི་འགན་ཁུར་ཡོད། ལོ་དེའི་ཟླ་དགུ་པར་ཞིང་ཆེན་གྱིས་ང་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་དུ་མངགས། ལམ་ལ་ཆས་སྐབས་ཡུལ་མི་ཚོས་ང་ལ་རིན་པོ་ཆེར་འབུལ་བའི་འཚམས་སྐྱེས་མང་པོ་བསྐུར། པེ་ཅིན་དུ་སླེབས་རྗེས། ངས་ཡུལ་མི་ཚོས་བཅོལ་བའི་ལས་དེ་ཞལ་པར་གྱི་ལམ་ནས་རིན་པོ་ཆེའི་དྲུང་ཡིག་ལ་ཞུས། ཉིན་ཞིག་རིན་པོ་ཆེའི་དྲུང་ཡིག་གིས་ཞལ་པར་ཐོན་ཏེ། རིན་པོ་ཆེ་ལགས་ཀྱིས་ང་ལ་མཇལ་འཕྲད་གནང་བའི་དུས་ཚོད་བཀོད་སྒྲིག་བྱས་ཟིན། སང་ཉིན་རླངས་འཁོར་མངགས་ནས་ང་ལེན་དུ་འོང་གསུངས། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞི་རིམ་ལས་བྱེད་པ་གཉིས་ལ་བར་ཐག་ཡོད་པར་བརྟེན། ནུབ་མོ་དེར་དགའ་མོས་དང་བག་འཁུམ་གྱིས་ང་མཚན་ཧྲིལ་པོར་གཉིད་མ་ཁུག རིན་པོ་ཆེ་ལགས་སྐབས་དེར་པེ་ཅིན་གྱི་ནུབ་རིར་བཞུགས། ཟླ་དགུ་པའི་ནུབ་རི་ཡིད་དུ་འོང་ཞིང་ལྟ་ན་སྡུག ང་རིན་པོ་ཆེའི་བཞུགས་གནས་སུ་སླེབས་མ་ཐག རིན་པོ་ཆེ་འཛུམ་དམུལ་དམུལ་གྱིས་སྒོ་ཕྱིར་ཕེབས་ནས་ང་ལ་ཕྱག་འཇུ་གནང་ཞིང་འཚམས་འདྲི་བྱས། མགྲོན་ཤག་ཏུ་ངས་ཁོང་ལ་མཇལ་ཁ་ཞུས་ཤིང་ཁ་བཏགས་ཕུལ། ཁོང་གིས་ང་རང་ཁོང་དང་ལྷན་དུ་འབོལ་ཁྲིར་སྡོད་དུ་བཅུག རིན་པོ་ཆེའི་ཆེ་ཚུགས་མེད་པའི་ཐུགས་གཤིས་དང་བྱམས་བརྩེ་དེ་མཐོང་བས། ང་རང་དེ་སྔའི་བག་འཁུམ་པའི་བློ་ཡང་རང་ལྷོད་དུ་ཕྱིན། རིན་པོ་ཆེས་ང་ལ་གཟིགས་ཏེ། ངོ་མ་གསར་བུ་ལོ་ཆུང་རེད། གསར་བུ་གཞོན་ནུ་རེད། ད་ལྟ་ལོ་ག་ཚོད་ཡིན་ཞེས་བཀའ་འདྲི་མཛད་པ་ལ། ངས་རིན་པོ་ཆེ་ལགས། ང་ད་ལོ་ལོ་སུམ་ཅུ་སོ་གསུམ་ཡིན་ཞེས་བཤད། དེ་ནས་ཁོང་གིས་ངའི་ཁྱིམ་གྱི་གྲལ་རིམ། སློབ་གྲྭ་ཇི་ལྟར་འགྲིམས་པ་དང་ལས་གནས་གང་དག་གཉེར་བ་སོགས་ཀྱི་གནས་ཚུལ་ཞིབ་མོར་བཀའ་འདྲི་མཛད་ཅིང་། ངས་ཀྱང་ཁོང་ལ་རེ་རེ་བཞིན་རྒྱས་པར་བཀའ་ལན་ཕུལ། རིན་པོ་ཆེས་ཁྱོད་ལོ་ན་ཆུང་ཡང་འཚོ་བའི་བརྒྱུད་རིམ་སྣ་འཛོམས་རེད། དཀའ་བ་ཡང་སྤྱད་ཡོད། སྡུག་ཀྱང་མྱངས་ཡོད། དེ་མ་འོངས་པར་རང་ཉིད་ཡར་སྐྱེད་འགྲོ་བ་ལ་ཕན་ཆེན་པོ་ཐོགས་སྲིད་ཅེས་གསུངས། ཉིན་དེར་རིན་པོ་ཆེ་དང་ལྷན་དུ་གསོལ་ཇ་ལ་རོལ་ཞོར་ཆུ་ཚོད་གཉིས་ཙམ་ལ་གསུང་གླེང་མཛད། མཇུག་མཐར་རིན་པོ་ཆེས་ཁྱོད་ཁུལ་དཔོན་གསར་པ་རེད། རྒྱ་སྐད་ལ་དཔོན་པོ་གསར་པས་མེ་ཆེན་པོ་གསུམ་སྒྲོན་ཟེར་སྲོལ་མཆིས། ཁྱོད་ཀྱིས་ཇི་ལྟར་མེ་ཆེན་པོ་གསུམ་སྒྲོན་རྩིས་ཡོད་ཅེས་བཀའ་འདྲི་མཛད། རིན་པོ་ཆེ་ལགས། ངས་ཁུལ་དཔོན་འཁུར་བའི་ལོ་ལྔའི་རིང་ལ། རང་སྐྱོང་ཁུལ་དུ་བོད་ཀྱི་སློབ་གྲྭ་ཆེན་པོ་ཞིག་འཛུགས་གྲབས་བྱེད་པ་དང་གཅིག རང་སྐྱོང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ཕན་པའི་འཆར་ལྡན་བུ་སྐྱེས་ཀྱི་སྒྲིག་ཡིག་ཅིག་བཟོ་བ་དང་གཉིས། རོང་འབྲོག་ཁུལ་གྱི་ལས་བྱེད་པའི་ཁྱིམ་ཐོ་དེ་གྲོང་ཁྱེར་གྱི་ཁྱིམ་ཐོར་བསྒྱུར་བ་དང་གསུམ་བཅས་པའི་འཆར་གཞི་གསུམ་ཡོད་ཅེས་བཀའ་ལན་བཏབ། རིན་པོ་ཆེས་བྱ་བ་དེ་ཤིན་ཏུ་བཟང་། རང་རྒྱལ་ན་རང་སྐྱོང་ཁུལ་སུམ་ཅུ་ལས་བོད་རིགས་རང་སྐྱོང་ཁུལ་བཅུ་ཡོད། ངས་ཤེས་ཚོད་ལ་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་དུ་མ་གཏོགས་སློབ་ཆེན་མེད། ཁྱོད་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་ཆེན་ཞིག་འཛུགས་རྩིས་ཀྱི་འཆར་གཞི་དེ་ཤིན་ཏུ་ལེགས། ངས་ཁྱོད་ལ་རྒྱབ་སྐྱོར་བྱེད། དོན་ཆེན་དེ་འགྲུབ་པའི་སྨོན་ལམ་ཡང་འདེབས་ཞེས་ཐུགས་དགྱེས་དགྱེས་མཛད།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཨ་ཁུ་བློ་བཟང་ལགས། ཕྱིས་སློབ་གྲྭ་ཆེན་མོ་དེ་འཛུགས་ཐུབ་སོང་ངམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། འཛུགས་ཐུབ་སོང་། པཎ་ཆེན་རིན་པོ་ཆེའི་སྐུ་དྲིན་ལ་བརྟེན་ཏེ། སློབ་གྲྭ་དེ་སྤྱི་ལོ1985ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་བཙུགས། ཐོག་མར་མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭར་བཏགས་ཤིང་། ཕྱིས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་བསྒྱུར། དམངས་ཁྲོད་དུ་པཎ་ཆེན་སློབ་གྲྭར་འབོད། སློབ་གྲྭ་བཙུགས་པ་ནས་སྤྱི་ལོ2000ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཉམ་སྡུད་བྱས་པའི་བར་གྱི་ལོ་བཅོ་ལྔའི་རིང་ལ། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭས་བོད་ཁུལ་དུ་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་བའི་དགེ་རྒན7600ལྷག་སྐྱེད་སྲིང་བྱས་ཡོད།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ང་ཡང་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ཡིན། ད་ལྟ་སློབ་གྲྭ་མཉམ་སྡུད་བྱས་ནས་མིང་སྟོང་བ་ཙམ་ལས་ལྷག་མེད་ཀྱང་། ཐོག་མར་སློབ་གྲྭ་དེ་བཙུགས་པའི་དཀའ་སྡུག་ཤེས་འདོད་ཀྱི་ཕྱི་ཐོག་པ་ཤིན་ཏུ་མང་། ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐུ་དྲིན་ལས་སློབ་གྲྭ་བཙུགས་པའི་བརྒྱུད་རིམ་གསལ་པོ་ཞིག་གསུངས་ན་ག་འདྲ་རེད།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1985ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་གྲོང་རྡལ་དུ་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས། འོན་ཀྱང་སློབ་གྲྭ་འདུག་ས་ཆེན་པོ་མེད་པས་གནས་སྐབས་སུ་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་བོད་ཡིག་ཆེད་ལས་ཀྱི་འཛིན་གྲྭ་གཅིག་བསྡུས། ཐོག་དང་པོ་རིན་པོ་ཆེར་མཇལ་དུས། ཁོང་གིས་སློབ་གྲྭ་ཆེན་མོ་ཞིག་འཛུགས་པར་རྒྱབ་སྐྱོར་གནང་བར་ཞལ་གྱིས་བཞེས་པའི་གོ་སྐབས་བཟང་པོར་བསྟུན་ཏེ། སྤྱི་ལོ1985ལོའི་ཟླ5པའི་ཚེས4ཉིན། ང་པེ་ཅིན་དུ་ཕྱིན་ཏེ་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ངོས་ནས་རིན་པོ་ཆེ་མཚན་འཛིན་སློབ་གཙོར་གདན་འདྲེན་ཞུ་བའི་སྙན་གསན་ཕུལ་བ་ལ། ཁོང་གིས་ཁྱོད་ཚོས་ང་དཔོན་པོ་བསྐོས་པ་ཡིན་ནམ་ཞེས་ཞལ་རྩེད་མཛད་ནས་སྤྲོ་བ་ཆེན་པོས་དང་ལེན་གནང་། ངས་དེ་མུར་གནས་ཚུལ་དེ་མཚོ་ལྷོ་ཁུལ་ཨུ་ཧྲུའུ་ཅི་རྡོ་བྷར་ཡར་ཞུ་བྱས་ཤིང་། ད་དུང་སྐབས་དེའི་སློབ་གཙོ་སྲུང་མ་སྐྱབས་ལ་ཡི་གེ་བྲིས་ནས་རིན་པོ་ཆེ་སློབ་གཙོར་གདན་འདྲེན་བྱས་པའི་འཕྲིན་བཟང་དགེ་སློབ་ཡོངས་ལ་ཤེས་སུ་བཅུག ཁོ་ཚོ་དགའ་སྤྲོ་ཚད་མེད་སྐྱེས་ནས་ང་ལ་བཀའ་དྲིན་ཡང་ཡང་ཞུས། ང་དང་ཧྲུའུ་ཅི་རྡོ་བྷ་གཉིས་ཀྱིས་ང་ཚོའི་སྔར་གྱི་གྲོས་མོལ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་པདྨ་བསྟན་འཛིན་ལ་འབྲེལ་བ་བྱས་ཏེ། རབ་ཡིན་ན་ཞིང་ཆེན་སྲིད་གཞུང་གི་ངོས་ནས་རིན་པོ་ཆེ་མཚན་འཛིན་སློབ་གཙོར་གདན་འདྲེན་ཞུ་རྒྱུར་བརྩོན་ལེན་བྱེད་དགོས་ཞེས་ཡང་ཡང་ནན་བཤད་བྱས་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དོན་དེ་ལེགས་འགྲུབ་མ་བྱུང་། སྤྱི་ལོ1985ལོའི་ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་སོན་རིས་ཞང་གིས“ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིང་། མཚོ་སྔོན་མི་རིགས་ཆེད་སྦྱོང་སློབ་གྲྭ་བཅས་ཀྱི་མིང་ཐོག་ནས་རིན་པོ་ཆེ་མཚན་འཛིན་སློབ་གཙོར་གདན་འདྲེན་ཞུས”ཞེས་ཡི་གེའི་ལམ་ནས་མཛུབ་སྟོན་གནང་བས། སྤྱི་ལོ1986ལོའི་ཟླ1པའི་ཚེས21ཉིན། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་བརྟན་དང་ཆེད་སྦྱོང་སློབ་གྲྭའི་སློབ་གཙོ་ལྷ་མོ་ཚེ་བརྟན། སློབ་གསོ་ཐིང་གི་མི་སྣ་སོགས་པེ་ཅིན་དུ་ཕྱིན། ཕྱི་ཉིན་ལས་ཁུངས་གསུམ་གྱི་སྐུ་ཚབ་མཉམ་དུ་ཁྲིད་དེ་རིན་པོ་ཆེའི་བཞུགས་གནས་སུ་གདན་འདྲེན་ཡི་གེ་ཁྱེར་ནས་ཁོང་གི་ཕྱག་ཏུ་ཕུལ་བ་ན། ཁོང་གིས་ཐུགས་བསམ་ཡུད་ཙམ་གནང་རྗེས་བག་དྲོ་བའི་ངང་ཐུགས་བཞད་དེ། ཁྱོད་ཚོས་ངའི་ཨུ་ཡོན་ཀྲང་གཞོན་པའི་དཔོན་གནས་ཆུང་ཞིང་། ལས་ཀ་ཉུང་བར་བསམ་པ་ཨེ་ཡིན། ང་ལ་ཁྱོད་ཀྱིས་ཀྱང་ང་ནི་བྱ་བའི་འགན་འཁུར་བར་དགའ་བ་དང་དཔོན་པོ་འདུག་འདོད་པ་རེད་སྙམ་པ་ཡིན་ནམ། གལ་སྲིད་དེ་ལྟར་ཡིན་ན་ངས་ཀྱང་རྫུ་བག་མེད་པར་ཁྱོད་ཚོའི་གདན་ཞུ་དང་ལེན་བྱེད། དེ་ལྟར་བྱས་ན་ཁྱོད་ཚོ་ལ་རོགས་ཏོག་ཙམ་ཡང་བྱེད་ཐུབ་ཅེས་ཞལ་རྩེད་ཀྱིས་གསུངས་ཤིང་། དགའ་སྤྲོ་ཆེན་པོས་གདན་འདྲེན་ཞལ་བཞེས་གནང་བར་མ་ཟད། གདན་ཞུའི་ཡི་གེ་སྟེང་དུ“འདི་ག་དགེ་འོས་སློབ་གྲྭའི་མཚན་འཛིན་སློབ་གཙོར་གདན་འདྲེན་ཞུས་པ་འདི་ཁྱེད་ཚོས་ང་ལ་རེ་བ་དང་ཡིད་ཆེས་གནང་གི་ཡོད་པའི་རྟགས་མཚན་ཞིག་ཡིན་སྟབས། ངས་དགའ་ཚོར་ཆེན་པོའི་ངང་ནས་དང་ལེན་ཞུས་པ་ཡིན”ཞེས་ཕྱག་བྲིས་གནང་བས་ང་ཚོའི་ཡིད་སེམས་ལ་དགའ་བ་རབ་ཏུ་སྐྱེས།
       སྤྱི་ལོ1986ལོའི་ཟླ7པའི་ཚེས19ཉིན། ངས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སློབ་གཙོ་རྡོ་རྗེ་ཐར་སོགས་རིན་པོ་ཆེའི་སྐུ་གམ་དུ་ཁྲིད་དེ། ཁོ་ཚོས་སློབ་གྲྭའི་གནས་ཚུལ་ཕྱོགས་ཡོངས་ནས་རིན་པོ་ཆེ་ལ་སྙན་ཞུ་ཕུལ་བ་དང་ལྷན་དུ།
       སློབ་གྲྭ་ལ་ད་དུང་གཏན་འཁེལ་གྱི་ས་གནས་ཤིག་མེད་ཅིང་། སློབ་གྲྭ་འཛུགས་པའི་མ་དངུལ་ཤིན་ཏུ་དཀའ་ཁག་ཆེ་ཚུལ་གྱི་སྙན་གསན་ཡང་ཕུལ། རིན་པོ་ཆེས་ས་གནས་དང་མ་དངུལ་གཉིས་བདག་གིས་བློ་མཐུན་དབྱང་ཧྲང་ཁུན་དང་ལི་ཕེང་ལ་འབྲེལ་བ་བྱས་ནས་ཐག་གིས་གཅོད། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནི་བོད་རིགས་རང་སྐྱོང་ཁུལ་བཅུའི་ནང་གི་སློབ་ཆེན་གཅིག་པུ་ཡིན། བདག་ཀྱང་ཁྱོད་ཚོའི་མཚན་འཛིན་སློབ་གཙོའི་འགན་ཁུར་ཡོད། སློབ་གྲྭ་ལེགས་འགྲུབ་བྱེད་དགོས་ན། སྒྲིག་ལམ་དང་སྒྲིག་སྲོལ་ལམ་ལུགས་ལེགས་པོ་འཛིན་དགོས། བག་གཡེང་བྱེད་མི་རུང་། རང་མོས་ཅན་དུའང་འགྲོ་མི་རུང་ཞེས་བཀའ་སློབ་གནང་། རིང་བོར་མ་འགྱངས་པར་ལན་གྲུ་མཁའ་དམག་གི་ཁོངས་གཏོགས་གུང་ཧོ་ས་ཚིགས་ལས་ས་མུའུ་བརྒྱད་ཅུ་བླངས་ནས་སློབ་གྲྭའི་སྡོད་གནས་སུ་བྱིན་ཞིང་། རྨང་གཞི་འཛུགས་སྐྲུན་ཐད་ལའང་དམངས་སྒོར་འབུམ་གསུམ་གྱི་མ་དངུལ་ཐོན། སྤྱི་ལོ1987ལོའི་ཟླ10པའི་ཚེས14ཉིན། སྐུ་དངོས་སུ་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ཏེ་དགེ་སློབ་རྣམས་ལ་ཞལ་མཇལ་གནང་བའི་སྐལ་བ་ཐོབ། ཁོང་གིས་མི་ལ་ལས་སློབ་གྲྭ་འདི་མི་རིགས་སློབ་གྲྭ་ཆེན་མོར་བསྲེས་དགོས་ཟེར་ཡང་། ང་དེར་འཐད་པ་མིན། སློབ་གྲྭ་འདི་བོད་རིགས་འདུས་སྡོད་ཀྱི་ཁུལ་དུ་བཙུགས་ཤིང་། སློབ་མ་མང་ཤོས་རོང་འབྲོག་གི་བྱིས་པ་ཡིན། གྲོང་ཁྱེར་གྱི་སློབ་གྲྭར་བསྲེས་ན་རོང་འབྲོག་གི་བྱིས་པ་ཡོང་ཐུབ་ཀྱིན་མེད། དེ་བས་སློབ་གྲྭ་འདི་བསྲེས་མི་ཉན་དང་ཕྱིར་འཐེན་བྱེད་མི་ཉན་ཞེས་བཀའ་སློབ་མཛད།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཨ་ཁུ་བློ་བཟང་ལགས། ཁྱེད་རང་ག་དུས་པེ་ཅིན་དུ་ལས་གནས་སྤར་བ་ཡིན། པེ་ཅིན་དུ་ལས་ཀ་སྒྲུབ་པ་ནས་བཟུང་པཎ་ཆེན་རིན་པོ་ཆེས་སློབ་སྟོན་དང་གཟིགས་སྐྱོང་གནང་བའི་གོ་སྐབས་སྔར་ལས་མང་པོ་བྱུང་ཡོད་དམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1985ལོའི་ཟླ་བཅུ་གཅིག་པར་ང་པེ་ཅིན་དུ་ལས་གནས་སྤར་བའི་གནས་ཚུལ་དེ། རིན་པོ་ཆེས་ཐོས་རྗེས་མི་མངགས་ནས་ང་རང་ཁོང་གི་བཞུགས་ཁྱིམ་དུ་མགྲོན་འབོད་བྱས། ཁྱིམ་དུ་སླེབས་མ་ཐག་རིན་པོ་ཆེས་ཕྱག་ཟུང་བརྡབས་ནས་པེ་ཅིན་དུ་ལས་གནས་སྤར་བར་དགའ་བསུ་དགའ་བསུ་ཞེས་གསུངས་ནས་ལྷ་དར་ཡང་གནང་། ཁོང་གིས་པེ་ཅིན་ནི་ཡུལ་དབུས་གྲོང་ཁྱེར་ཡིན། རྒྱལ་ཡོངས་ཀྱི་མི་འཇོན་ཐང་ཅན་རྣམས་གྲོང་ཁྱེར་འདིར་འདུས་ཡོད་ཕྱིན། སློབ་སྦྱོང་བྱེད་སའི་གནས་ལེགས་པོ་ཞིག་ཡིན། ཁྱོད་ཀྱིས་ཁེངས་སྐྱུང་གིས་ལས་གྲོགས་རྣམས་ལ་སློབ་སྦྱོང་བྱས་ཏེ། རང་ཉིད་ལེགས་ལམ་དང་དྲང་ལམ་དུ་འགྲོ་བར་བསྐུལ་ན་ད་གཟོད་ཡར་ཐོན་འགྲོ་སྲིད། ཡིན་ནའང་རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྩ་བ་ནས་འདོར་མི་རུང་། ལག་ཏུ་དཔོན་ས་དང་དངུལ་རག་པའི་ཆེད་དུ་ངོ་ཚ་ཡང་རྩ་བ་ནས་མེད། མཐོ་བ་མཐོང་ན་ལྕེ་སྣར། མགོ་སྒུར། ཁ་ཡག་ངོ་བསྟོད་བཤད་མཁན་དེ་འདྲ་གཏན་ནས་བྱེད་མི་ཉན་ཞེས་བཀའ་སློབ་ཡང་ཡང་གནང་། ལོ་དེའི་ཟླ་བཅུ་གཅིག་པར་གུང་གཞོན་ཚོགས་པ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ང་རང་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིར་སྣོན་འདེམ་བྱས་པ་རིན་པོ་ཆེས་གསན་རྗེས། ང་ལ་ཞལ་པར་བཏང་སྟེ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ང་ལ་གསུང་རྒྱུར། ལས་བྱེད་པ་ཞིག་ཡིན་ཚེ་ངེས་པར་དུ་སྐད་ཆ་དྲང་མོར་བཤད་དགོས། སྐད་ཆ་དྲང་མོས་རེ་འགར་རང་ཉིད་ལ་ཉེན་ཁར་གཏོད་ཀྱང་སྲིད་མོད། ཅིས་ཀྱང་དེ་ལྟར་བཤད་དགོས་ཞེས་གསུངས། རིན་པོ་ཆེས་ལོ་རབས་དྲུག་ཅུར་ཞལ་གསུང་དྲང་མོར་གསུངས་པས་སྐུ་ལུས་འོ་བརྒྱལ་མི་ཉུང་བ་མྱངས་ཀྱང་། ཁོང་གི་ཟོལ་མེད་གཞུང་དྲང་གི་ཐུགས་རྒྱུད་ལ་འགྱུར་བ་ཅི་ཡང་མེད། ཚོགས་འདུ་གལ་ཆེན་གང་མང་གི་སྟེང་དུ་རིན་པོ་ཆེ་ལ་འཛེམ་དོགས་མེད་པར་ལྟ་ཚུལ་སྲོང་བོར་བརྗོད་པ་དེས། སྐུ་གམ་གྱི་མི་མང་པོ་ཧ་ལས་སུ་བཅུག་པ་ངས་ཐེངས་མང་པོར་མཐོང་མྱོང་། རིན་པོ་ཆེའི་མིག་དཔེ་གཞན་སྟོན་གྱི་མཛད་སྤྱོད་དེ་དག་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་བརྗེད་མི་སྲིད་ཅིང་། བློ་བསྐྱེད་དང་སློབ་གསོའང་མི་དམན་པ་ཐོབ།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཁྱེད་དང་པཎ་ཆེན་རིན་པོ་ཆེ། ང་ཕོད་ངག་དབང་འཇིགས་མེད་གསུམ་ལྷན་དུ་བཞུགས་པའི་སྐུ་པར་ཞིག་མཆིས་པ་དེ། དྲ་ངོས་དང་དུས་དེབ་སོགས་སུ་སྤེལ་བའི་ལྡེབ་གྲངས་ཤིན་ཏུ་མང་། སྐུ་པར་དེ་བསྐྱོན་པ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ག་འདྲ་འདུག་ལགས།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1988ལོའི་ཟླ་གསུམ་པར་གུང་གཞོན་ཚོགས་པའི་ཚོགས་ཆེན་སྐབས་བཅུ་གཉིས་པ་པེ་ཅིན་དུ་བསྡུས། སྐབས་དེར་ང་རིན་པོ་ཆེའི་སྐུ་མདུན་དུ་ཕྱིན་ནས་ཁོང་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བར་གདན་འདྲེན་ཞུས། ཁོང་གིས་ཁྱོད་ཚོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པར་ང་ཧྭ་ཤང་ཞིག་གིས་ཅི་བཤད་དམ། ང་གདན་འདྲེན་ཞུ་རྒྱུ་དེ་ཁྱོད་ཀྱི་བསམ་འཆར་ཡིན་ནམ་ཞེས་བཀའ་འདྲི་གནང་བ་ལ། ངས་དེ་ནི་ང་ ཚོ་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བསམ་འཆར་ཡིན་ཚུལ་ཞུས་པ་ན། ཁོང་གིས་དེས་ན་ཡག་པོ་འདུག གལ་སྲིད་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཞིག་ཡིན་ན། ཁྱོད་ཚོའི་རེ་བ་ལྟར་སྒྲུབ་ཆོག་ཅེས་ཐུགས་དགྱེས་དགྱེས་ངང་ཞལ་གྱིས་བཞེས། པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད། ང་བཅས་ལྷན་དུ་བཞུགས་པའི་སྐུ་པར་ནི། སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས་གུང་གཞོན་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་དུས་བསྐྱོན་པ་ཡིན། ཁོང་གིས་ན་གཞོན་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་དང་དུས་ཚོད་ནི་མདུན་ནས་མདུན་དུ་བསྐྱོད་པས་སུས་ཀྱང་ཕྱིར་འཐེན་མི་ཐུབ་ཕྱིན། དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་བྱེད་དགོས་པར་སྐུལ་མ་གནང་། ཁོང་གིས་ཁྱོད་ཚོ་གུང་གཞོན་ཚོགས་པ་ནི་ང་ཚོ་ཏང་གི་རྗེས་སྐྱོང་བ་ཡིན། ང་ཚོ་བོད་མི་རིགས་ཀྱི་རེ་བ་བྱེད་ས་ཡང་ཡིན་པས་ཁྱོད་ཚོས་ཕྱོགས་གང་ཅིའི་ཐད་དུ་སློབ་སྦྱོང་ནན་ཏན་བྱས་ནས་ང་ཚོའི་མི་རིགས་འདི་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བཀའ་སློབ་བསྩལ་བར་མ་ཟད། ལོ་འདི་འགའི་རིང་ལ་ང་བོད་ཡུལ་གྱི་ཤིན་ཏུ་སྡུག་པའི་ས་ཆ་མང་པོར་ཕྱིན་མྱོང་། བོད་ཡུལ་གྱི་དགུན་ཁ་ནི་དངོས་གནས་འགྲོ་ས་ཞིག་མིན། དགུན་ཁར་བོད་མང་པོ་ནང་ལོགས་སུ་འགྲོ་བ་རེད། འོན་ཀྱང་ང་ནི་ན་ནིང་དགུན་ཁར་བོད་ལྗོངས་སུ་ཕྱིན་པ་ཡིན། དེ་ནི་བྱ་བའི་ཆེད་དུ་ཡིན་ལ། ང་རང་གི་མི་ཚེའི་རིན་ཐང་གཉེར་ཞིང་མངོན་དུ་འགྱུར་བའི་ཆེད་དུའང་ཡིན་གསུངས། ཁོང་གི་ཞལ་གསུང་དེས་ན་གཞོན་རྣམས་ལ་བློ་འགུལ་ཆེན་པོ་ཐེབས།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཁྱེད་རང་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་བོད་ཁམས་སུ་གཟིགས་ཞིབ་ཏུ་འགྲོ་ཨེ་མྱོང་། ཁོང་གི་གཞན་དོན་ལྷུར་ལེན་གྱི་ཐུགས་སྟོབས་དེ་ག་འདྲ་རེད་དམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1988ལོའི་ཟླ་དང་པོར་ང་རང་རིན་པོ་ཆེ་དང་ལྷན་དུ་བོད་ལྗོངས་སུ་གཟིགས་ཞིབ་ལ་ཕྱིན། སྐབས་དེར་ངས་ཁོང་གི་གཞན་དོན་ལྷུར་ལེན་གྱི་ཐུགས་སྟོབས་དེ་སྔར་བས་གཏིང་ཟབ་པའི་སྒོ་ནས་རྟོགས་བྱུང་། རིན་པོ་ཆེ་ལྷ་སར་ཕེབས་དུས་ཞལ་ཆམ་ཕོག་ཡོད་ཀྱང་། ཁོང་གིས་ཉིན་ཕྱེད་ཙམ་མ་གཏོགས་སྐུ་ངལ་མ་གསོས་པར་བྲེལ་འཚུབ་ཀྱིས་ཕྱག་ལས་གནང་མགོ་མཛད། ཐོག་མར་ལྗོངས་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་ལྷན་དུ་བྱ་བར་གྲོས་བསྡུར་དང་ཞིབ་འཇུག་གནང་ཞིང་། དེ་མུར་བླ་མ་གྲྭ་བཙུན་སོགས་ལས་རིགས་སོ་སོའི་འཐུས་ཚབ་པ་རྣམས་དང་ཆབས་ཅིག་ཏུ་མཐུན་སྒྲིལ་གྱི་དགོངས་པ་ནན་གསུང་མཛད། ས་མཐོའི་དབང་གིས་རིན་པོ་ཆེ་དུས་རྒྱུན་མཚན་སྨད་མ་གཏོགས་གཟིམ་ཐུབ་ཀྱིན་མེད་ཀྱང་། དད་ལྡན་མང་ཚོགས་ཀྱི་རེ་བ་སྐོང་ཕྱིར། ཞོགས་པ་སྐྱ་རེངས་ཤར་མ་ཐག་ནས་མང་ཚོགས་ལ་མཇལ་ཁ་གནང་། ཕྱི་དྲོའི་དུས་ཚོད་གསུམ་དུ་ད་དུང་གུང་ཚིགས་མ་གསོལ་བས་དྲུང་ཡིག་གིས་སྐུ་ངལ་གསོ་བའི་སྙན་གསན་ཕུལ་ཀྱང་། རིན་པོ་ཆེས་སྒོ་ཆེན་ཕྱི་ན་ད་དུང་དད་ལྡན་མང་ཚོགས་ཕྲེང་བསྒྲིགས་ཏེ་བསྒུགས་པ་གཟིགས་པས། འདིའི་ནང་ཐག་རིང་གི་མཇལ་བའང་ཡོད་ཅེས་གསུང་བཞིན་མུ་མཐུད་དུ་མཇལ་ཁ་གནང་། མུན་རུབ་པའི་བར་དུ་དད་ལྡན་པ་ཁྲི་ཕྲག་ལྷག་ལ་མཇལ་ཁ་གནང་བས། ཁོང་གི་ཕྱག་སྐྲངས་ཏེ་ཞལ་ཟས་གསོལ་དུས་ཐུར་མའང་འཛིན་མི་ཐུབ།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། སྐབས་དེར་ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེའི་མཛད་སྤྱོད་ལས། ནམ་ཡང་བརྗེད་མི་སྲིད་པ་དང་ཡང་ན་ཡིད་འགུལ་ཐེབས་པའི་དོན་ལ་འཕྲད་ཨེ་མྱོང་ལགས།
བློ་བཟང་ལྷུན་གྲུབ་རྡོ་རྗེ། ཉིན་ཞིག་ཨ་མདོའི་རྒན་པོ་ཞིག་རིན་པོ་ཆེ་ལ་མཇལ་དུས། རིན་པོ་ཆེ་ལགས། ང་ལོ་ན་ནི་བགྲེས། ན་ཚ་ཡང་མང་། ཁྱེད་ཀྱིས་ངའི་ནད་ཀྱི་བར་ཆད་སེལ་བར་ཐུགས་རྗེས་སྐྱོང་རོགས། ང་ཤི་རྗེས་ངའི་རྣམ་ཤེས་ཕྲ་མོ་དེ་ཡང་བདེ་བ་ཅན་དུ་འདྲེན་པར་ཐུགས་ལ་འདེགས་པར་ཞུ་ཞེས་ཞུས་པ་ལ། རིན་པོ་ཆེས་བརྩེ་བ་ཆེན་པོས་ཁྱོད་འདས་རྗེས་ངས་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུས་ནས་སྨོན་ལམ་རྒྱག་སྲིད། ཡིན་ནའང་ཁྱོད་ཀྱི་ནད་ལ་ང་ནི་ཐབས་མེད། ངེས་པར་སྨན་པར་བསྟེན་དགོས་ཞེས་གསུངས། རྒན་པོ་ཡིད་ཤིན་ཏུ་ཚིམས་ནས་ཐུགས་རྗེ་ཡང་ཡང་ཞུས། གོམ་པ་འགར་ཕྱིན་རྗེས་ཁ་ཕྱིར་འཁོར་ནས་རིན་པོ་ཆེ་ལགས། ཁྱེད་ཀྱི་གསུང་ངའི་ཡིད་ལ་བཟུང་ཡོད་ཅེས་ཞུས་པ་ལ། རིན་པོ་ཆེ་ཁྲི་ལས་ཡར་བཞེངས་ཏེ། ཁྱོད་ཀྱི་སྐད་ཆའང་ངའི་སེམས་ལ་བཟུང་ཡོད། རང་གི་ལུས་པོར་བདག་སྐྱོང་ལེགས་པོ་བྱོས། ནད་ངེས་པར་དུ་སྨན་པར་བསྟེན་དགོས་ཞེས་ནན་ནན་ཏིག་ཏིག་གིས་གསུངས། གཟིམ་ཁང་དུ་ལོག་རྗེས་ང་ལ་གསུང་རྒྱུར། ལྟོས་དང་། རྒན་པོ་དེ་ནི་ཅི་འདྲའི་དད་པ་ཅན་ཞིག་རེད་ཨང་། ཡིན་ནའང་དེའི་ནང་གནད་དོན་ཚབས་ཆེན་ཞིག་གནས་ཡོད། ཐ་ན་འགྲོ་འདུག་ཀྱང་མི་ཐུབ་པའི་ནད་པ་མང་པོ་ཞིག་འགྱོག་བྱམས་སུ་བཏེགས་ནས་ངའི་མདུན་དུ་ཡོང་སྟེ། སྒོར་མོ་ཕུལ་ནས་ང་ལ་ནད་གདོན་སེལ་བའི་སྐྱབས་འཇུག་ཞུས། དེ་འདྲའི་གནས་ཚུལ་ལ་འཕྲད་དུས་ངའི་སེམས་ཤིན་ཏུ་མི་བདེ་བར་གྱུར། ནད་བྱུང་ན་སྨན་པར་མི་བསྟེན་པར་ང་བཙལ་ཡང་ང་ལ་ཐབས་མེད། དེ་བས་ངས་ནད་པ་ཁུར་བའི་མི་ལ་སྒོར་མོ་ཕྱིར་སྤྲད་དེ། འདི་པཎ་ཆེན་གྱིས་གནང་བའི་སྒོར་མོ་ཡིན། ནད་པ་ཁྲིད་ནས་སྨན་གསོ་བྱོས་ཞེས་བཤད་པ་ཡིན། བོད་ཀྱི་སློབ་གསོ་དང་འཕྲོད་བསྟེན་གྱི་འཕེལ་རྒྱས་ཞན། ངས་བཙུགས་པའི་བོད་འཕེལ་རྒྱས་རོགས་སྐྱོར་མ་དངུལ་ལྷན་ཚོགས་ལ་མ་དངུལ་མང་པོ་མེད། ཕྱིས་མ་དངུལ་འཛོམས་དུས་ངས་བོད་ཁུལ་དུ་སྨན་ཁང་ཆེན་པོ་འགའ་བཙུགས་ཏེ། ང་སྐྱེད་སྲིང་བྱས་པའི་བོད་ཀྱི་ཕ་མེས་ལ་དྲིན་ལན་འཇལ་དགོས་ཞེས་གསུངས། པཎ་ཆེན་རིན་པོ་ཆེའི་ཞལ་གསུང་ལ་མཉན་རྗེས། ཁོང་གི་རྒྱལ་གཅེས་དམངས་གཅེས་ཀྱི་ཐུགས་བརྩེ་དང་གཞན་དོན་ལྷུར་ལེན་ཐུགས་སྟོབས་ཀྱིས་ང་ལ་ཡིད་འགུལ་དང་སྒུལ་ཤུགས་ཆེན་པོ་ཐེབས།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། རེད་ལགས། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་རྒྱལ་གཅེས་དམངས་གཅེས་ཀྱི་ཐུགས་བརྩེས་གཞན་དོན་མ་ལུས་ལྷུར་གྱིས་བླངས་པའི་མཛད་པ་འཕྲིན་ལས་མཐའ་ཡས་པ་བཞུགས། ཁོང་གི་སྐུ་ཚེའི་མཐའ་མར་ཡང་ཁོང་གིས་ཐུགས་གཏད་གནང་བའི་མཛད་དོན་གྱི་ཆེད་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ཡིན་ནམ་ཅི། སྐབས་དེར་ཁྱེད་ཁོང་གི་སྐུ་གམ་ན་ཡོད་དམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1989ལོའི་ཟླ་དང་པོར་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་རྟེན་ལ་རབ་གནས་མཛད་གྲབས་ཡོད་པས། རིན་པོ་ཆེས་ཁོང་དང་ལྷན་དུ་བོད་ལྗོངས་སུ་བསྐྱོད་པར་བཀའ་འབོད་གནང་བྱུང་། ངས་སྤྲོ་སེམས་ཆེན་པོས་ཁོང་དང་ལྷན་དུ་བསྐྱོད་པར་གྲ་སྒྲིག་བྱེད་པའི་སྒང་ལ། གློ་བུར་དུ་གཞུང་དོན་ལ་ཉི་ཧོང་དུ་འགྲོ་དགོས་རྐྱེན་རེ་བ་དོན་ཐོག་ཏུ་མ་སྨིན། ཟླ་དང་པོའི་ཚེས་བདུན་ཉིན། ངས་རིན་པོ་ཆེ་ལགས་ལ་ཞལ་པར་གྱི་ལམ་ནས་དགོངས་དག་གི་སྙན་གསན་ཕུལ། ཐེངས་དེའི་ཞལ་པར་ནི་ང་དང་རིན་པོ་ཆེ་གཉིས་བར་གྱི་ཆེས་མཐའ་མའི་ཞལ་བརྡ་ཡིན་པ་སུ་ཡིས་རྟོགས་ནུས། པཎ་ཆེན་རིན་པོ་ཆེ་བོད་ལྗོངས་སུ་ཕེབས་རྗེས། ངས་ཕྱིས་སུ་ཕེབས་པའི་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕུན་ཚོགས་དབང་རྒྱལ་ལགས་ལ། པཎ་ཆེན་རེན་པོ་ཆེར་ཁ་བཏགས་ཤིག་ཕུལ་ནས་ཐེངས་འདིའི་བོད་ལྗོངས་ཀྱི་མཛད་དོན་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས། རིན་པོ་ཆེ་མཆོག་གིས་ཀྱང་ཕྱག་ལས་སྣ་མང་གི་བར་དུ་ང་རང་ཐུགས་ལ་བཏགས་ཏེ། རབ་གནས་མཛད་སྒོའི་དྲན་རྟེན་བཀྲ་ཤིས་རེ་ཁཱས་བརྒྱན་པའི་ལྷ་དར་དང་དྲན་རྟེན་རྟགས་མ། ཆུ་ཚོད་འཁོར་ལོ་བཅས་བསྐུར་བ་མ་ཉམས་སྤྱི་བོར་འབྱོར་ཡང་། དེ་དག་ནི་ཁོང་གིས་ང་ལ་གནང་བའི་རྟེན་མཐའ་མར་གྱུར་པ་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང་། ཕུན་ཚོགས་དབང་རྒྱལ་གྱིས་གསུང་རྒྱུར། རིན་པོ་ཆེའི་ཕྱག་ལས་མཛད་དུས་ཧ་ཅང་ནན་ཏན་ཡིན་པ་ཁྱོད་ཀྱིས་ཤེས་གསལ་ལྟར་རེད། ཁོང་གིས་རབ་གནས་མཛད་སྒོའི་དོན་དག་ཕྲན་ཚེགས་ལའང་རེ་རེ་བཞིན་འདྲི་རྟོག་གནང་གིན་འདུག ང་ཁོང་གི་སྐུ་གམ་ལ་ཡོད་དུས། ངས་ཁོང་ལ་སྐུ་ངལ་གསོ་བར་གསལ་འདེབས་བྱས་ཚེ། ཁོང་གིས་ཞལ་གྱིས་བཞེས་ཀྱང་། ང་ལྷ་སར་སྔ་ལོག་བྱས་པས། ཁོང་གི་ཞབས་འབྲང་པ་ཚོས་ཁོང་ལ་དེ་ལྟར་ཞུ་ཕོད་མཁན་གཅིག་ཀྱང་མེད། རིན་པོ་ཆེ་ནི་སྐུ་ཚེགས་འོ་བརྒྱལ་དྲགས་ཆེ་བའི་རྐྱེན་དུ་གྱུར་པ་རེད་ལགས། ངས་རིན་པོ་ཆེ་སྐུ་སྙུང་བཞེས་ཚུལ་ཐོས་རྗེས་ཡང་བསྐྱར་ལྷ་ས་ནས་གཞིས་ཀ་རྩེར་ཕྱིན་དུས་དགོངས་པ་རྫོགས་ཟིན་ཟེར། གཏམ་དེ་ཐོས་མ་ཐག་ང་ལ་སྡུག་བསྔལ་གྱིས་གདུང་བའི་མནར་ཞིང་། ཁོང་གི་སྐུ་ཚེའི་མཐའ་མར་སྐུ་གམ་དུ་འདུག་མ་ཐུབ་པར་ཕངས་སེམས་ཆེན་པོས་གཟིར་བྱུང་།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཨ་ཁུ་བློ་བཟང་ལགས། པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གནས་ཚུལ་ཁྱེད་ཀྱིས་ཇི་ལྟར་ཐོས་པ་ཡིན་ལགས།
བློ་བཟང་ལྷུན་གྲུབ་རྡོ་རྗེ། སྤྱི་ལོ1989ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ངས་གུང་ཟས་རོལ་པའི་སྒང་ལ། གློ་བུར་དུ་མི་ཞིག་བརྒྱུགས་ཡོང་སྟེ་པཎ་ཆེན་རིན་པོ་ཆེ་གཞིས་ཀ་རྩེར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྒྲགས། ངས་འཕྲལ་མར་ཞེ་འདྲིས་ཀྱི་དབུ་ཁྲིད་དང་གྲོགས་པོ་འགའ་ལ་ཞལ་པར་བཏང་ནས་གནས་ཚུལ་གསལ་པོར་དྲིས། རང་ཉིད་ཀྱི་ཐོས་པ་འཁྲུལ་བར་སོང་ན་ཅི་མ་རུང་སྙམ་རུང་། དོན་དངོས་ལ་ནམ་ཡང་ལྡོག་ཐབས་མེད་པས་མྱ་ངན་གྱི་གདུང་བས་ཁེངས། གདུང་བ་དེ་ཁོག་ཏུ་ཉར་ནས་བུ་མོ་ཚོར་གསང་ཐབས་བྱས་ཀྱང་། ཕྱི་ཉིན་བུ་མོས་བརྙན་འཕྲིན་ལས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པཎ་ཆེན་རིན་པོ་ཆེ་མཆོག་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་བརྡ་བཏང་བ་མཐོང་མ་ཐག་ཧ་ལས་ཏེ། བདེན་མིན་ང་ལ་དྲིས་བྱུང་བས། ངས་ལན་ཅི་ཡང་སློག་མ་ནུས། མིག་ཟུང་ལ་གདུང་བའི་མཆི་མ་འཁྱིལ་ཞིང་། དལ་གྱིས་གདོང་ངོས་སུ་ཞུམ་ཞུམ་བཞུར་སོང་།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཁྱེད་ཀྱིས་སྤྱི་ལོ1989ལོའི«སྦྲང་ཆར»དེབ་གསུམ་པར«ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རིགས་སོ་སོའི་མི་དམངས་ཀྱི་ཕན་བདེའི་ལས་དོན་ལ་ཐུགས་ངལ་གནང་བ»ཞེས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་རྗེས་དྲན་རྩོམ་ཡིག་ཅིག་མཛད་འདུག་པ་དེ། ཁྱེད་ཀྱིས་སྐབས་དེར་སྤེལ་བ་ཡིན་ནམ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། «ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རིགས་སོ་སོའི་མི་དམངས་ཀྱི་ཕན་བདེའི་ལས་དོན་ལ་ཐུགས་ངལ་གནང་བ»ཞེས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་རྩོམ་ཡིག་དེ་ངས་རིན་པོ་ཆེ་སྐུ་གཤེགས་རྗེས་ཀྱི་ཉིན་གསུམ་པར་བྲིས་པ་ཡིན། དེ་ནི་ཕལ་ཆེར་མྱ་ངན་རྗེས་དྲན་གྱི་རྩོམ་ཡིག་ཐོག་མ་ཡིན་སྲིད། ངས་པཎ་ཆེན་རིན་པོ་ཆེ་མཆོག་གི་སློབ་སྟོན་དང་གཟིགས་སྐྱོང་ལས་བསླངས་ཏེ། ཁོང་གི་རླབས་ཆེན་གྱི་མཛད་འཕྲིན་མྱ་ངན་གྱི་གདུང་བར་དྲངས་ནས་འཕྲལ་མར་རྒྱ་ཡིག་གི་རྗེས་དྲན་རྩོམ་ཡིག་རིང་པོ་ཞིག་བྲིས། སྐབས་དེར་ངས་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་ཁུར་ཡོད་ཕྱིན། ངས་དེ་མུར་རྗེས་དྲན་རྩོམ་ཡིག་དེ་གུང་གཞོན་ཚོགས་པའི«ན་གཞོན་ཚགས་པར»དུ་སྤེལ། ཕྱིས་རྗེས་དྲན་རྩོམ་ཡིག་དེ། «སྦྲང་ཆར»རྩོམ་སྒྲིག་ཁང་གི་རྒན་འགྱུར་མེད་ཀྱིས་མཐོང་སྟེ། ང་རང་གི་ཡིད་འཐད་ལྟར་བོད་ཡིག་ཏུ་བསྒྱུར་ནས«སྦྲང་ཆར»དུ་བཀོད་ནས་བཀྲམ་པ་ཡིན།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། དེ་རིང་དུས་ཚོད་གསུམ་ཙམ་ལ་ཁྱེད་རང་སྐུ་ལུས་འོ་བརྒྱལ་གནང་བ་ལས། བདག་གིས་པཎ་ཆེན་བཅུ་པ་མཆོག་གི་མཛད་འཕྲིན་ལས། ལས་དོན་གྱི་ཕྱོགས་ཁ་ཤས་ཤིག་ལ་གོ་བ་དང་ངེས་ཤེས་གསར་པ་མང་དུ་སྦྱིན་སོང་། ངས་བསམ་ན་བཀའ་འདྲི་འདི་ནི་ཀློག་མཁན་མང་པོ་ཞིག་ལ་མཚོན་ན། བློ་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཅིག་ཏུ་འགྱུར་སྲིད་པ་སྨོས་མེད་ཡིན་ལགས། དེ་བས་བདག་གིས་བློ་མིག་ཅན་མང་པོའི་ཚབ་ཏུ་ཁྱེད་ཀྱིས་རིན་པོ་ཆེ་དང་འབྲེལ་བའི་ནོར་བུ་རྩ་ཆེན་པོ་མང་དུ་བསྩལ་བ་ལ་བཀའ་དྲིན་ཡང་ཡང་ཞུ།
བློ་བཟང་ལྷུན་གྲུབ་རྡོ་རྗེ། ང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་ལ་སློབ་སྦྱོང་བྱེད་སའི་གནས་མཐའ་ཡས་ཤིང་། ཁོང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས། ཡིན་ནའང་ཁོང་གི་རྒྱལ་གཅེས། ཆོས་གཅེས། དམངས་གཅེས་ཀྱི་རླབས་ཆེན་ཐུགས་དགོངས་དང་། མི་རིགས་ལ་དགའ་ཞེན་ཆེ་བའི་བློ་སྤོབས། བདེན་དོན་དྲང་བརྗོད་ཀྱི་ཐུགས་རྒྱུད་སོགས་ནི་ང་ཚོས་སློབ་སྦྱོང་བྱེད་སའི་རྩ་བའི་རྩ་བ་ཡིན། དེ་བས་གཞོན་ནུ་རྣམས་ཀྱིས་རང་དོན་ཁོ་ནར་མི་བསམ་པར། སེམས་ཤུགས་ཡོད་ཚད་སློབ་སྦྱོང་དང་བྱ་བའི་ཐད་ལ་འབད་བརྩོན་བྱེད་པ་ནི་བླ་མེད་ཀྱི་འོས་འགན་དུ་ཆགས་ཡོད། མཇུག་མཐར་ངས་བོད་རབ་རྒྱན་ས་མོ་ཕག་གི་གནམ་ལོ་གསར་པ་སླེབས་ལ་ཉེ་བའི་དུས་འདིར། ཁྱོད་ཀྱི་ལས་དོན་འགྲུབ་ཅིང་ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་འདུན་ཞུ།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། ཡ་ཡ། ལགས་སོ།། ཨ་ཁུ་ལགས་ཀྱིས་བདག་ལ་ཕྱྭ་གཡང་འགྲུབ་ཅིང་ལོ་གཡང་འཕེལ་བའི་ཁ་གཡང་བོས་པར་ཤིན་ཏུ་ཐུགས་རྗེ་ཆེ་ཞུ།
འབྲེལ་ཡོད་འོས་སྦྱོར།