གེ་སར་རྒྱལ་པོའི་ཕྲིན་ལས་སྐྱོང་བའི་རིག་པའི་དཔའ་མོ།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2025-02-14
ཀློག་གྲངས།:
གེ་སར་རྒྱལ་པོའི་ཕྲིན་ལས་སྐྱོང་བའི་རིག་པའི་དཔའ་མོ།
རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན།
སྔོན་འགྲོའི་ཞུ་མཆིད།ང་རང་ཆུང་ངུའི་དུས་ནས་ཐོས་འཛིན་དབང་པོའི་ལམ་དུ་ཆད་མེད་དུ་གོ་བ་ནི་ཨ་ལ་ཐ་ལའི་སྙན་དབྱངས་ཡིན་ལ། བྱིས་དུས་ཀྱི་རྩེད་མོ་དང་ལད་མོ་བྱ་ཡུལ་ཡང་གླིང་དཔའ་རྟུལ་ཆེ་གེ་མོ་དང་། རྫི་གྲོགས་དབར་གཏམ་གླེང་བྱེད་མང་ཤོས་ཀྱང་གླིང་སྒྲུང་གཏམ་རྒྱུད་སྐོར་ཡིན་པ་སྨོས་ཅི་དགོས། དེ་ཡང་ཞོགས་པའི་ཉི་ཟེར་སྒེའུ་ཁུང་ནས་དལ་གྱིས་འཕྲོ་དུས་ང་རང་གི་ཨ་མྱེས་ཕྱག་ཟུང་ཐལ་མོ་སྦྱར་ནས་ཆོས་སྐུའི་སྤྲུལ་པ་རྟ་ཕོ་གསེར་སྲབ་ཅན། ལོངས་སྐུའི་སྤྲུལ་སྐུ་མི་ཕོ་མདའ་གཞུ་ཅན། ཐབས་དང་ཤེས་རབ་ངང་ནས་ཕྱོགས་བཞིའི་དགྲ་བཞི་འདུལ། འཛམ་གླིང་སེང་ཆེན་རྗེ་ལ་མཆོད་པ་འབུལ་ཞེས་ཇ་མཆོད་ཕུལ་བ་དང་། སྒེའུ་ཁུང་གི་ཉི་ཐིག་འོག་ཏུ་ནུ་བོས་སྐད་གསང་མཐོན་པོས་སྟག་གཟིག་ནོར་རྫོང་ཀློག་པ། ཁུ་བོས་ལྷ་བསང་དཀར་པོ་བཏང་སྟེ། ཀྱེ། ནམ་མཁའ་མཐིང་གི་གུར་ཁང་ནས། འཇའ་འོད་འཁྱིལ་པའི་ཀློང་དཀྱིལ་ན། འཛམ་གླིང་ཡོངས་ཀྱི་དགྲ་ལྷ་ཆེ། པདྨའི་ཕྲིན་ལས་སྤྲུལ་པ་སྟེ། སེང་ཆེན་ནོར་བུ་དགྲ་འདུལ་ཞེས་སྐད་གདངས་སྙན་མོས་བཟླས་བརྗོད་བྱེད་པ། གོ་ཁའི་འགྲམ་དུ་ཞང་པོ་ཚོས་ངག་སྒྲིག་ནས་སྒྲུང་ངག་བཀུག་པའི་ངང་ཚུལ་ད་དུང་ཡང་མིག་ལམ་དུ་ལྷམ་མེར་འཆར་བ་དང་ལྷང་ངེར་དྲན་བཞིན་ཡོད།
དེ་ཡང2008ལོའི་དབྱར་གཞུང་གི་ཉིན་མོ་ཞིག་ལ་ང་རང་གིས་ཨ་མྱེ་དིས་ཆུང་དཔལ་ཆེན་གྱི་དྲུང་དུ་གླིང་སྒྲུང་སྒྲུང་ངག་སློབ་སྦྱོང་ཞུས་ནས་བསྡད་ཡོད། སྐབས་དེར་ཞི་དུལ་བག་ཕེབས་ཀྱི་བུད་མེད་ཅིག་ཕེབས་བྱུང་ཞིང་། བཞུགས་གདན་འཇགས་རྗེས་ཨ་མྱེ་དང་གླེང་མོལ་གནང་བར་མ་ཟད་དུས་ཐུང་བཅར་འདྲི་གནང་སོང་། དེ་ནས་ཨ་མྱེས་སྒྲུང་ངག་འགའ་ཤས་བཀུག་གནང་ཞིང་། ཞང་པོ་བུ་ཁེ་སོགས་ཀྱིས་ཀྱང་ངག་སྒྲིག་ནས་སྒྲུང་ངག་འགའ་རེ་བཀུག་སོང་། སྐབས་དེར་ང་རང་གིས་བུད་མེད་དེས་བསྣམས་པའི་སྒྲ་བཅུག་འཕྲུལ་ཆས་ཆུང་ཆུང་དེ་སྙིང་རྗེ་མོ་དང་ཁྱད་མཚར་པོ་ཞིག་ཏུ་མཐོང་ནས་ཁ་ཡེངས་ཏེ་ཁོང་རྣམ་པའི་གླེང་མོལ་གྱི་ནང་དོན་ད་ལྟ་ཡིད་ལ་གསལ་པོ་དྲན་གྱི་མི་འདུག །དེ་དུས་ཨ་མྱེ་དགུང་ལོ་བརྒྱད་ཅུར་ཕེབས་ལ་ཉེ་བས། སྒྲུང་ངག་ཁ་ཤས་བསམ་བློ་ཞིབ་གཏོང་མ་གནང་ན་འཕྲལ་དུ་དྲན་ཐུབ་ཀྱི་མི་འདུག །ཨ་མྱེས་སྤྱན་བཙུམས་ནས་འབྲུག་མོའི་དགུ་སེང་དྲུག་འགྱུར་གྱི་ངག་རྟ་བསམ་གཞིགས་གནང་སྐབས། ང་རང་གིས་ངག་རྟ་དེ་ཤེས་ཀྱི་ཡོད་པས་མ་སྐུལ་དང་བླངས་ངང་བཀུག་པ་ཡིན། བུད་མེད་དེས་གསན་རྗེས་ཁྱེད་རང་ལ་སྐད་ཀྱི་ཆ་རྐྱེན་ཡག་པོ་འདུག་ཅེས་བསྟོད་བསྔགས་གནང་ཞིང་། རྗེས་སུ་གླིང་སྒྲུང་ངག་རྟའི་རྒྱུད་འཛིན་པ་ཡག་པོ་ཞིག་ཆགས་པའི་རེ་བ་འདུག་ཅེས་གསུངས་བྱུང་། བསྔགས་བརྗོད་དེ་ལྟར་གནང་བ་ནི་ང་རང་གི་ངོས་ནས་བརྗོད་ན་སྐུལ་མ་ཡག་ཤོས་དེ་ཡིན་ཞིང་བག་ཆགས་ཟབ་མོ་བཞག་བྱུང་།

རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་ལགས།
རྗེས་སུ་ང་རང་སློབ་གྲྭ་ཆེན་མོར་འགྲིམས་རྗེས། སྐབས་དེར་ཨ་མྱེ་དིས་ཆུང་དཔལ་ཆེན་ལ་བཅར་འདྲི་གནང་མཁན་བུད་མེད་དེ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་རྒན་འཇམ་དབྱངས་ཆོས་སྒྲོན་ལགས་ཡིན་པ་གཞི་ནས་ཤེས་བྱུང་། ལས་ཀར་ཞུགས་རྗེས། ལས་ཀའི་འབྲེལ་བ་དང་རྐྱེན་ཁོང་གིས་བརྩམས་པའི་གེ་སར་རིག་གནས་སྐོར་གྱི་ཕྱག་རྩོམ་དང་འབྲེལ་ཡོད་ཆེད་དེབ་མང་པོ་བཀླགས་པར་མ་ཟད་ཁོང་ལ་ཆེད་དོན་བཅར་འདྲི་ཞིག་ཞུ་རྒྱུའི་འཆར་གཞི་ཡང་བཀོད་པ་ཡིན། འོན་ཀྱང་ས་སྐྱ་ལེགས་བཤད་དུ་ཆུ་ཕྲན་རྟག་ཏུ་ཀུ་ཅོ་སྒྲོག །རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག་ཅེས་གསུངས་པ་ལྟར་རྒན་འཇམ་དབྱངས་ཆོས་སྒྲོན་ལགས་ནི་ཧ་ཅང་ཁེངས་སྐྱུང་ཆེ་ཞིང་ཁྱབ་བསྒྲགས་ལ་མི་བརྙེས་པ་ཞིག་ཡིན་པས། ངའི་རེ་བ་ལན་གྲངས་དུ་མ་དང་བླངས་མ་གནང་། ད་ཐེངས་གུས་པས་ཡང་བསྐྱར་རྒན་འཇམ་དབྱངས་ཆོས་སྒྲོན་ལགས་ལ་འབྲེལ་བ་ཞུས་མཐར་ཁོང་ལས་བྲེལ་ཤིན་ཏུ་ཆེ་ཡང་ང་རང་གི་བཅར་འདྲི་དང་ལེན་གནང་སོང་། བཅར་འདྲིའི་ནང་དོན་གཤམ་གསལ།དྲི་བ་དྲིས་ལན།
གསར་འགོད་པ། རྒན་ལགས་སྐུ་ཁམས་བཟང་། ཐོག་མར་ངེད་གངས་ལྗོངས་ཉི་གཞོན་གྱི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། གཤམ་ལ་གུས་པས་ཀློག་པ་པོའི་ཚབ་ཞུས་ནས་ཁྱེད་ལ་དྲི་བ་ཁ་ཤས་ཞུ་རྒྱུ་ཡིན། དེ་ཡང་ཁྱེད་རང་བོད་ཀྱི་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་བའི་ཁམས་སྡེ་དགེའི་རིག་གནས་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་པ་རྒྱུས་ལོན་བྱུང་། དེས་ན་ཕ་ཡུལ་དང་ཁྱིམ་ཚང་སློབ་གསོས་ཁྱེད་ཀྱི་འཚར་ལོངས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་དམ།
རྒན་འཇམ་དབྱངས་ཆོས་སྒྲོན། གསར་འགོད་པ་ཁམས་བཟང་། ང་རང་སྐྱེ་ས་ཚར་ས་ནི་སྡེ་དགེ་རེད། ཁྱེད་ཀྱིས་གསུངས་པ་ལྟར་སྤྱིར་སྡེ་དགེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཧ་ཅང་དར་རྒྱས་ཆེ་ས་ཞིག་ཡིན་ཞིང་། སྙན་པའི་གྲགས་པ་འབར་བའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ནི་བོད་ཀྱི་རིག་གནས་ཀྱི་སྒོ་བྱང་ལྟ་བུ་ཆགས་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་རིག་གནས་དང་། ཟུར་ལུགས་གསོ་རིག་དང་། ཀརྨ་སྒར་བྲིས། སྡེ་བྲིས་སོགས་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་གསོ་རིག་དང་དམངས་སྲོལ་སྒྱུ་རྩལ་སོགས་ནི་སྡེ་དགེའི་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན། ལྷག་པར་དུ་སྡེ་དགེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་ལ་གླིང་སྒྲུང་གི་འབྱུང་གནས་ཀྱང་ཡིན་ཞེས་བརྗོད་ཅིང་། གླིང་རྗེ་བློན་སྐོར་གྱི་ངོ་མཚར་གཏམ་རྒྱུད་དང་། གནའ་ཤུལ་གནའ་རྫས། གླིང་སྒྲུང་བྲིས་མ་དང་པར་མ། གེ་སར་གར་འཆམ་སོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། རང་གི་ཁྱིམ་རྒྱུད་ལ་མཚོན་ན་ཕ་མེས་ནས་རིག་གནས་ལ་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་ལྡན་ཞིང་། ང་རང་གི་ཡབ་དམ་པ་པར་དཔོན་བཀྲ་ཤིས་རྡོ་རྗེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དད་འདུན་ཆེ་ཞིང་སྦྱངས་པ་ཉམས་ལེན་ཆེ་བ་ཞིག་ཡིན། དུས་རབས་གོང་མའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སྐབས་སུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་ཕྱག་ལས་གནང་བར་ཕེབས་པར་མ་ཟད་པར་དཔོན་གཞོན་པའི་འགན་ཁུར་ནས་པར་དཔོན་བཀྲ་ཤིས་རྡོ་རྗེ་ཞེས་སྙན་གྲགས་ཆེན་པོ་བྱུང་ཡོད། ཁོང་གིས་པར་ཁང་ཆོས་མཛོད་ཆེན་མོའི་ཕྱིའི་བཟོ་བཀོད་རྣམ་པ་དང་ནང་རྟེན་པར་ཤིང་ཉམས་གསོ་སོགས་ཀྱི་ཐད་མཛད་རྗེས་ཆེན་པོ་བཞག་གནང་ཡོད། ང་རང་དེ་ལྟ་བུའི་ཁོར་ཡུག་ཅིག་ཏུ་འཚར་ལོངས་བྱུང་ཕྱིར། ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟམ་མོ་ཡོད་ཐོག་དེ་ལ་དགའ་ཞེན་ཡང་ཆེན་པོ་ཡོད།

སྡེ་དགེ་འགུ་ཟི་ཡུལ་ཤོག་རྫོང་མགོ་དགོན་དུ་གླིང་སྒྲུང་ཤིང་དཔར་ཞིབ་འཇུག་བྱེད་པ།
གསར་འགོད་པ། ཁྱེད་རང་ལ་མཐོ་རིམ་སློབ་གསོའི་སློབ་གནས་རིམ་པ་མཐོ་ཤོས་ཏེ་འབུམ་རམས་པའི་སློབ་གནས་ཐོབ་ཡོད། བོད་རིགས་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་འཁྲུངས་པའི་བུ་མོ་ཞིག་གི་ངོས་ནས་ཁྱེད་ལ་སློབ་སྦྱོང་གི་མྱོང་བརྒྱུད་གཞན་དང་མི་འདྲ་བ་ཡོད་ངེས་ལ། མྱོང་བརྒྱུད་རགས་བསྡུས་ཤིག་གསུང་རོགས།རྒན་འཇམ་དབྱངས་ཆོས་སྒྲོན། ང་རང་ཆུང་ངུའི་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་དད་འདུན་ཆེ་བའི་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་ཞིག་ཡོད་ཅིང་། ཡབ་དམ་པས་རྟག་ཏུ་ང་ཚོ་ཕྲུ་གུ་རྣམས་ལ་རང་གི་རིག་གནས་ལ་དགའ་ཞེན་དང་དེ་ལ་སློབ་སྦྱོང་གང་ལེགས་བྱ་དགོས་པའི་ཁ་ཏ་བསླབ་བྱ་གནང་གི་ཡོད། སྡེ་དགེ་རུ་སློབ་གྲྭ་ཆུང་འབྲིང་འགྲིམས་སྐབས་ང་ཚོ་ཕྲུ་གུ་རྣམས་ལ་ཅུང་མི་འདྲ་བའི་ཁོར་ཡུག་ཅིག་ཡོད་པ་ནི་སློབ་ཞོར་དང་དགུང་གསེང་སྐབས་སུ་ཡབ་དམ་པའི་དྲུང་ནས་བོད་ཡིག་ཡིག་གཟུགས་འབྲི་རྒྱུ་དང་། ནག་རྩིས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་སོགས་བྱེད་པའི་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཡང་བྱུང་ཡོད་ཅིང་། ང་རང་གི་ངོས་ནས་བརྗོད་ན་ནག་རྩིས་ལོ་ཐོ་རགས་ཙམ་བརྩི་ཤེས་པ་སྦྱངས་པ་ཡིན། སློབ་གྲྭ་ཆུང་འབྲིང་ཐོན་རྗེས་རིམ་པས་དཀར་མཛེས་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་ལོ་གཉིས་ལྷག་ཙམ་སློབ་ཆུང་དགེ་རྒན་བྱས་ནས་བསྡད། དེ་ནས་མུ་མཐུད་དུ་སློབ་སྦྱོང་བྱ་རྒྱུའི་མདུན་པ་དྲག་པོ་སྐྱེས་པས། ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རྙེད་ཅིང་། 1995ལོར་སློབ་མཐར་ཕྱིན། དེ་ནས1997ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང2000ལོར་སློབ་མཐར་ཕྱིན། རྗེས་སུ་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ཞུགས་ནས་བོད་སྐད་རྒྱང་བསྒྲགས་དང་བོད་རྒྱ་ཡིག་སྒྱུར་གྱི་ལས་ཀ་བྱས། 2007ལོར་ཁྱིམ་ཚང་གི་རྐྱེན་པས་པེ་ཅིན་དུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དུ་ལས་སྒྱུར་བྱས། དེ་ནས་རིག་གཞུང་ཞིབ་འཇུག་གི་རྨང་གཞི་ཇེ་བརྟན་དང་གཏིང་ཇེ་ཟབ་ཡོང་ཕྱིར། མུ་མཐུད་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་ལ་སློབ་སྦྱོང་བྱས། དེའི་རིང་ཕུལ་བྱུང་འབུམ་རམས་པ་ཞིབ་འཇུག་སློབ་མའི་སྤེལ་རེས་རྣམ་གྲངས་ཀྱི་མིང་ཐོག་ནས2012ལོ་ནས2013ལོའི་བར་ཨ་རིའི་ཧྭ་ཧྥུ་སློབ་ཆེན་དུ་སློབ་སྦྱོང་བྱས། 2014ལོར་འབུམ་རམས་པའི་སློབ་གནས་ཐོབ། ང་རང་གི་སློབ་སྦྱོང་གི་མྱོང་བརྒྱུད་མདོར་བསྡུས་དེ་ཙམ་ཡིན་ལགས།
གསར་འགོད་པ། ཁྱེད་པེ་ཅིན་དུ་ཕེབས་ནས་གེ་སར་རིག་གནས་ཞིབ་འཇུག་གི་ཕྱག་ལས་དེ་རྐྱེན་གང་འདྲ་ཞིག་གིས་བྱུང་བ་ཡིན་ནམ།
རྒན་འཇམ་དབྱངས་ཆོས་སྒྲོན། ང་རང་པེ་ཅིན་དུ་གེ་སར་རིག་གནས་ཞིབ་འཇུག་གི་ལས་ཀ་བྱས་པ་དེ་ཡང་གོ་སྐབས་སྟབས་འགྲིག་བྱུང་བ་ཞིག་ཡིན། གང་ལགས་ཤེ་ན། སྐབས་དེར་པེ་ཅིན་དུ་ལས་ཁུངས་གཞན་ལ་ལས་བསྒྱུར་བྱེད་པའི་གོ་སྐབས་ཀྱང་བྱུང་། འོན་ཀྱང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་གེ་སར་རིག་གནས་ཞིབ་འཇུག་བྱེད་པའི་གོ་སྐབས་ཡོད་པ་ཤེས་འཕྲལ་དགའ་ཚོར་ཆེན་པོ་སྐྱེས། རྒྱུ་མཚན་ནི་ཁོར་ཡུག་གིས་རྐྱེན་པས་ང་རང་ལ་ཆུང་ངུའི་དུས་ནས་གླིང་སྒྲུང་དང་གེ་སར་རིག་གནས་སྐོར་མཐོང་ཐོས་མྱོང་གསུམ་ཡོད་པས་དེའི་ཐད་མི་གཞན་ལས་ལྷག་པའི་ཆ་རྒྱུས་དང་བཟང་ཆ་ལྡན་པར་སྙམ། ང་རང་གི་ཡབ་དམ་པ་ཡང་གླིང་སྒྲུང་གསན་རྒྱུར་ཐུགས་མཉེས་པོ་གནང་མཁན་ཞིག་ཡིན། དཔེར་ན་སྒྲུང་པ་གྲགས་ཅན་དཔལ་སྤུངས་མཁན་པོ་དིས་ཆུང་བློ་ཆོས་དང་། སྒྲུང་མ་གྲགས་ཅན་སྒྲོལ་མ་ལྷ་མཚོ་སོགས་ངའི་ཁྱིམ་དུ་ཕེབས་སྐབས་གླིང་སྒྲུང་འཆད་གྱེར་གནང་དུ་འཇུག་པ་སོགས་ཐོས་མྱོང་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ཕྱག་ལས་གནང་མཁན་ངའི་བཟའ་ཟླ་ནག་རུ་ཚེ་དགའ་ལགས་ཀྱང་གླིང་སྒྲུང་ལ་ཆ་རྒྱུས་དང་དགའ་ཞེན་ཆེ་བ་ཞིག་ཡིན་སྟབས། གླིང་རྗེ་གེ་སར་གྱི་རྣམ་ཐར་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་རྙེད་པ་ནི་རྟེན་འབྲེལ་བཟང་པོ་རེད་ཅེས་སྐུལ་མ་ཡང་གནང་། དེ་ལྟར་ང་རང་གི་འདོད་མོས་དང་ཁྱིམ་མི་རྣམས་ཀྱི་བསམ་འཆར་མ་བགྲོས་གཅིག་མཐུན་བྱུང་སོང་། སྐབས་དེའི་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་མཁྱེན་ལྡན་མ་དབྱང་ཨེན་ཧུང་སོགས་དབུ་ཁྲིད་ནས་ཀྱང་ང་རང་ལ་གེ་སར་རིག་གནས་ཤིན་ཏུ་དར་ཁྱབ་ཆེ་བའི་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ་རུ་འཚར་ལོངས་བྱུང་བ་སོགས་གེ་སར་རིག་གནས་ཞིབ་འཇུག་གི་བཟང་ཆ་ལྡན་པར་ངོས་འཛིན་བྱས། དེ་ལྟར2007ལོར་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དུ་ལས་གནས་སྤོས་ཏེ་གེ་སར་རིག་གནས་ཞིབ་འཇུག་གི་ལས་ལ་དངོས་སུ་གཞོལ་འགོ་ཚུགས་པ་ཞིག་ཡིན།
གསར་འགོད་པ། ཁྱེད་ཀྱི་དཔྱད་རྩོམ་དག་ཀློག་སྐབས་གངས་ལྗོངས་ཀྱི་ས་གནས་མང་པོར་གེ་སར་རིག་གནས་རྟོག་ཞིབ་ཏུ་ཕེབས་པའི་ཚོར་སྣང་ཡོང་གི་འདུག །ཡུལ་དངོས་རྟོག་ཞིབ་ཀྱི་རྒྱུད་རིམ་ཁྲོད་ཁྱེད་ལ་བརྗེད་དཀའ་བའི་གནས་ཚུལ་མང་པོ་འཕྲད་ཡོད་ངེས་ལ་དཔེ་མཚོན་རེ་གཉིས་ཙམ་མཉམ་སྤྱོད་གནང་རོགས།
རྒན་འཇམ་དབྱངས་ཆོས་སྒྲོན། ང་རང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་གེ་སར་རིག་གནས་ཞིབ་འཇུག་གི་ལས་གནས་འདི་ལ་ཞུགས་ནས་ད་བར་མྱོང་ཚོར་དང་གཏམ་རྒྱུད་མང་པོ་ཞུ་རྒྱུ་ཡོད། འདིར་དཔེ་མཚོན་གསུམ་ཙམ་མཉམ་སྤྱོད་ཞུ་རྒྱུ་ཡིན། དང་པོ་ནི་ཡུལ་དངོས་རྟོག་ཞིབ་ཐེངས་དང་པོ་བྱས་པའི་མྱོང་ཚོར་དེ་ཡིན། 2008ལོར། ང་རང་ཐེངས་དང་པོར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་ས་ཡུལ་དངོས་ཀྱི་གེ་སར་རིག་གནས་རྟོག་ཞིབ་ཀྱི་ཚུལ་དུ་ཆས་པ་ཡིན། དེ་ཡང་དུས་ཡུན་ཟླ་བ་གཅིག་ཙམ་ནང་། སྡེ་དགེ་རྫོང་ཁོངས་ཀྱི་ཡུལ་ཤོག23ལ་བསྐྱོད་པ་དང་། ནང་བསྟན་དགོན་སྡེ་མང་པོར་འབྲེལ་གཏུག་ཞུས་ཏེ། སྡེ་དགེའི་གེ་སར་རིག་གནས་ཀྱི་དམངས་ཁྲོད་ངག་རྒྱུན་དང་། གནའ་ཤུལ་གནའ་རྫས། དམངས་ཁྲོད་སྒྲུང་པའི་གནས་ཚུལ། གླིང་སྒྲུང་པར་གཞིའི་ཁྱབ་ཚུལ། གླིང་སྒྲུང་ཟློས་གར་སྒྱུ་རྩལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས། སྒྲུང་མཁན་གྲགས་ཅན་དིས་ཆུང་དཔལ་ཆེན་དང་། རྫོགས་ཆེན་པདྨ་ཡེ་ཤེས་སོགས་སྡེ་དགེའི་མངའ་ཁོངས་ཀྱི་སྒྲུང་པ་གྲགས་ཅན་སོགས་ལ་བཅར་འདྲི་ཞུས་པ་དང་། གླིང་སྒྲུང་བྲིས་མ་སོགས་དཔེ་རྙིང་མི་ཉུང་བ་འཚོལ་སྡུད་བྱུང་། དེ་ཡང་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར། ཐེངས་འདིའི་རྟོག་ཞིབ་ནི་ང་རང་གི་ངོས་ནས་བརྗོད་ན་བརྗེད་དཀའ་བའི་མི་ཚེའི་མྱོང་བརྒྱུད་ཅིག་ཡིན་ཞིང་ཞིབ་འཇུག་གི་ལྟ་ཕྱོགས་ཐོག་ནས་གེ་སར་རིག་གནས་ལ་མྱོང་རོལ་བྱེད་པ་ནི་ཐེངས་དང་པོ་ཡིན། གླིང་རྗེ་བློན་གྱི་རྗེས་ཤུལ་དང་གོ་མཚོན་སོགས་ཤུལ་བཞག་དངོས་རྫས་རྣམས་དངོས་སུ་མཇལ་སྐབས་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་ཞིང་། ཡུལ་དུས་ཕྱིར་ལོག་གི་སྣང་ཚོར་ཞིག་དབང་མེད་དུ་སྐྱེས། དུས་དེ་ནས་བཟུང་རང་ཉིད་ལ་བབ་འོས་ཀྱི་ལས་འགན་བསྐོས་པ་བཞིན་གེ་སར་རིག་གནས་ལ་ཞིབ་དཔྱད་བྱེད་པའི་འདུན་པ་ཡང་ཉིན་བཞིན་ཇེ་ཆེར་སོང་།
གཉིས་པ་ནི་སྡེ་དགེའི་སྒྲུང་པ་གྲགས་ཅན་དིས་ཆུང་དཔལ་ཆེན་ལགས་ལ་བཅར་འདྲི་ཞུས་པའི་མྱོང་བརྒྱུད་དེ་ཡིན། 2008ལོའི་ཟླ8པར་ཐེངས་དང་པོ་དིས་ཆུང་དཔལ་ཆེན་ལགས་ལ་བཅར་འདྲི་ཞུས་ཤིང་། སྐབས་དེར་ཁོང་དགུང་ལོ80ལ་ཕེབས་ཉེར་འདུག །དེ་རྗེས་ང་རང་སྡེ་དགེ་རུ་འགྲོ་སྐབས་ཁོང་གི་རྩར་བཅར་ནས་བཅར་འདྲི་དང་གླེང་མོལ་ཞུ་བཞིན་ཡོད་ཅིང་། སྔ་ཕྱིར་ཁོང་ལ་ཁྱོན་བཅར་འདྲི་ཐེངས་ལྔ་ཙམ་ཞུ་མྱོང་ཡོད། བཅར་འདྲི་ཐེངས་ལྔ་པ་དེ2018ལོའི་ཟླ8པའི་ནང་ཡིན་ཞིང་། སྐབས་དེར་ཁོང་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་ཡོད། ཁོང་ལ་ཞལ་གྱེས་ཞུ་སྐབས། ངས་ཁོང་ལ་གེ་སར་ལས་དོན་ཐད་ཁྱེད་ལ་ཐུགས་རེའམ་མངགས་བཅོལ་གནང་རྒྱུ་ཅི་ཞིག་ཡོད་ཅེས་འདྲི་སྐབས། ཁོང་གིས་ཡུད་ཙམ་བསམ་གཞིགས་གནང་རྗེས་རྫོགས་ཆེན་པདྨ་ཡེ་ཤེས་ཀྱི་བུ་པདྨ་བཀྲ་ཤིས་སྐོར་གསུངས་ཤིང་། ཁོང་སྐད་ངག་ཆ་རྐྱེན་ལེགས་པ་དང་། སྒྲུང་ངག་སྙན་པོ་འདུག་ཅེས་བསྔགས་བརྗོད་གནང་བར་མ་ཟད། གལ་སྲིད་གོ་སྐབས་བྱུང་ན་ཁྱེད་ཀྱིས་འབྲེལ་ཡོད་ཕྱོགས་ལ་འོས་སྦྱོར་ཞུ་རོགས་ཞེས་གསུངས། ཁོང་གིས་རང་ཉིད་ཀྱི་བུ་རྒྱུད་ལ་རོགས་རམ་བྱེད་རོགས་མི་གསུངས་པར། མི་གཞན་གྱི་རྒྱུན་འཛིན་བྱ་གཞག་ལ་ཐུགས་ཁུར་གནང་བ་དེས་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་གིས་བླ་ན་མེད་པའི་སྤྱོད་བཟང་ནི་ང་ཚོས་ཡིད་སྨོན་བྱེད་འོས་པ་ཞིག་ཡིན། ཁོང་གི་རེ་འདུན་བསྒྲུབ་ཕྱིར་ང་རང་གིས་རྫོགས་ཆེན་པདྨ་ཡེ་ཤེས་ཀྱི་སྲས་ཆུང་བ་པདྨ་བཀྲ་ཤིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལ་འོས་སྦྱོར་ཞུས་ནས་ཧོར་གླིང་གཡུལ་འགྱེད་ཆ་ཚང་ཞིག་སྒྲ་བཅུག་གནང་ཡོད།
གསུམ་པ་ནི་ལོ་ན་བགྲེས་ཤོས་ཀྱི་ཤོག་ཐོགས་སྒྲུང་པ་ཞིག་གསར་དུ་ཤེས་རྟོགས་བྱུང་བ་དེ་ཡིན། དེ་ཡང2015ལོའི་ཟླ2པར་ང་རང་གིས་ཆབ་མདོ་གྲོང་ཁྱེར་དུ་གེ་སར་རིག་གནས་རྟོག་ཞིབ་བྱེད་སྐབས་བྲག་གཡབ་གླང་ཆུང་དགོན་པའི་མཁན་པོ་གཞོན་ནུ་ཉི་མ་མཆོག་བརྒྱུད་པདྨ་རྡོ་རྗེ་ཞེས་པའི་སྒྲུང་མཁན་ཁྱད་པར་ཅན་ཞིག་ཡོད་པའི་སྐོར་རྒྱུས་ལོན་བྱུང་། དེ་ནས2019ལོའི་ཟླ9པར་མཁན་པོ་ཁོང་གི་ཕེབས་རོགས་འོག་བྲག་གཡབ་རྫོང་མཁོ་ར་ཡུལ་ཤོག་ཁང་དམར་མདོ་གྲོང་ཚོར་བསྐྱོད་ནས་སྒྲུང་མཁན་པདྨ་རྡོ་རྗེར་བཅར་འདྲི་ཐེངས་དང་པོ་ཞུས་པ་ཡིན། སྐབས་དེར་ཁོང་དགུང་ལོ་དགུ་བཅུ་ལ་ཕེབས་ཀྱང་བློ་རིག་གྲུང་ཞིང་། སྨྲ་བརྗོད་དག་པ། སྒོས་སུ་གླིང་སྒྲུང་འཆད་གྱེར་གནང་སྐབས་དེ་བས་ཀྱང་བློ་རིག་གསལ་ཞིང་གོ་རིམ་ལྡན་པ་ཞིག་འདུག །ཁོང་གིས་ཤོག་བུ་དཀར་པོ་ཞིག་གི་ངོས་སུ་ཡི་གེ་གང་རུང་བྲིས་པ་ཞིག་ལག་ཏུ་བཟུང་ནས་གླིང་སྒྲུང་ཤར་མར་འཆད་གྱེར་གནང་གི་ཡོད་སྟབས་ཤོག་ཐོགས་སྒྲུང་པའི་ཁོངས་སུ་གཏོགས་པར་སྣང་། ཤོག་ཐོགས་སྒྲུང་པ་ནི་སྒྲུང་པ་ཧ་ཅང་དཀོན་རིགས་ཤིག་ཡིན་ཞིང་། དེ་སྔོན་དགེ་རྒན་ཆེན་མོ་དབྱང་ཨེན་ཧུང་ལགས་ཀྱིས་བོད་ལྗོངས་འཇོ་མདའ་ས་ཁུལ་དུ་སྒྲུང་པ་གྲགས་པ་སེང་གེ་དང་མཚོ་སྔོན་ཡུས་ཧྲུའུ་ཡི་སྒྲུང་པ་བསྟན་པ་རྒྱལ་མཚན་གཉིས་ཀྱི་སྐོར་གྱི་གནས་ཚུལ་ཐུང་ངུ་སྤེལ་མྱོང་བ་ལས་ད་བར་འབྲེལ་ཡོད་ཞིབ་འཇུག་ཡིག་ཆ་མཐོང་དུ་མེད། དེར་བརྟེན་པདྨ་རྡོ་རྗེ་ནི་ཕྱིས་སུ་བྲག་གཡབ་ས་ཁུལ་དང་ཐ་ན་བོད་ལྗོངས་ནས་ཤེས་རྟོགས་བྱུང་བའི་ཤོག་ཐོགས་སྒྲུང་པ་ཉག་གཅིག་དེ་ཡིན་ཞེས་བརྗོད་ཆོག

ཆབ་མདོ་བྲག་གཡབ་འཁན་ཐུང་ཡུལ་ཤོག་ཏུ་མཁན་པོ་གཞོན་ནུ་ཉི་མ་མཆོག་ལ་ས་གནས་དེ་གའི་གེ་སར་རིག་གནས་སྐོར་བཅར་འདྲི་ཞུ་བ།
པདྨ་རྡོ་རྗེས་དགུང་ལོ་ཉི་ཤུ་ཡས་མས་ནས་གླིང་སྒྲུང་འཆད་གྱེར་གནང་འགོ་བརྩམས་ཤིང་། ཁེངས་སྐྱུང་མཛད་པ་ཡིན་ནམ་ཡང་ན་དགོངས་ཚུལ་གཞན་དག་ཡོད་པ་ཆ་མ་འཚལ་ཡང་། དེ་སྔོན་ཁོང་གིས་སྒྲུང་གསུང་སྐབས་སྒྲ་ཕབ་པ་དང་བརྙན་པར་ལེན་པ་སོགས་ལ་འཛེམ་བྱ་གནང་གི་ཡོད་འདུག །དེར་བརྟེན་ང་རང་གིས་བཅར་འདྲི་མ་བྱ་གོང་ཁོང་གིས་འཆད་གྱེར་གནང་བའི་གླིང་སྒྲུང་ལ་ཞིབ་འཇུག་གནང་མཁན་བྱུང་མི་འདུག །འོན་ཀྱང་སྟབས་ལེགས་པ་ཞིག་ལ་མཁན་པོ་གཞོན་ནུ་ཉི་མ་མཆོག་ནས་ཁོང་ལ་གནས་ལུགས་འབྲེལ་བཤད་གནང་བར་བརྟེན་ང་རང་གི་བཅར་འདྲི་དང་ལེན་གནང་སོང་། དེ་ལྟར་བཅར་འདྲི་ཐེངས་དང་པོ་ཧ་ཅང་བདེ་བླག་ཏུ་བྱུང་ཞིང་། དུས་ཐུང་གླེང་མོལ་ཞུས་རྗེས«གྲུ་གུ་གོ་རྫོང་།»དུམ་བུ་དང«འཁྲུངས་གླིང་།»བསྡུས་པ་སྒྲ་འཇུག་དང་བརྙན་པར་ཡང་བླངས། རྗེས་སུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་འཕྲིན་ཕྲན་སྟེགས་བུའི་ཐོག་པདྨ་རྡོ་རྗེའི་གནས་ཚུལ་སྐོར་ངོ་སྤྲོད་བྱས་པར་ལན་ཆ་ཡང་ཆེན་པོ་བྱུང་སོང་།དེ་ནས་ཆེད་དུ«ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་བརྒྱའི་ལས་གཞི།»ཞེས་པའི་རྣམ་གྲངས་བོད་ལྗོངས་བྲག་གཡབ་རྫོང་གི་ཤོག་ཐོགས་སྒྲུང་པ་པདྨ་རྡོ་རྗེ་ཞེས་པའི་རྒྱལ་ཁབ་རིམ་པའི་ལས་གཞི་རེ་ཞུས་ལ་ཆོག་མཆན་ཐོབ། 2021ལོའི་ཟླ7པའི་ནང་བདུན་ཕྲག་གཉིས་རིང་ཁོང་ལ་ཞིབ་ཕྲའི་བཅར་འདྲི་དང་གླིང་སྒྲུང་འཆད་གྱེར་སྒྲ་ཕབ་བརྙན་ལེན་བྱས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། སྐབས་དེར་ཁོང་དགུང་ལོ93ལ་ཕེབས་ཡོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་སྤྱི་ལོ2022ལོའི་ཟླ3པའི་ཚེས9ཉིན་སྒྲུང་མཁན་ཁོང་ཚེ་ལས་འདས་པའི་གནས་ཚུལ་ཐོས་སོང་། གནས་ཚུལ་དེ་ཐོས་མ་ཐག་ང་རང་བློ་ཕམ་ཤིན་ཏུ་ཆེ་ཡང་ཁྱིམ་མི་རྣམས་ལ་སེམས་གསོའི་འཚམས་འདྲི་ཞུ་བ་ལས་བྱ་ཐབས་ཅི་ཞིག་ཡོད། ཁོང་གིས་འཆད་གྱེར་གནང་བའི་གླིང་སྒྲུང་འཆད་གྱེར་གྱི་རྩ་ཆེའི་རྒྱུ་ཆ་ཕྲན་བུ་སྒྲ་ཕབ་བརྙན་ལེན་བྱུང་བ་ནི་ཁོང་ལ་དྲན་གསོ་ཡག་ཤོས་སུ་གྱུར། འདི་ནི་རང་ཉིད་ཀྱིས་གེ་སར་རིག་གནས་སྐོར་རྟོག་ཞིབ་བྱས་པའི་མྱོང་བརྒྱུད་རབ་དང་རིམ་པའི་ཁྲོད་ཀྱི་དཔེ་མཚོན་ཙམ་ཞུས་པ་ཡིན།
མདོར་ན་ང་རང་གི་གེ་སར་རིག་གནས་ཞིབ་འཇུག་དེ་ཡང་ས་ཡུལ་དངོས་ཀྱི་རྟོག་ཞིབ་ཀྱི་རྨང་གཞིའི་ཐོག་གཞི་ཚུགས་པ་དང་། རང་ཉིད་ཀྱི་རིག་གཞུང་ལྟ་བ་དང་གཞི་འཛིན་ས་ཡང་རྟོག་ཞིབ་བརྒྱུད་རིམ་ནང་ཐོབ་པའི་མཐོང་ཐོས་མྱོང་གསུམ་གྱི་དཔྱད་གཞིའི་ཡིག་ཆར་བརྟེན་ནས་བྱུང་བ་ཡིན་ཞིང་། ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་དང་། ཁྱད་པར་དུ་རྣམ་པ་གསོན་ཅན་གྱི་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་གནད་སྨིན་བྱེད་པར་མྱུར་འགྲུབ་ཐབས་ལམ་གཞན་མེད་ཅིང་། ས་ཡུལ་དངོས་ཀྱི་རྟོག་ཞིབ་ནི་གལ་ཆེ་ཤོས་དང་། ཁུངས་བཙན་ཤོས་ཀྱི་བྱ་ཐབས་ཤིག་ཡིན་པ་ནི་རང་ཉིད་ཀྱི་མྱོང་ཚོར་ཟབ་ཤོས་དེ་ཡིན། དེ་ཡང་བསིལ་ལྡན་ལྗོངས་ཀྱི་བརྗིད་པའི་གངས་རི་དང་ཡངས་པའི་རྩྭ་ཐང་། ལྷིང་འཇགས་ཀྱི་ལུང་ཤུར་དང་གཡང་སའི་བྲག་རི། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་མཚེའུ་སོགས་ཕྱོགས་གང་སར་གླིང་རྗེ་བློན་དང་འབྲེལ་བའི་རྗེས་ཤུལ་གཏམ་རྒྱུད་གྲངས་ལས་འདས་ཤིང་བརྗོད་ཀྱིས་མི་ལང་པ་ཡོད་པ་དེ་དག་ནི་གངས་ལྗོངས་ས་མཐོའི་སྤྱི་ཚོགས་ཀྱི་འཚོ་བ་དང་། ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས། གནའ་རབས་ལོ་རྒྱུས། མི་རིགས་ཁག་བར་གྱི་འབྲེལ་བ། ཀུན་སྤྱོད་འདུ་ཤེས། དམངས་ཁྲོད་རིག་གནས་ལ་སོགས་པར་ཞིབ་འཇུག་བྱེད་པའི་འཛད་མཐའ་མེད་པའི་རྒྱུ་ཆ་ཡིན་ལ། གེ་སར་རིག་གནས་ཀྱི་འབྱུང་གནས་དང་སྲོག་ཤིང་ཡིན་པའི་ཚོར་སྣང་ཡང་ཟབ་མོ་བྱུང་བ་དེ་ཡིན་ལགས།
གསར་འགོད་པ། གླིང་གེ་སར་རྒྱལ་པོའི་སྒྲུང་ལ་རྣམ་པ་གསོན་ཅན་གྱི་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་བཞིན་འདུག་པས། རྣམ་པ་གསོན་ཅན་ཟེར་བ་དེ་ལ་གོ་བ་ཅི་འདྲ་ལེན་དགོས་སམ།
རྒན་འཇམ་དབྱངས་ཆོས་སྒྲོན། གླིང་གེ་སར་རྒྱལ་པོའི་སྒྲུང་ལ་རྣམ་པ་གསོན་ཅན་གྱི་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་པར་གཙོ་བོ་གཤམ་གསལ་གྱི་རྒྱུ་མཚན་འགའ་ཤས་ཡོད་པ་སྟེ། གཅིག་ནི་རྒྱུན་འཛིན་གྱི་རྣམ་པ་གསོན་ཅན་ཡིན་པ། དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དམངས་ཁྲོད་ཀྱི་སྒྲུང་པ་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གཅིག་ལ་གཅིག་རྒྱུད་ཀྱིས་མི་ཚེ་མི་རབས་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་པར་མ་ཟད་ད་ལྟའི་ཆར་ཡང་གླིང་སྒྲུང་འཆད་གྱེར་གྱི་རྣམ་པ་སྔར་བཞིན་དར་ཁྱབ་ཆེན་པོ་ཡོད་ཅིང་། བོད་འབྲེལ་ས་ཁུལ་གྱི་གཉེན་སྟོན་བྱེད་སྒོ་དང་། ཁང་གསོལ་སྟོན་མོ། རིག་རྩལ་བྱེད་སྒོ་སོགས་ཀྱི་སྐབས་སུ་སྒྲུང་པ་གདན་འདྲེན་ཞུས་ནས་གླིང་སྒྲུང་འཆད་གྱེར་བྱེད་སྲོལ་མ་ཉམས་པར་བྱེད་བཞིན་ཡོད་པ་རེད།སྒྲུང་མཁན་རྫོགས་ཆེན་པདྨ་ཡེ་ཤེས་ལགས་ལ་བཅར་འདྲི་ཞུ་སྐབས་བླངས་པའི་འདྲ་པར།
སྒྲུང་པའི་དབྱེ་རིགས་མང་བ། གླིང་སྒྲུང་སྒྲུང་པ་ལྟ་བུར་མཚོན་ན་བབ་སྒྲུང་དང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། གཏེར་སྒྲུང་། པྲ་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། ཤོག་ཐོགས་སྒྲུང་པ། འདོན་སྒྲུང་སོགས་སུ་རིགས་མི་འདྲ་བ་དབྱེ་རྒྱུ་ཡོད་ཅིང་། དེ་དག་གིས་རང་རང་སོ་སོར་ཐུན་མོང་མ་ཡིན་པའི་རྒྱུན་འཛིན་བྱ་ཐབས་དང་ཁྱད་ཆོས་རེ་ལྡན་ཡོད། དཔེར་ན་བབ་སྒྲུང་ལྟ་བུར་མཚོན་ན་རྨི་ལམ་ཁྱད་མཚར་ཅན་ཞིག་རྨིས་ས་སོགས་ལ་བརྟེན་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་པོད་གྲངས་མང་པོ་ཤར་མར་འཆད་ཤེས་པ་དང་། ད་དུང་ཕལ་ཆེ་བ་ཡི་གེ་མི་ཤེས་པའི་འབྲོག་ཁུལ་གྱི་རྫི་བོའམ་ཞིང་ཁུལ་གྱི་སོ་ནམ་པ་ཤ་སྟག་ཡིན་པར་མ་ཟད་དལ་འབབ་ཆུ་བོའི་རྒྱུན་བཞིན་ཟམ་མི་ཆད་པར་ཐོན་བཞིན་ཡོད་པ་རེད།
ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ། རྒྱུན་འཛིན་གྱི་རྒྱུད་རིམ་ཁྲོད་དུས་རབས་ཀྱི་རྒྱབ་ལྗོངས་དང་། ས་ཁོངས་ཀྱི་རིག་གནས་དེ་བཞིན་གསན་པ་པོའི་དགོས་མཁོ་སོགས་ལ་གཞིགས་ནས་གླིང་སྒྲུང་གི་ནང་དོན་ཐད་ཟམ་མི་ཆད་པར་སྣོན་འཕྲི་དང་། བཟོ་བཅོས། ཁ་གསབ་སོགས་བགྱིས་ནས། གླིང་སྒྲུང་གི་ནང་དོན་སྣ་མང་ཕུན་སུམ་ཚོགས་པར་འགྱུར་བ་དང་། མིག་སྔའི་སྤྱི་ཚོགས་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་ཡིན།
པོད་གྲངས་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་པ། དུས་ཀྱི་འཕོ་འགྱུར་དང་རྒྱུན་འཛིན་གོང་འཕེལ་འགྲོ་བ་དང་བསྟུན་གླིང་གེ་སར་རྒྱལ་པོའི་སྒྲུང་གི་པོད་གྲངས་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད་ཅིང་། བསྡོམས་བརྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར་ངག་ཐོག་འཆད་གྱེར་དང་། བྲིས་མ། ཤིང་པར་མ་སོགས་སྣེ་གྲངས700ལྷག་ཙམ་ཡོད་ལ། ནང་དོན་གཅིག་མཚུངས་ཀྱི་པོད་གྲངས་ཕུད་ཚེ་པོད200ལྷག་ཙམ་ཡོད་ཅིང་། ཕྲེང་གྲངས་ཁྲི300དང་ཡིག་འབྲུ་བྱེ་བ་ལྔ་ཙམ་ཟིན་གྱི་ཡོད་པས་འཛམ་གླིང་ཐོག་ལོ་རྒྱུས་སྙན་རྩོམ་རིང་ཤོས་ཡིན་པར་མ་ཟད་ད་དུང་འཐུས་ཚང་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་བཅས་ཀྱི་རྣམ་པ་གསོན་ཅན་དུ་གྲུབ་པ་ཞིག་རེད་འདུག་སྙམ།
གསར་འགོད་པ། ཁྱེད་ཀྱིས་མིག་སྔར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གླིང་སྒྲུང་ཤིང་པར་མ་དང་ཉར་ཚགས་སྐོར་གྱི་ཞིབ་འཇུག་ཅེས་པའི་རྣམ་གྲངས་ཤིག་སྒྲུབ་བཞིན་ཡོད་པ་ཤེས་རྟོགས་བྱུང་བས་དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
རྒན་འཇམ་དབྱངས་ཆོས་སྒྲོན། རེད་ལགས། རྣམ་གྲངས་འདི་ནི2023ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དར་མེད་སྟོང་ཉེའི་ཞིབ་འཇུག་ཆེད་དམིགས་རྣམ་གྲངས་ཀྱི་ཁོངས་གཏོགས་གླིང་སྒྲུང་ཤིང་པར་མ་དང་ཉར་ཚགས་སྐོར་གྱི་ཞིབ་འཇུག་ཅེས་པ་དེ་ཡིན། དེ་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་གི་བྲིས་མ་དང་ཤིང་པར་མ་མགྱོགས་མྱུར་ཇེ་ཉུང་དུ་འགྲོ་བའི་གནས་ཚུལ་འོག་དེར་མྱུར་སྐྱོབ་དང་ཞིབ་འཇུག་བྱེད་རྒྱུ་མི་འདང་བའི་གནས་སུ་གྱར་ཡོད། དེས་ན་གླིང་སྒྲུང་ཤིང་པར་མར་ཞིབ་འཇུག་བྱ་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། དཔེར་ན་གླིང་སྒྲུང«ཁ་ཆེ་གཡུ་རྫོང་།»གི་ཤིང་པར་མ་ཁོ་ན་ལྟ་བུར་མཚོན་ན། པར་གཞིའི་འབྱུང་ཁུངས་སྐོར་སྡེ་དགེ་གླིང་ཚང་གི་ཤིང་པར་མ་དང་དཔལ་སྤུངས་དགོན་གྱི་ཤིང་པར་མ། པར་ཁང་ཆོས་མཛོད་ཆེན་མོའི་ཤིང་པར་མ་སོགས་བཤད་ཚུལ་སྣ་ཚོགས་བྱུང་འདུག །དོན་དངོས་ཐོག་ང་རང་གིས་ཡུལ་དངོས་བརྟག་དཔྱད་བྱས་པ་བརྒྱུད། གླིང་སྒྲུང«ཁ་ཆེ་གཡུ་རྫོང་།»གི་མ་དཔེ་ཤིང་པར་ལྷ་ཐོག་དཀར་ལེགས་དགོན་ནས་ཡིན་ཞིང་། ལྷ་ཐོག་རྒྱལ་པོ་སྐུ་ཐོག་བཅུ་གཉིས་པ་བསོད་ནམས་འཇིགས་མེད་ཚེ་རིང་དབང་ཕྱུག་གིས་ཕབ་པར་མ་ཟད་པར་བརྐོས་སྒྲིག་འཛུགས་གནང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན་གླིང་སྒྲུང་ཤིང་པར་མ་འབྱུང་ཁུངས་མཐའ་དཔྱད་བྱེད་པ་ཁོ་ནར་ཡང་དོན་སྙིང་ཡང་ཆེན་པོ་ལྡན་པར་སྙམ། མིག་སྔར་ཤེས་རྟོགས་བྱུང་བའི་གླིང་སྒྲུང་ཤིང་པར་མ་ནི་སྡེ་དགེ་གླིང་ཚང་གི་པར་མ«ལྷ་གླིང་གབ་རྩེ་དགུ་སྐོར།»དང«འཁྲུངས་གླིང་མེ་ཏོག་ར་བ།» «རྨ་ས་བཟུང་དར་དཀར་མདུད་པ།» «རྟ་རྒྱུག་ནོར་བུ་ཆ་བདུན།»བཅས་དང་། དཔལ་སྤུངས་དགོན་གྱི«སྟག་གཟིག་ནོར་རྫོང་།» བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལུ་དགོན་པའི«སྟག་གཟིག་ནོར་འགྱེད།» འཇོ་མདའ་རྫོང་ཝ་ར་རི་ཁྲོད་ཀྱི«དམྱལ་གླིང་རྫོགས་པ་ཆེན་པོ།» ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དཀར་ལེགས་དགོན་པའི«ཁ་ཆེ་གཡུ་རྫོང་།» ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི«དམྱལ་གླིང་མུན་པ་རང་གསལ།»བཅས་ཡིན།

སྡེ་དགེ་དཔལ་སྤུངས་དགོན་དུ་གླིང་སྒྲུང«སྟག་གཟིག་ནོར་རྫོང»གི་ཤིང་པར་མར་ཞིབ་འཇུག་བྱེད་བཞིན་པ།
གསར་འགོད་པ། ཁྱེད་ཀྱིས་དེ་སྔོན་སྒྲུང་ཡིག་གི་མིང་དང་། གླིང་དཔའ་རྟུལ་གྱི་མཚན། མཁར་རྫོང་དང་ཕོ་བྲང་གི་མིང་སོགས་རྒྱ་ཡིག་ཏུ་བསྒྱུར་སྟངས་གཅིག་གྱུར་མིན་པའི་སྣང་ཚུལ་ལ་དམིགས་ནས་གླིང་སྒྲུང་ཡིག་སྒྱུར་སྐོར་དཔྱད་རྩོམ་ཞིག་བྲིས་གནང་འདུག །ད་ལྟའི་གནས་ཚུལ་ཅི་འདྲ་ཞིག་ཡིན་ནམ།རྒན་འཇམ་དབྱངས་ཆོས་སྒྲོན། དེ་ག་རང་རེད། ལོ་ཤས་གོང་ང་རང་གིས་གླིང་སྒྲུང་རྒྱ་འགྱུར་མའི་སྒྲུང་མིང་སོགས་གཅིག་གྱུར་དགོས་པའི་སྐོར་རྩོམ་ཡིག་ཅིག་བྲིས་པ་ཡིན། དེ་ཡང་དུས་ཡུན་རིང་པོ་ཞིག་ནང་སྒྲུང་མིང་དང་ཡུལ་མིང་། མི་མིང་། རྫོང་མིང་སོགས་ཀྱི་སྒྱུར་སྟངས་ཐད་དོན་སྒྱུར་དང་སྒྲ་སྒྱུར། ཐད་སྒྱུར། དེ་བཞིན་དེ་དག་ཕན་ཚུན་ཟུང་དུ་འབྲེལ་ནས་བསྒྱུར་བ་སོགས་མི་གཅིག་པ་ཆེས་མང་པོ་བྱུང་ཡོད་པས་ཀློག་པ་པོའི་ཁྲོད་དུ་ཟང་ཟིང་མགོ་རྙོག་གི་གནས་ཚུལ་མང་པོ་བཟོས་པ་དང་། འགའ་ཤས་ཐ་ན་གོ་ནོར་ཐེབས་པའི་སྐྱོན་དུ་གྱུར་ཡོད། དཔེར་ན་རྒྱ་ཡིག་ཏུ་བསྒྱུར་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་གི་སྒྲུང་མིང་སྒྱུར་སྟངས་འདྲ་མིན་མང་པོ་སྤྱད་ནས་སྒྲ་མི་འདྲ་བ་དང་གཅིག་གྱུར་མིན་པ་མང་པོ་ཡོད་དེ། དཔེར་ན། «འཁྲུངས་གླིང་མེ་ཏོག་ར་བ།»གཅིག་པུ་ལའང《英雄诞生》《花岭诞生》《诞生之部》《诞生篇》སོགས་བསྒྱུར་སྟངས་མི་འདྲ་དུ་མ་ཡོད་སྟབས། རྒྱ་ཡིག་ཏུ་བསྒྱུར་བའི་ཀློག་པ་པོ་ཞིག་གི་ངོས་ནས་བཤད་ན། གོང་གསལ་བསྒྱུར་མིང་མི་འདྲ་དེ་དག་སྒྲུང་དེབ་ཀྱང་ཁ་ཁ་སོ་སོ་ཡིན་པའི་སྣང་བ་སྦྱིན་སྲིད། གཞན་ཡང་མི་སྣ་དང་མཁར་རྫོང་ལའང་བསྒྱུར་སྟངས་མང་པོ་ཡོད་དེ། དཔེར་ན་མིའི་མིང་དུ་སེང་ལྕམ་འབྲུག་མོ་གཅིག་པུ་ལའང僧坚珠姆、僧坚珠牡、森坚珠姆、珠毛、珠牡、珠茉、珠姆、珠互、卓玛、卓古玛、祝麻、珠穆སོགས་ཤིན་ཏུ་མང་། དེ་མིན་མཁར་རྫོང་ལ་དཔེར་ན་སྐུ་མཁར་སེང་འབྲུག་སྟག་རྩེ་གཅིག་པུ་ལའང森周达泽宗、森丑塔孜城、狮龙虎喜城、吉祥神乐宫སོགས་མང་པོ་ཡོད་པ་རེད།
གོང་གསལ་གནས་ཚུལ་དེ་རིགས་ལ་རྒྱལ་ཡོངས་ལས་དོན་འགོ་ཁྲིད་ཚོ་ཆུང་དང་བོད་འབྲེལ་ལྗོངས་ཞིང་ཁག་གི་འབྲེལ་ཡོད་ལས་ཁུངས་དང་གེ་སར་རིག་གནས་ཞིབ་འཇུག་པས་དོ་ཁུར་ཆེན་པོ་གནང་ཡོད་ཅིང་། སྒྲུང་མིང་སོགས་ཀྱི་མིང་ཚིག་གཅིག་གྱུར་བྱ་རྒྱུའི་ཐད་ལས་ཀ་འབོར་ཆེན་བྱས་ནས་གནས་ཚུལ་ལེགས་འགྱུར་ཆེན་པོ་བྱུང་ཡོད། དཔེར་ན2023ལོར་དཔེ་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་ལག་བསྟར་བྱས་ཤིང་། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ལས་སྒོའི་མཛུབ་སྟོན་བྱས་པ་དང་། རྒྱལ་ཡོངས་ཀྱི་གེ་སར་ཆེད་མཁས་དང་། སྒྲུང་པ་སྒྲུང་མ། རྒྱ་ཆེའི་གེ་སར་རིག་གནས་ལ་དགའ་པོ་བྱེད་མཁན་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྩོམ་སྒྲིག་བྱས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གལ་ཆེའི་རིག་གནས་ལས་གཞི«གླིང་སྒྲུང་ཡིག་བོད་རྒྱ་ཤན་སྦྱར་ཚད་ལྡན་མིང་མཛོད་ཆེན་མོ།»ནི་གོང་གསལ་གནས་དོན་དེ་རིགས་ལ་འགྱུར་བ་གཏོང་བའི་གྲུབ་འབྲས་གསར་ཤོས་དེ་ཡིན་ཞིང་ང་ཚོར་མིང་ཚིག་གཅིག་གྱུར་གྱི་གཞི་འཛིན་ས་ཡག་པོ་ཞིག་མཁོ་འདོན་བྱུང་ཡོད།
གསར་འགོད་པ། གེ་སར་རིག་གནས་ཞིབ་འཇུག་གི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས་ཐད་དགོངས་འཆར་ག་འདྲ་ཡོད་དམ།
རྒན་འཇམ་དབྱངས་ཆོས་སྒྲོན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་དཔྱིད་དཔལ་རབ་ཏུ་བཞད་རྗེས། ཏང་དང་རྒྱལ་ཁབ་ནས་མི་རིགས་རིག་གནས་དང་། ལྷག་པར་དུ་ལོ་རྒྱུས་སྙན་རྩོམ་རིང་མོ«གླིང་གེ་སར་རྒྱལ་པོའི་སྒྲུང་།»ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་སྲུང་སྐྱོང་ནུས་ལྡན་གནང་བ་དང་། བོད་རིགས་དང་། རྒྱ་རིགས་སོགས་མི་རིགས་ཁག་གི་གེ་སར་རིག་གནས་ལས་དོན་པ་རྒན་དར་གཞོན་གསུམ་གྱིས་འབད་བརྩོན་ལྷོད་མེད་གནང་བ་བརྒྱུད། རང་རྒྱལ་གྱི་གེ་སར་རིག་གནས་ཞིབ་འཇུག་ལ་འཛམ་གླིང་ཀུན་ནས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ལག་ལེན་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ཅིང་། གླིང་གེ་སར་རྒྱལ་པོའི་སྒྲུང2006ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མཚན་ཐོའི་ནང་བཅུག་ཡོད་ཅིང་། འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་དོན་སྙིང་ཆེན་པོ་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ཏང་དང་རྒྱལ་ཁབ་ནས«གླིང་གེ་སར་རྒྱལ་པོའི་སྒྲུང་།»སོགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་དང་འབྲེལ་ཡོད་ས་གནས་ཁག་ཏུ་རྟོག་ཞིབ་གནང་སྐབས་བཀའ་སློབ་རབ་དང་རིམ་པ་གནང་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐད་ཁ་ཕྱོགས་གསལ་པོ་བསྟན་གནང་ཡོད་པས། གེ་སར་རིག་གནས་ཀྱི་ལས་དོན་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་སྐྱེ་སྟོབས་ཀྱིས་ཁེངས་ཡོད། དེ་ཡང་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་དུས་རིམ་ནང་ཡིད་ཆེས་དང་བློ་སྤོབས་ཀྱིས་ཁེངས་པའི་སྒོ་ནས་ཀྲུང་གོའི་གེ་སར་རིག་གནས་མུ་མཐུད་གསར་གཏོད་རང་བཞིན་གྱིས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་ང་ཚོའི་མདུན་དུ་གནས་པའི་འགན་འཁྲི་ལས་འགན་གལ་ཆེན་ཞིག་དང་ཞིབ་འཇུག་བྱ་གཞི་ཆེན་པོ་ཡིན་པས། འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་དང་ཞིབ་འཇུག་མི་སྣས་གོ་སྐབས་དམ་འཛིན་ཐོག་མཐུན་སྒྲིལ་དམ་ཟབ་དང་འབད་འབུངས་ཡར་བརྩོན་གྱིས་གེ་སར་རིག་གནས་གོང་ནས་གོང་དུ་འཕེལ་བ་དང་ཇེ་རྒྱས་ཇེ་ལེགས་གཏོང་རྒྱུའི་ཐད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་རེ་བ་སྙིང་ནས་ཞུ་རྒྱུ་ཡིན།

ཆབ་མདོ་སྟེང་ཆེན་གྱང་སྔོན་ཡུལ་ཤོག་ཏུ་གེ་སར་རིག་གནས་རྗེས་ཤུལ་རྟོག་ཞིབ་བྱེད་པ།
གསར་འགོད་པ། མ་འོངས་པར་རིག་གཞུང་ཞིབ་འཇུག་ཐད་འཆར་གཞི་གང་འདྲ་ཡོད།རྒན་འཇམ་དབྱངས་ཆོས་སྒྲོན། ལོ་རྒྱུས་སྙན་རྩོམ་རིང་མོ«གླིང་གེ་སར་རྒྱལ་པོའི་སྒྲུང་།»འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ལ་སྲི་ཞུ་ཕྲན་བུ་བསྒྲུབ་པའི་བསྐལ་བ་ལྡན་པ་ང་རང་གི་གཟི་བརྗིད་དང་བསོད་ནམས་ཡིན་ཞིང་། རྗེས་སོར་མུ་མཐུད་འབད་པ་ལྷོད་མེད་ཀྱིས་སྲི་ཞུ་ལེགས་པར་བསྒྲུབ་པའི་ཆོད་སེམས་དང་སྤོབས་པ་ཡང་མཆིས། ཐུགས་རྗེ་ཆེ།
ངོ་སྤྲོད་མདོར་བསྡུས།
འཇམ་དབྱངས་ཆོས་སྒྲོན་ལགས་ནི་མདོ་ཁམས་སྡེ་དགེའི་རིག་གནས་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་ཤིང་། ཆུང་ངུའི་སྐབས་སུ་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་བསླབས་པ་དང་དེ་ནས་རིམ་བཞིན་སྡེ་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་འགྲིམས་རྗེས། སྔ་རྗེས་སུ་དཀར་མཛེས་དགེ་འོས་སློབ་གྲྭ་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་སུ་སློབ་སྦྱོང་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་བོད་ཀྱི་ལོ་རྒྱུས་རིག་གནས་དང་སྒོས་སུ་གེ་སར་རིག་གནས་ཞིབ་འཇུག་གི་ཕྱག་ལས་གནང་མུས་ལ། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སློབ་གྲྭ་ཆེན་མོའི་རབ་འབྱམས་པའི་མཛུན་སྟོན་དགེ་རྒན་དང་ཞིབ་འཇུག་པ་གཞོན་པ་བཅས་ཡིན། སྤྱི་ལོ2012ལོ་ནས2013ལོའི་བར། ཁོང་ཕུལ་བྱུང་འབུམ་རམས་ཞིབ་འཇུག་སློབ་མའི་སྤེལ་རེས་རྣམ་གྲངས་ཀྱི་ཁོངས་མིའི་ངོས་ནས་སྔ་ཨ་རིའི་ཧྭ་ཧྥུ་སློབ་ཆེན་དུ་སློབ་སྦྱོང་གནང་བར་ཕེབས། དེ་མིན་ད་དུང་མོང་གོལ་རྒྱལ་ཁབ་དང་། ནེ་པ་ལ་སོགས་རྒྱལ་ཁབ་ལ་རིག་གཞུང་སྤེལ་རེས་གནང་བར་ཕེབས།འཇམ་དབྱངས་ཆོས་སྒྲོན་ལགས་ནི་ཞིབ་འཇུག་གྲུབ་འབྲས་མང་བའི་གེ་སར་རིག་གནས་ཞིབ་འཇུག་པ་ཞིག་ཡིན་ཞིང«ཀྲུང་གོའི་བོད་རིག་པ།»དང«བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ།» «ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་དེབ།» «ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ།» «གངས་ལྗོངས་ཉི་གཞོན།»སོགས་ཀྱི་ཐོག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་རིག་གཞུང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཟིན་པར་མ་ཟད། «གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་དཔྱད་པ།»དང«སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག» «ཡུལ་མང་རྟོག་ཞིབ་ལས་འཕྲོས་པའི་གེ་སར་རིག་གནས་ཞིབ་འཇུག» «གླིང་གེ་སར་རྒྱལ་པོའི་གསོལ་མཆོད་ཕྱོགས་བསྒྲིགས།» «གླིང་སྒྲུང་གཅེས་བཏུས་ཇ་རོང་འབྲུ་རྫོང་།» «འཇར་གྱི་རྒྱལ་ཁབ་བཏུལ་བའི་གཡུལ་འགྱེད།» «གངས་ལྗོངས་ཀྱི་གཏམ་རྒྱུད།» «གྲོང་གསེབ་ཀྱི་ཁྲིམས་ལུགས་རྒྱུན་ཤེས།»སོགས་ཆེད་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།

བརྩམས་ཆོས་ཁག་ཅིག
གཞན་ཡང་ཁོང་ལ་ཚན་རིག་ཞིབ་འཇུག་རྣམ་གྲངས་ཐད་ལའང་འགན་སྒྲུབ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ཡང་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཙོ་གནད་རྣམ་གྲངས་གལ་ཆེན་གླིང་སྒྲུང་གི་སྒྲུང་པ་ཞིབ་འཇུག་ཅེས་པ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་མངགས་བཅོལ་རྣམ་གྲངས་གླིང་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་ཅེས་པ། ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་བརྒྱའི་ལས་གཞི་ཞེས་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དར་མེད་སྟོང་ཉེའི་རིག་ཚན་ཞིབ་འཇུག་ལས་གཞི་ཞེས་པ། གླིང་སྒྲུང་པའི་ཞིབ་འཇུག་དང་གླིང་སྒྲུང་གཅེས་བཏུས་རྩོམ་སྒྲིག །དཔའ་བོའི་ལོ་རྒྱུས་སྙན་རྩོམ་གླིང་སྒྲུང་བརྟག་ཞིབ་དང་གྲངས་མཛོད་འཛུགས་སྐྱོང་། གླིང་སྒྲུང་བོད་རྒྱ་ཤན་སྦྱར་ཚད་ལྡན་མིང་མཛོད་ཆེན་མོ་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་ཞིབ་འཇུག་རྣམ་གྲངས་མང་པོ་བསྒྲུབས་དང་སྒྲུབ་བཞིན་མཆིས། །

བརྩམས་ཆོས་ཁག་ཅིག
ཡོང་ཁུངས། ༢༠༢༥ལོའི«གངས་ལྗོངས་ཉི་གཞོན»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།