logo

གླིང་སྒྲུང་རོལ་དབྱངས་ཞིབ་འཇུག་དང་གསར་རྩོམ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-28 ཀློག་གྲངས།:
གླིང་སྒྲུང་རོལ་དབྱངས་ཞིབ་འཇུག་དང་གསར་རྩོམ།
                                                                                  —བོད་ཀྱི་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་དང་གླིང་སྒྲུང་རོལ་དབྱངས་ཀྱི་ཞིབ་འཇུག་ཆེད་མཁས་པ་བཀྲ་ཤིས་དར་རྒྱས་མཆོག་ལ་བཅར་འདྲི་ཞུས་པ།
དབང་ཆེན་ཚེ་རིང་།
 
གནད་བསྡུས། གླིང་སྒྲུང་གི་འཆད་གྱེར་ནི་ལོ་རྒྱུས་སྙན་རྩོམ་རིང་མོའི་ཁྲོད་ཀྱི་རོལ་དབྱངས་དང་སྐད་བརྡ་གཉིས་མཉམ་བསྲེས་ཀྱི་རྣམ་པ་ཞིག་ཡིན་ཞིང་། མི་སེམས་རབ་ཏུ་གཡོ་བར་བྱེད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་མི་རབས་ནས་མི་རབས་བར་འཆད་གྱེར་གྱི་རྣམ་པ་ལ་བརྟེན་ནས་རྒྱུན་འཛིན་བྱུང་ཡོད། དེ་ལས་རོལ་དབྱངས་ནི་འཆད་གྱེར་སྒྱུ་རྩལ་གྱི་ཆེས་ཐད་ཀར་དུ་མངོན་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་སྟེ། སྒྲུང་གླུའི་དབྱངས་རྟ་སྣ་ཚོགས་ཀྱིས་འཆད་གྱེར་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སྲོལ་རྒྱུན་གྱི་རོལ་དབྱངས་དང་དམངས་ཁྲོད་ཀྱི་རོལ་དབྱངས་ལ་སོགས་སྣ་མང་མཉམ་དུ་བསྡུས་ཏེ། རང་རེའི་རོལ་དབྱངས་ལོ་རྒྱུས་ལ་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་བྱས་ཡོད། དེ་བཞིན་དུ་འབྲེལ་ཡོད་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཀྱང་གླིང་སྒྲུང་རོལ་དབྱངས་ལ་དོ་སྣང་དང་ཞིབ་འཇུག་བྱེད་མགོ་བརྩམས་ཤིང་། རྒྱལ་ནང་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ནས་བཟུང་སྟེ་གླིང་སྒྲུང་རོལ་དབྱངས་ལ་ཞིབ་འཇུག་བྱས་ཡོད། རྩོམ་ཡིག་འདིར་རྒྱལ་ནང་དུ་གླིང་སྒྲུང་རོལ་དབྱངས་ལ་ཞིབ་འཇུག་བྱེད་མཁན་ལས་ཆེས་སྔ་བ་དང་གྲུབ་འབྲས་འབུར་དུ་ཐོན་པའི་བོད་ཀྱི་གདངས་དབྱངས་རྩོམ་པ་པོ་གྲགས་ཅན་རྒན་བཀྲ་ཤིས་དར་རྒྱས་མཆོག་ལ་བཅར་འདྲི་ཞུས་ཏེ། ཁོང་གི་མཛད་རྗེས་དང་། གླིང་སྒྲུང་དང་རོལ་དབྱངས་བར་གྱི་འབྲེལ་བ། གླིང་སྒྲུང་རོལ་དབྱངས་ཀྱི་ཁྱབ་སྤེལ་དང་དེའི་གཞན་འགྱུར། གླིང་སྒྲུང་རོལ་དབྱངས་ཀྱི་མ་ལག གླིང་སྒྲུང་རོལ་དབྱངས་ཀྱི་གསར་རྩོམ། གླིང་སྒྲུང་རོལ་དབྱངས་ཀྱི་འགྱུར་ལྡོག་སོགས་ཀྱི་ཐད་ནས་ནང་དོན་ཁག་ཇི་བཞིན་དུ་བཀོད་ཡོད།
གནད་ཚིག བཀྲ་ཤིས་དར་རྒྱས། གླིང་སྒྲུང་རོལ་དབྱངས། ཞིབ་འཇུག གསར་རྩོམ།

       བོད་ཀྱི་རོལ་དབྱངས་མཁས་ཅན་བཀྲ་ཤིས་དར་རྒྱས་མཆོག་ནི། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་སྒ་སྐྱེ་རྒུ་མདོ་ནས་སྐྱེས་ཤིང་། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་མི་རིགས་རོལ་དབྱངས་ཀྱི་མཁས་དབང་ཆེན་མོ་ཐེན་ལེན་ཐའོ(田联韬)དང་ཀྲུང་གོའི་རྩེར་སོན་རོལ་མོའི་བཀོད་འདོམས་པ་ཚའོ་ཕེང(曹鹏)ལ་སོགས་དགེ་རྒན་ལ་བསྟེན་ནས། གདངས་དབྱངས་རྩོམ་སྟངས་དང་བཀོད་འདོམས་ཆེད་ལས་ལ་སྦྱངས་པ་དཔྱིས་ཕྱིན་པར་བྱས། སྔ་གཞུག་ཏུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གདངས་དབྱངས་རྩོམ་མཁན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གླ་ཕོགས་ལོངས་སྤྱོད་མཁན་གྱི་ཆེད་ལས་མཁས་པ་སོགས་ཀྱི་ཐོབ་ཐང་བླངས་ཡོད་ལ། ཀྲུང་གོ་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་བློ་འདྲི་ཡུལ། མཚོ་སྔོན་མི་རིགས་འབུད་དཀྲོལ་རོལ་དབྱངས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སོགས་ཀྱི་འགན་འཁུར་མྱོང་།
       དེ་བཞིན་ཀྲུང་གོའི་རོལ་མོ་དང་། ཀྲུང་གོའི་བོད་རིག་པ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ལ་སོགས་རིག་གཞུང་དུས་དེབ་ཀྱི་ཐོག་ཏུ། ཡུལ་ཤུལ་བོད་རིགས་ཀྱི་གླིང་སྒྲུང་གི་དབྱངས་རྟ་ཞིབ་འཇུག་དང་། གླིང་སྒྲུང་རོལ་དབྱངས་ཀྱི་མ་ལག གླིང་སྒྲུང་གི་རོལ་དབྱངས་རང་བཞིན། སོག་པོའི་གླིང་སྒྲུང་རོལ་དབྱངས་ཞིབ་འཇུག གླིང་སྒྲུང་རོལ་དབྱངས་ཀྱི་རྒྱུ་མང་གྲུབ་ཚུལ། སོག་བོད་ཀྱི་གླིང་སྒྲུང་རོལ་དབྱངས་སྒྱུ་རྩལ་ཞིབ་བསྡུར། གླིང་སྒྲུང་རོལ་དབྱངས་ལས་ཧོར་རིགས་རིག་གནས་ཀྱི་མི་རིགས་མང་པོ་མཉམ་འདྲེས་རང་བཞིན་གླེང་བ། བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་མ་ལག་སོགས་གླིང་སྒྲུང་རོལ་དབྱངས་དང་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སྐོར་ལ་ཞིབ་འཇུག་བགྱིས་པའི་རིག་གཞུང་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ་ཡོད། ལྷག་པར་དུ་གླིང་སྒྲུང་གི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུའི་སྟེང་ཐེངས་མང་པོར་ཞུགས་ཏེ། གླིང་སྒྲུང་རོལ་དབྱངས་ཞིབ་འཇུག་དང་བོད་ཀྱི་གནའ་བོའི་རོལ་དབྱངས་ཞིབ་འཇུག་གི་གྲུབ་འབྲས་སྒྲོག་འདོན་བྱས་ཤིང་། ཁྱབ་ཁོངས་དེའི་ཁྲོད་ཀྱི་ཞིབ་འཇུག་གི་སྟོང་ཆ་དེ་ཁ་བསྐངས་ཡོད།
       ཁོང་ནི་གླིང་སྒྲུང་རོལ་དབྱངས་ཀྱི་ལེགས་སྒྲིག་དང་། བཅོས་སྒྲིག གསར་རྩོམ་བཅས་ཀྱི་གསར་སྤེལ་མཁན་ཐོག་མ་ཡིན་ཞིང་། ཐོག་མའི་གསར་གཏོད་ཀྱི་བརྩམས་ཆོས་དང་འཁྲབ་སྟོན་ལ། སྤྱི་ལོ༡༩༨༥ལོར་གླིང་སྒྲུང་གི་དབྱངས་རྟ་བརྒྱད་ཅུ་ལྷག་ལེགས་སྒྲིག་དང་འགྲེམ་སྤེལ་གནང་བ་དང་། སྤྱི་ལོ༡༩༨༦ལོར་ཀང་ཆིན(钢琴)དང་གློག་རྡུལ་ཧྥེང་ཆེན(电子琴)གྱིས་རམ་དཀྲོལ་བྱས་པའི་གླིང་སྒྲུང་འཆད་གྱེར་གྱི་སྒྲ་ལྡན་སྤེལ་བ། སྤྱི་ལོ༡༩༨༧ལོར་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཚན་སྡེབ་རོལ་དབྱངས་འགྲེམ་སྤེལ་དང་འཁྲབ་སྟོན། སྤྱི་ལོ༢༠༠༤ལོར་གླིང་སྒྲུང་གི་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་སྤེལ་བ། སྤྱི་ལོ༢༠༡༣ལོར་དབྱངས་རྟ་གསར་རྩོམ་དང་བཀོད་འདོམས་བྱས་པའི་གླིང་སྒྲུང་རོལ་དབྱངས་ཆེན་མོ་འཛམ་གླིང་སྤྱི་བསང་འཁྲབ་སྟོན། སྤྱི་ལོ༢༠༡༤ལོར་དབྱངས་རྟ་གསར་རྩོམ་དང་བཀོད་འདོམས་བྱས་པའི་གླིང་སྒྲུང་རོལ་དབྱངས་དང་ཞབས་བྲོ་ཆེན་མོའི་ལོ་རྒྱུས་སྙན་རྩོམ་རྟ་རྒྱུག་རྒྱལ་འཇོག་འཁྲབ་སྟོན། དེ་མིན་སྒྱུ་རྩལ་སྡེ་ཁག་གཞན་དང་མཉམ་འབྲེལ་གྱིས་ཟློས་གར་ཆེན་མོ་འཇང་ཕྲུག་དང་། ཤན་འདན་སྟག་སེང་ཁ་སྤྲོད། རྟ་རྒྱུག་རྒྱལ་འཇོག འཁྲུངས་གླིང་། རོལ་དབྱངས་གླིང་ཡུལ་རྨ་སྟོད་སོགས་དང་། རོལ་དབྱངས་ཟློས་གར་རྒྱ་ནག་ཇ་རྫོང་། ཞབས་བྲོ་ཁྲ་མོ་གླིང་གི་ལོ་གསར་སོགས་ཀྱང་གསར་རྩོམ་གནང་ཡོད།
       གཞན་ཡང་། སྐལ་བཟང་མེ་ཏོག་བཞད་པའི་སྐབས་དང་། རེབ་གོང་མཚར་ཉམས། རྨ་ཡུལ་རྩྭ་ཐང་། ལོ་སྟོང་བརྟན་པའི་འབིས་དགོན། ལེ་དབར་སྟོང་གི་ལས་འབྲེལ། ཡུལ་ཤུལ་ཡུལ་ཉམས་ལྡན་པའི་གར་སོགས་ཀྱང་བརྩམས་ཡོད། དེ་ལས་གླུ་གཞས་གནས་མཆོག་ཏུ་སྦྲུམ་པའི་རེ་བའི་ཉི་མ་དང་། གངས་ལྗོངས་ས་མཐོ།--ཕོ་ཉམས་ངོམ་ས། ཨ་མདོ་བརྙན་འཕྲིན་གྱི་ལོ་གསར་དགོང་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་མེ་ཏོག་གི་ཕ་ཡུལ། གྲ་བཞི་ཁའི་སྒོར་གཞས། ཚྭ་འདམ་གཤོངས་སའི་གླུ་དབྱངས། གཙང་གསུམ་ཆུ་མགོར་བསྐྱོད་པ། བཀྲ་ཤིས་པའི་མགོ་ལོག རྨ་ཆུའི་མཁའ་དབྱིངས་སུ་འབྱོར་ཞེས་པ་ལ་སོགས་གླུ་དབྱངས་དང་ཐང་ཆེན་གླུ་གར་བརྗོད་དོན་ཡིན་པའི་གཞས་གདངས་བཅུ་ལྷག་ལ་དགའ་བསུ་ཐོབ་པ་དང་བག་ཆགས་ཆེན་པོ་བཞག་ཡོད་པ་རེད།
       དཔེ་སྐྲུན་གྱི་བརྩམས་ཆོས་ལ་བཀྲ་ཤིས་དར་རྒྱས་ཀྱི་ཡུལ་ཤུལ་ཡུལ་ཉམས་ལྡན་པའི་གླུ་དབྱངས་ཕྱོགས་བསྒྲིགས་དང་། བཀྲ་ཤིས་དར་རྒྱས་ཀྱི་བོད་རིགས་བུད་མེད་ཁེར་གཞས་གཅེས་བསྒྲིགས། སྒྲ་སྡེར་ཆ་ཚང་ཕྱོགས་བསྒྲིགས་གཙང་ཆུའི་ཆུ་མགོའི་གླུ་དབྱངས(སྒམ༤) ཡུལ་ཤུལ་ས་ཡོམ་རྗེས་དྲན་རོལ་དབྱངས་ཕུགས་འདུན་གྱི་ལེའུ་དང་དྲིན་གཟོའི་ལེའུ། མཚོ་སྔོན་པོའི་སྒོར་གཞས། ཁྱེད་ཀྱི་བརྩེ་བ། རྒྱལ་སྟོན་ལོ་འཁོར༧༠ཡི་ཕྱག་རྟགས་སུ་ཕུལ་བའི་རོལ་དབྱངས་བརྩམས་ཆོས་ཆེ་གྲས་ཕྱོགས་བསྒྲིགས(བརྩམས་ཆོས༡༡)ལ་སོགས་ཡོད།
       ཁོང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་སྟེ། དཔེར་ན། ལན་གྲུ་མཉམ་སྒྲོག་རོལ་ཚོགས་དང་། མཚོ་སྔོན་མཉམ་སྒྲོག་རོལ་ཚོགས། བོད་ལྗོངས་མཉམ་སྒྲོག་རོལ་ཚོགས་སོགས་ཚོགས་པ་དང་མཉམ་འབྲེལ་བྱས་པའི་བཀོད་འདོམས་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་པ་དང་། དེ་བཞིན་རྒྱལ་ཁབ་ཀྱི་རོལ་དབྱངས་ལེགས་ཤོས་སུ་ཚུད་པའི་མི་སྒེར་གྱི་བྱ་དགའ་དང་། རྒྱལ་ཡོངས་གསེར་གྱི་བྱ་དགའ། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་སོགས་ཐོབ་མྱོང་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་གྱི་གཅིག་ཅན་ལྔའི་བཟོ་སྐྲུན་བྱ་དགའ། མཚོ་སྔོན་ཞིང་ཆེན་གྱི་འཁྲབ་སྟོན་བྱ་དགའ་ཨང་དང་པོ། ཞིང་ཆེན་མཉམ་འཁྲབ་རོལ་དབྱངས་རུ་ཁག་གི་དཀྲོལ་གཏོང་བྱ་དགའ་རིམ་པ་དང་པོ་དང་གཉིས་པ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་དྲུག་ཅུ་ལྷག་ཐོབ་ཡོད། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ་དང་། ཡུལ་ཤུལ་ཁུལ་གྱི་གླིང་སྒྲུང་རིག་གནས་བྱ་བར་བྱས་རྗེས་མངོན་གསལ་དོད་པའི་བྱ་དགའ་དང་། མི་རིགས་རིག་གནས་སྲུང་སྐྱོང་གི་ཚེ་གང་གྲུབ་འབྲས་བྱ་དགའ། རིག་རྩལ་ལས་དོན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ། གཙང་པོའི་ཆུ་མགོའི་རིག་གནས་གྲགས་ཅན་མི་སྣ་སོགས་ཀྱི་མཚན་སྙན་ཡང་གནང་ཡོད་པ་སོགས་རྒན་བཀྲ་ཤིས་དར་རྒྱས་ཀྱིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྟེ་གླིང་སྒྲུང་རོལ་དབྱངས་ཞིབ་འཇུག་དང་གསར་རྩོམ་བགྱིས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད། གླིང་སྒྲུང་རོལ་དབྱངས་ཞིབ་འཇུག་དང་གསར་རྩོམ་གྱི་སྟོང་ཆ་དེའང་ཐོག་མར་བསྐངས། དེ་ལས་ཁོང་གིས་བོད་ཀྱི་རིག་གནས་ལ་བཅངས་པའི་ལྷད་མེད་ཀྱི་ལྷག་བསམ་དང་། བོད་ཀྱི་རིག་གནས་དང་ལྷག་པར་གླིང་སྒྲུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་དང་སྐྱོང་བཞིན་མཆིས་པའང་རྟོགས་ནུས་སོ། །
བཅར་འདྲི་དངོས།
བཅར་འདྲི་བ། རྒན་ལགས་སྐུ་ཁམས་བཟང་། རྒན་ལགས་ཀྱིས་ལོ་མང་པོའི་རིང་གླིང་སྒྲུང་རོལ་དབྱངས་ལ་ཞིབ་འཇུག་དང་གསར་རྩོམ་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། གླིང་སྒྲུང་རོལ་དབྱངས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ། དག་སྒྲིག གསར་རྩོམ། ཞིབ་འཇུག་བཅས་ཀྱི་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད། དེ་རིང་འདིར་སྐུ་ཉིད་ཀྱི་གམ་དུ་བཅར་ནས་གླིང་སྒྲུང་རོལ་དབྱངས་སྐོར་ལ་བཅར་འདྲི་རགས་ཙམ་ཞུ་རྒྱུ་ཡིན་པས། ཐོག་མར་རྒན་ལགས་ཀྱིས་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
རྒན་བཀྲ་ཤིས་དར་རྒྱས། འོ་ཡ། ཐུགས་རྗེ་ཆེ་བཤད་དགོས་ཀྱི་མ་རེད། ང་རང་གིས་ལོ་མང་པོའི་རིང་གླིང་སྒྲུང་རོལ་དབྱངས་སྐོར་ལ་རང་ནུས་ཡོད་ཚད་ཀྱིས་ལས་ཀ་བསྒྲུབས་ཡོད། ཁྱེད་ཀྱིས་གླིང་སྒྲུང་རོལ་དབྱངས་ཀྱི་ཞིབ་འཇུག་དང་གསར་རྩོམ་ཞེས་པའི་ཁ་བྱང་བདམས་ཏེ། ངའི་ཞིབ་འཇུག་གི་སྐོར་ལ་དོ་ཁུར་གནང་བར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། གཤམ་དུ་ངས་ཤེས་ཚོད་ནུས་ཚོད་ཀྱིས་ཁྱེད་རྣམ་པའི་དྲི་བར་ལན་འདེབས་ཆོག ཡིན་ཡང་འདས་དོན་མང་པོ་ཞིག་ཡིད་ནས་མ་དྲན་ས་དང་དྲིས་ལན་ཡག་པོ་མ་ཐེབས་ན་ང་རང་གི་བརྩམས་ཆོས་ལ་བལྟས་ནས་ཁ་གསབ་བྱས་ན་ལེགས།
བཅར་འདྲི་བ། མཁས་པ་རྣམས་ཀྱིས་གླིང་སྒྲུང་ནི་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་གླེགས་བམ་ཆེན་མོ་ཞིག་ཡིན་ཞེས་གདེང་འཇོག་ཚད་མཐོན་པོ་གནང་། དེར་ལོ་རྒྱུས་དང་། སྤྱི་ཚོགས། དཔལ་འབྱོར། དམག་དོན། རང་བྱུང་། ཆོས་ལུགས། ཀུན་སྤྱོད། དམངས་སྲོལ། རིག་གནས། སྒྱུ་རྩལ། ལུས་རྩལ་སོགས་རིག་གནས་སྣ་མང་འདུས་ཡོད། རྒན་ལགས་ཀྱིས་དུས་ཡུན་རིང་པོར་གླིང་སྒྲུང་རོལ་དབྱངས་སྐོར་ནས་ཞིབ་འཇུག་དང་གསར་རྩོམ་བྱས་ཡོད་པས། གཤམ་དུ་གླིང་སྒྲུང་དང་རོལ་དབྱངས་བར་གྱི་འབྲེལ་བ་སྐོར་ནས་ཁ་བརྡ་ཅུང་ཙམ་བྱས་ན།
རྒན་བཀྲ་ཤིས་དར་རྒྱས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ན་ཆེས་རིང་བ་དང་གསོན་པོའི་ཚུལ་དུ་གནས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན། སྤྱི་ལོ༢༠༠༦ལོར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་ཐོའི་གྲས་སུ་བདམས་པ་དང་། སྤྱི་ལོ༢༠༠༩ལོར་འཛམ་གླིང་གི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་ཐོའི་གྲས་སུ་བདམས་ཡོད་པས། འཛམ་གླིང་གི་བོད་རིག་པའི་ཞིབ་འཇུག་གི་རིག་ཚན་རྩེ་གྲའི་གྲས་སུ་ཚུད་ཡོད། སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་དུ་གླིང་སྒྲུང་ནི་སྒྲུང་པ་སྒེར་གྱིས་སྙན་རྒྱུད་དམ་ངག་ལས་ངག་ཏུ་བརྒྱུད་ནས་རྒྱུན་འཛིན་ཁྱབ་སྤེལ་དང་། སྒྲུང་པའི་དྲན་ཤེས་ལ་བརྟེན་ནས་ཉར་འཛིན་གསོག་འཇོག་བྱེད་རྒྱུ་གཙོ་བོར་བཟུང་ཡོད་པ་བཞིན་དུ་གླིང་སྒྲུང་གི་རྩོམ་ལུས་ནི་གཞས་མ་གཏམ་གྱིས་གྲུབ་ཅིང་འཆད་གྱེར་གྱི་རྣམ་པའི་སྒོ་ནས་བཤད་བཞིན་མཆིས་ལ། གྱེར་བ་དེའང་སྒྲུང་གླུའི་དབྱངས་རྟ་སྣ་ཚོགས་ལ་བརྟེན་ནས་ལེན་པས། རོལ་དབྱངས་ཀྱིས་དེའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཡང་གཅིག་བཤད་ན། གླིང་སྒྲུང་ནི་སྒྲུང་ཡིག་དང་འཆད་གྱེར་གྱི་རོལ་དབྱངས་གཉིས་ལས་གྲུབ་པ་ཞིག་ཡིན། དེ་སྔ་མི་རྣམས་ཀྱིས་སྒྲུང་ཡིག་ལ་དོ་སྣང་ཆེན་པོ་བྱེད་པ་ལས་དེའི་རོལ་དབྱངས་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་མེད། གླིང་སྒྲུང་གི་རོལ་དབྱངས་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་ལ་སྦྱར་བའི་ཕྱིའི་རྣམ་པའི་རྒྱན་སྤྲོས་ཤིག་མིན་ཞིང་། ལོ་རྒྱུས་སྙན་རྩོམ་རིང་མོའི་རང་གཟུགས་དང་རང་སྟེང་གི་རྣམ་པ་ཞིག་སྟེ། གླིང་སྒྲུང་འཆད་གྱེར་གྱི་རྣམ་པ་གལ་ཆེན་ཞིག་ལགས། དེ་བཞིན་གདོད་མའི་རོལ་དབྱངས་སྟབས་བདེ་ཞིག་ཀྱང་མ་ཡིན་པར། གླིང་སྒྲུང་ལས་སྒྲུང་གླུའི་དབྱངས་རྟ་ཕུན་སུམ་ཚོགས་ཤིང་དབྱངས་རྟའི་མ་ལག་ཆེན་པོ་ཞིག་གྲུབ་འདུག་ལ། དེར་རང་རྐྱ་འཕེར་བའི་ལྟ་བ་དང་གཞུང་ལུགས་ཤིག་ཏུ་ཆགས་ཡོད་པར་མ་ཟད། ཚད་རིམ་མཐོ་བ་དང་ཕུན་སུམ་ཚོགས་པ། སྒྲིག་གཞི་ཆ་ཚང་བ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་གླིང་སྒྲུང་གི་རོལ་དབྱངས་དེ་ལོ་རྒྱུས་སྙན་རྩོམ་རིང་མོ་ལ་ཆུ་དང་འོ་མ་བཞིན་འདྲེས་འདུག གལ་ཏེ་སྒྲུང་ཡིག་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་རྣམ་ཤེས་ཡིན་ཚེ། རོལ་དབྱངས་ནི་དེའི་ལུས་ཕུང་དང་ཤ་ཁྲག་ལྟ་བུའོ། །
བཅར་འདྲི་བ། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་དུས་ཡུན་རིང་པོར་རྒྱུན་འཛིན་དང་དར་སྤེལ་སོགས་ལ་བརྟེན་ནས་ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བར་ཁྱབ་གདལ་དུ་སོང་ཡོད། དེ་བཞིན་གླིང་སྒྲུང་རོལ་དབྱངས་ཀྱང་ས་ཁུལ་དང་མི་རིགས་ལས་བརྒལ་ཡོད་པས། གླིང་སྒྲུང་རོལ་དབྱངས་ཀྱི་ཁྱབ་སྤེལ་དང་དེའི་གཞན་འགྱུར་སྐོར་ནས་ཁ་བརྡ་ཅུང་ཙམ་བྱས་ན་ག་འདྲ་འདུག
རྒན་བཀྲ་ཤིས་དར་རྒྱས། དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་སྒྲུང་འདི་ཉིད་དུས་ཡུན་རིང་པོར་འཛིན་སྐྱོང་སྤེལ་གསུམ་བྱས་པར་བརྒྱུད། དེའི་ཐུན་མིན་གྱི་ཁྱད་ཆོས་ལ་ཡུལ་ཁམས་མང་པོ་དང་མི་རིགས་མང་པོས་དང་ལེན་དང་བསྡུ་ལེན་བྱས་ཡོད་དེ། ས་ཁུལ་ལ་མཚོན་ན་ཕྱི་སོག་དང་། ཕ་ཁི་སི་ཐན། ཨུ་རུ་སུ། འབྲས་ལྗོངས། འབྲུག་ཡུལ། ནེ་པ་ལ། པུ་ལི་ཡ་ཐེ། ལ་དྭགས་སོགས་རྒྱལ་ཁབ་དང་། རྒྱལ་ནང་གི་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག ཤིན་ཅང་སོགས་ཞིང་ལྗོངས་སུ་དར་ཁྱབ་སོང་ཡོད། མི་རིགས་ལ་མཚོན་ན་སོག་རིགས་དང་། ཧོར་རིགས། ཕུའུ་སྨི་རིགས། འཇང་རིགས། པའེ་རིགས། ལི་སུའུ་རིགས། ཡུས་ཀུའུ་རིགས། ས་ལར་རིགས་སོགས་སུ་ཁྱབ་སྟེ་རང་ཉིད་ཀྱི་ཁྱད་ཆོས་ཐོན་པའི་དར་ཁྱབ་ཀྱི་མ་ལག་ཆེན་པོ་ཞིག་ཏུ་གྲུབ་ཡོད། རོལ་དབྱངས་ཀྱི་ངོས་ཐད་ནས་བརྗོད་ན། དེའི་ཁྲོད་དུ་ཆེས་མཚོན་བྱེད་རང་བཞིན་ལྡན་པ་ནི་བོད་རིགས་ཀྱི་རྒྱུད་སྤེལ་མ་ལག་དང་། སོག་རིགས་ཀྱི་རྒྱུད་སྤེལ་མ་ལག ཧོར་རིགས་ཀྱི་རྒྱུད་སྤེལ་མ་ལག སྦལ་ཏིའི་རྒྱུད་སྤེལ་མ་ལག་བཅས་རེད། དཔེར་ན། སོག་རིགས་ཀྱི་རྒྱུད་སྤེལ་མ་ལག་ལ་མཚོན་ན། སྒྲུང་ཡིག་གི་བརྗོད་བྱའི་ནང་དོན་ཕུད། རྗོད་བྱེད་ཀྱི་ཚིག་དང་། དབྱངས་རྟ། འཆད་གྱེར་སོགས་ཀྱི་ཐད་ནས་བོད་རིགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མེད། རོལ་དབྱངས་ཀྱི་ཐད་ནས་རང་གི་ཁྱད་ཆོས་དང་མཐུན་པའི་དབྱངས་རྟ་སྐོར་ཞིག་གསར་གཏོད་བྱས་ཡོད་པར་མ་ཟད། འཕེལ་རྒྱས་ཆེན་པོ་ཕྱིན་ནས་རང་ཚུགས་ཀྱི་མ་ལག་ཅིག་ཆགས་ཡོད། ཧོར་རིགས་ཀྱི་རྒྱུད་སྤེལ་མ་ལག་ལ་མཚོན་ན། ཧོར་རིགས་ལ་དར་ཁྱབ་སོང་བའི་གླིང་སྒྲུང་དེར་ངག་རྒྱུན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན། དེར་ཧོར་རིགས་དང་བོད་རིགས་ཀྱི་སྡོད་སའི་ས་ཁམས་དང་། འཚོ་བ། རིག་གནས་བཅས་ཀྱི་དབར་འབྲེལ་བ་དམ་ཟབ་ཡོད་པ་ནང་བཞིན། ཧོར་རིགས་སུ་ཁྱབ་པའི་གླིང་སྒྲུང་དེ་བོད་སྐད་ལམ་ནས་གྱེར་བ་དང་ཧོར་སྐད་ལམ་ནས་འགྲེལ་བཤད་བྱེད་པའི་རྣམ་པ་ཞིག་ཡིན། ཡང་མི་རིགས་ཀྱི་ལོ་རྒྱུས་དང་། ས་ཁམས་ཁོར་ཡུག ཆོས་ལུགས་ཀྱི་བསམ་བློ། བསམ་པའི་འདུ་ཤེས། རིག་གནས་ཀྱི་ཁྱད་ཆོས་སོགས་ཆ་རྐྱེན་དབང་གིས་ཧོར་རིགས་ཀྱི་རིག་གནས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གཙོར་བྱས་ཏེ། རྒྱ་རིགས་དང་བོད་རིགས་སོགས་མི་རིགས་མང་པོའི་རིག་གནས་གཅིག་འདུས་དང་སྣ་མང་མཉམ་འདུས་ཀྱི་རྣམ་པ་ཞིག་ཀྱང་ཆགས་ཡོད། སྣང་ཚུལ་དེ་ནི་ཧོར་རིགས་ལ་ཁྱབ་པའི་གླིང་སྒྲུང་རོལ་དབྱངས་ལས་མངོན་པར་གསལ་ཞིང་། རོལ་དབྱངས་ཐད་ནས་ཧོར་རིགས་རང་གི་དབྱངས་རྟ་ཕུད། བོད་རིགས་ཀྱི་དབྱངས་རྟ་དང་། རྒྱའི་མཛའ་གཞས(花儿)ཀྱི་དབྱངས་རྟའང་ཚུད་ཡོད་པར་མ་ཟད། སོག་རིགས་ཀྱི་དབྱངས་རྟའི་རྗེས་ཤུལ་ཡང་ཡོད་པ་རེད། སྦལ་ཏིའི་རྒྱུད་སྤེལ་མ་ལག་ལ་མཚོན་ན། ཡུལ་དེའི་མི་རྣམས་ནི་དཔའ་བོ་གེ་སར་རྒྱལ་པོའི་གཏམ་རྒྱུད་ལ་ཧ་ཅང་དགའ་པོ་ཡོད། ཡིན་ཡང་སྦལ་ཏིར་ཁྱབ་པའི་གླིང་སྒྲུང་རོལ་དབྱངས་དེར་དབྱངས་རྟ་ནས་འཆད་གྱེར་གང་གི་ཐད་ནས་ཀྱང་བོད་རིགས་ཀྱི་རྗེས་ཤུལ་ཅུང་ཙམ་ཡང་ལུས་མེད་པར། ཡོ་རོ་ཤར་མའི་རོལ་དབྱངས་རིག་གནས་ཁྱིམ་རའི(南亚音乐文化圈)ཉམས་འགྱུར་མངོན་གསལ་ཡིན་ནོ། །
བཅར་འདྲི་བ། རྒན་ལགས་ཀྱིས་དུས་ཡུན་རིང་པོར་གླིང་སྒྲུང་རོལ་དབྱངས་ལ་ཞིབ་འཇུག་བྱས་པར་བརྒྱུད། གླིང་སྒྲུང་རོལ་དབྱངས་ཀྱི་མ་ལག་ཅེས་པའི་སྒྲིག་གཞི་ཞིག་ཏུ་ཆགས་ཡོད་པའི་སྐོར་ནས་ལྟ་བ་བཏོན་ཡོད། གཤམ་དུ་དེའི་སྐོར་ནས་ཅུང་ཙམ་གསུང་རོགས།
རྒན་བཀྲ་ཤིས་དར་རྒྱས། གླིང་སྒྲུང་རོལ་དབྱངས་ཀྱི་བརྗོད་སྙིང་དང་འཕེལ་རྒྱས། དེ་བཞིན་གླིང་སྒྲུང་རོལ་དབྱངས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་དངོས་སོགས་ལ་བསམས་གཞིགས་བཏང་ན། དེར་མ་ལག་ཡག་པོ་ཞིག་ཆགས་ཡོད་པར་བསམས་ཡོད་དེ།
       གཅིག་ནི་རོལ་དབྱངས་ཅན་གྱི་སྤྱིའི་གྲུབ་ཆའི་མ་ལགདེ་ནི་བཅད་ལྷུག་སྤེལ་མའི་འཆད་གྱེར་གྱི་མ་ལག་དང་རོལ་དབྱངས་སྙན་ངག་ཟློས་གར་གྱི་རྣམ་པའི་སྒྲིག་གཞི་དང་། གླུ་ལེན་གྱི་རྣམ་པ་ལས་གྲུབ་པའི་མུ་འབྲེལ་ཡིག་ཕྲེང་གི་སྒྲིག་གཞི། གླུ་ལེན་གྱི་ཁྱད་ཆོས་ལས་གྲུབ་པའི་གཏན་འཇགས་ཀྱི་རྣམ་པ་ལྡན་པའི་སྙན་རྩོམ་གྱི་སྒྲིག་གཞི། དེང་རབས་གླིང་སྒྲུང་རོལ་དབྱངས་ཀྱི་སྣ་མང་སྒྲིག་གཞི་སོགས་ཡིན། དེར་སྒྲུང་ཡིག་གི་རང་གཟུགས་དང་། གདོད་མའི་འཆད་གྱེར། སྒྱུ་རྩལ་གྱི་འགྱུར་བ། སྒྱུ་རྩལ་གྱི་སྤོར་འཛུགས། སྒྱུ་རྩལ་གྱི་གསར་གཏོད་སོགས་རྣམ་པ་མང་པོ་བྱུང་ཞིང་། སྒྲིག་གཞི་འདི་དག་གི་མཚོན་ཚུལ་གྱི་རྣམ་པ་ལ། དཔེར་ན། ལོ་རྒྱུས་སྙན་རྩོམ་གྱི་སྒྲུང་ཡིག་གི་རྣམ་པ་ལ། ལོ་རྒྱུས་སྙན་རྩོམ།—འཁྲབ་གཞུང་།—གླུ་ཚིག—གླུ་ཚིག་མེད་པ་བཅས་དང་། གླིང་སྒྲུང་རོལ་དབྱངས་ཀྱི་རྣམ་པ་ལ། འཆད་གྱེར་རོལ་དབྱངས།(གཞས་མ་གཏམ་གྱི་རོལ་དབྱངས།)—ཟློས་གར་རོལ་དབྱངས།—གླུ་གར་རོལ་དབྱངས།—རོལ་དབྱངས་རྐྱང་པ་བཅས་ཡིན། གླིང་སྒྲུང་སྒྱུ་རྩལ་གྱི་རྣམ་པ་མཚོན་ཚུལ་ལ། འཆད་གྱེར་གྱི་རིགས།—འཆད་གྱེར་འཁྲབ་སྟོན་གྱི་རིགས།—སྒྲ་ལྡན་ཟློས་གར་གྱི་རིགས།—སྒྲ་མེད་སྤྲོ་གར་གྱི་རིགས།—གླུ་གར་གྱི་རིགས།—མགྲིན་དབྱངས་ཀྱི་རིགས།—རོལ་ཆའི་རིགས་བཅས་ཡིན།
       གཉིས་ནི་དབྱངས་རྟའི་མ་ལག གླིང་སྒྲུང་དུ་སྒྲུང་གི་མི་སྣའི་བྱུང་རིམ་གྱི་དབང་གིས་ཆེད་སྤྱོད་ཀྱི་དབྱངས་རྟ་བཀོལ་བ་དེ་རྩ་བའི་བྱེད་ཐབས་ཡིན། དེར་དབྱངས་རྟའི་རིགས་དབྱེ་མང་བ་དང་། མཚོན་སྟངས་ཆ་ཚང་བ། ཉམས་འགྱུར་ཕུན་སུམ་ཚོགས་པ། ཅུང་འཐུས་ཚང་དང་ཚད་རིམ་མཐོ་བ་བཅས་མངོན་ཡོད། སྒྲུང་གླུའི་དབྱངས་རྟ་ལ་གཙོ་བོ་མི་སྣའི་རྒྱུན་སྤྱོད་ཀྱི་དབྱངས་རྟ་དང་། མི་སྣའི་ཆེད་སྤྱོད་ཀྱི་དབྱངས་རྟ། མི་སྣའི་ཆེད་སྤྱོད་ཀྱི་མུ་འབྲེལ་དབྱངས་རྟབཅས་རིགས་གསུམ་དུ་འདུ།
       གསུམ་ནི་དབྱངས་རྟའི་མིང་གི་མ་ལག དེར་གཙོ་བོ་རིགས་གཉིས་སུ་འདུས་ཏེ། རིགས་དང་པོ་གཙོ་བོ་སྒྲུང་གླུའི་ནང་དོན་དང་སྒྲུང་གླུའི་ངོ་བོ་མི་གཅིག་པའི་དབྱངས་རྟའི་མིང་གི་མ་ལག་ལ་དྲན་སྐུལ་བྱེད་པ། དཔེར་ན། སྨོན་ལམ་འདེབས་པའི་གླུ་དང་། ཐབས་བཀོད་ཀྱི་གླུ། དྲག་པོའི་གླུ། སྔོན་དཔག་གི་གླུ་སོགས་ཡིན། དེའི་ནང་དམག་དོན་དང་། རྒྱལ་དོན། ཡུལ་སྲོལ། སེམས་ཁམས། འཇིག་རྟེན་པའི་ལས། དབྱངས་རྟའི་རྣམ་པ་སོགས་ཀྱི་རིགས་སྣ་མང་འདུས། རིགས་གཉིས་པ་གཙོ་བོ་དབྱངས་རྟ་མཚོན་པའི་རོལ་དབྱངས་ཀྱི་ཁྱད་ཆོས་ཏེ། མི་སྣ་དང་ཡུལ་ཁམས་མི་འདྲ་བར་དམིགས་ནས་གཏན་འཁེལ་བགྱིས་པའི་དབྱངས་རྟའི་མིང་གི་མ་ལག་མཚོན་གྱི་ཡོད། དཔེར་ན། གེ་སར་རྒྱལ་པོའི་ཁྲོམ་ཆེན་ཟིལ་གནོན་དང་། འབྲུག་མོའི་དགུ་སེང་དྲུག་འགྱུར། ཁྲོ་ཐུང་གི་ཧ་ར་ཧུར་ཐུང་། རྒྱ་ཚའི་དཀར་མོ་དྲུག་འགྱུར། འདན་མའི་ཐ་ལ་དྲུག་འགྱུར་སོགས་གླིང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མི་སྣའི་དབྱངས་རྟ། བྱ་བྱིའུ་རིགས་ཀྱི་དབྱངས་རྟ། སྲོག་ཆགས་རིགས་ཀྱི་དབྱངས་རྟ་སོགས་མང་པོ་འདུག
       བཞི་ནི་གྱེར་ཐབས་མ་ལག གླིང་སྒྲུང་གི་འཆད་གྱེར་དབྱངས་རྟ་དེ་ལོ་རྒྱུས་སྙན་རྩོམ་གྱི་སྐད་ཆའི་ཆོས་ཉིད་དང་། བྱུང་རིམ་འགྱུར་ལྡོག མི་སྣའི་ཁྱད་ཆོས་བཅས་དང་འབྲེལ་བ་དམ་ཟབ་ཡོད། རོལ་དབྱངས་ཀྱི་སྣང་བརྙན་གསར་བཞེངས་དང་། རོལ་དབྱངས་ཀྱི་རྣམ་པ་སྣ་མང་། རོལ་དབྱངས་ཀྱི་གྲུབ་ཆ་ཐག་གཅོད། བྱང་ཆ་ལྡན་ཞིང་འགྱུར་བ་ཆེ་བའི་དབྱངས་རྟ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་གྱེར་ཐབས་མ་ལག་ཅིག་གྲུབ་ཡོད་ཅིང་། སྒྲུང་ཡིག་གི་མཚོན་ཐབས་ལས་མངོན་མི་ཐུབ་པའི་སྒྱུ་རྩལ་གྱི་ཕན་འབྲས་ཐུན་མོང་མ་ཡིན་པ་ཞིག་ཐོན་ཡོད། དཔེར་ན། མི་སྣའི་གཤིས་ཀ་དང་རྣམ་པ། དགའ་སྐྱོ་ཆགས་སྡང་། བདེན་དགེ་མཛེས་གསུམ་སོགས་ཀྱི་འགྱུར་བ་དང་བསྟུན་ནས་དབྱངས་རྟའང་ཕུན་སུམ་ཚོགས་པ་བྱུང་ཡོད་པ་ལྟ་བུ་ཡིན།
       ལྔ་ནི་འཁྲབ་སྟོན་མ་ལག འཁྲབ་སྟོན་མ་ལག་གི་འཕེལ་རྒྱས་དེ་ཧ་ལམ་དུས་མཚམས་གསུམ་དུ་ལ་དབྱེ་ཆོག་སྟེ། ཐོག་མའི་སྒྲུང་བཤད་ཀྱི་དུས་མཚམས་ནས། འཆད་གྱེར་སྒྱུ་རྩལ་ལ་ཚད་མཐོའི་འཕེལ་རྒྱས་བྱུང་བའི་དུས་མཚམས། དེང་དུས་སུ་གླིང་སྒྲུང་རོལ་དབྱངས་ཀྱི་སྣ་མང་གྲུབ་ཆ་ལྡན་པའི་དུས་མཚམས་བཅས་ཡིན། དེར་སྐྱེས་པས་ཁེར་ལེན་ནས་ཕོ་མོ་མཉམ་ལེན་དང་། ལུས་ཀྱི་ཉམས་འགྱུར་དང་འཁྲབ་ཆས་ཀྱི་རམ་འདེགས་ལ་བརྟེན་ནས་ལེན་པ། རམ་དཀྲོལ་རོལ་དབྱངས་ལྡན་པའི་གླུ། འཁྲབ་སྟོན་པ་མི་འདྲ་བ་ཡོད་པའི་གླུ། ཆ་འགྲིག་པའི་འཁྲབ་སྟོན་རུ་ཁག་གི་གླུ་སོགས་ཅུང་ཆ་ཚང་བའི་འཁྲབ་སྟོན་མ་ལག་ཅིག་གྲུབ་ཡོད།
       དྲུག་ནི་ཉམས་འགྱུར་མ་ལག གླིང་སྒྲུང་ནི་ས་ཁོངས་དང་། མི་རིགས། རྒྱལ་མཚམས། དུས་རབས་ལས་བརྒལ་བ་བཅས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པས། དེའི་འཆད་གྱེར་གྱི་དབྱངས་རྟའི་ཉམས་འགྱུར་ནི་གནའ་སྔ་མོ་དང་། སྲོལ་རྒྱུན། དེང་རབས་བཅས་ཀྱི་ཁྱད་པར་ཡོད། ཡང་གཅིག་བཤད་ན་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཡིན། དཔེར་ན། རྒྱབ་ཁབ་དང་། མི་རིགས། ས་གནས། འཚོ་རྟེན་གྱི་ཁོར་ཡུག སྒྲུང་པའི་རིགས་དབྱེ་སོགས་མི་འདྲ་བའི་དབང་གིས་གླིང་སྒྲུང་རོལ་དབྱངས་ཀྱི་ཉམས་འགྱུར་ཡང་ཕུན་སུམ་ཚོགས་པ་བྱུང་ཡོད་པ་ལྟ་བུའོ། །
       བདུན་ནི་སྒྲུང་པའི་མ་ལག སྒྲུང་པ་ནི་འཛམ་གླིང་གི་འཆད་གྱེར་སྒྱུ་རྩལ་ཁྲོད་ཀྱི་ཆེས་ཆེ་བའི་ཚོགས་སྤྱི་ཞིག་སྟེ། ཁོང་ཚོ་ནི་དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་ཡིན་ལ། བབས་སྒྲུང་པ་གཙོར་བྱས་པའི་སྒྲུང་པའི་རིགས་སྣ་ཚོགས་ཤིག་བྱུང་ཡོད། དཔེར་ན། བབས་སྒྲུང་དང། གཏེར་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། པྲ་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། རྒྱུད་སྒྲུང་། སྒྲུང་ཞྭ་དང་ཐང་སྒྲུང་སོགས་ཀྱི་སྒྲུང་པའི་རིགས་མང་པོ་བྱུང་ཡོད། རོལ་དབྱངས་ཀྱི་ངོས་ཐད་ནས་སྒྲུང་པའི་རིགས་ལ་དབྱེ་ན། ཐུན་མིན་རང་བཞིན་གྱི་སྒྲུང་པ་དང་། ཐུན་མོང་རང་བཞིན་གྱི་སྒྲུང་པ། མུ་འབྲེལ་རོལ་དབྱངས་ཀྱི་སྒྲུང་པ། ཐོར་དབྱངས་ཀྱི་སྒྲུང་པ། རོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྒྲུང་པ། འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྒྲུང་པ། དགེ་འདུན་པའི་ཁྱད་ཆོས་ལྡན་པའི་སྒྲུང་པ། ཤེས་ཡོན་པའི་ཁྱད་ཆོས་ལྡན་པའི་སྒྲུང་པ། གནའ་བོའི་ཁྱད་ཆོས་ལྡན་པའི་སྒྲུང་པ། ཉེ་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒྲུང་པ་སོགས་ཡོད།
       བརྒྱད་ནི་གནའ་བོའི་རོལ་དབྱངས་ཀྱི་རིག་པའི་གཞུང་ལུགས་ཀྱི་མ་ལག ༡ གླིང་སྒྲུང་དུ་གནའ་བོའི་རོལ་དབྱངས་ཀྱི་འཆད་གྱེར་རྣམ་པའི་སྒྲིག་གཞི་མངོན་ཡོད་དེ། གྱེར་བ་གཙོ་བོ་དང་འཆད་པ་ཕལ་བ་ཡིན། ༢ གླིང་སྒྲུང་དུ་གནའ་བོའི་རོལ་དབྱངས་ཀྱི་བཅད་ལྷུག་སྤེལ་མའི་རང་རང་སོ་སོའི་ནུས་པ་དང་སྒྲིག་སྟངས་མངོན་གྱིན་ཡོད་ལ། ཚིག་ལྷུག་ནི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རྒྱུད་རིམ་ངོ་སྤྲོད་བྱེད་པ་དང་། ཚིགས་བཅད་ནི་བྱང་ཆ་ལྡན་པའི་དབྱངས་རྟར་བརྟེན་ནས་ནང་དོན་མཚོན་པར་བྱེད། ༣ གླིང་སྒྲུང་དུ་གནའ་བོའི་རོལ་དབྱངས་ཀྱི་དབྱངས་རྟའི་མིང་ཡོད་པར་མ་ཟད། དབྱངས་རྟའི་མིང་དེ་རྒྱ་ཆེ་བའི་མ་ལག་ཅིག་ཆགས་པ་མཐོང་ཐུབ། ༤ གླིང་སྒྲུང་ལས་གནའ་བོའི་རོལ་དབྱངས་ཀྱི་མི་སྣའི་ཆེད་སྤྱོད་ཀྱི་རོལ་དབྱངས་དང་ཆེད་སྤྱོད་མུ་འབྲེལ་རོལ་དབྱངས་ཐད་ལ་ནན་བཤད་བྱས་ཡོད་པ་མཐོང་ཐུབ། ༥ གླིང་སྒྲུང་དུ་གནའ་བོའི་རོལ་དབྱངས་ཀྱི་རྩོམ་རིག་དང་གཏན་འཇགས་རྣམ་པའི་རྩོམ་རིག་གི་སྒྲིག་གཞི་ཞིག་མཐོང་ཐུབ། ༦ གླིང་སྒྲུང་དུ་གནའ་བོའི་རོལ་དབྱངས་ཀྱི་རྒྱན་ཚིག་གི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད་པར་མ་ཟད། ཚད་མཐོའི་འདོན་སྤེལ་བྱེད་ཀྱི་ཡོད་པ་མཐོང་ཐུབ། ༧ སྒྲུང་ཡིག་གི་ཞིབ་བརྗོད་ལས་གནའ་མིས་གླུ་ལེན་པའི་རྒྱབ་ལྗོངས་དང་། སེམས་ཁམས། དུས་ནམ་ཞིག་ལ་དབྱངས་རྟ་གང་ཞིག་སྤྱོད་པ་དང་། གླུ་ཅི་ཞིག་ལེན་པ། དེ་མིན་ཉམས་འགྱུར་དང་། བྱ་སྤྱོད། རྣམ་པ་སོགས་ལ་དང་དོད་བྱེད་པ་ཤེས་ཐུབ། མཚམས་རེར་འཆད་གྱེར་གྱི་ཐག་གཅོད་བྱེད་ཚུལ་དང་། གླུ་སྐད། སྐད་ངག་བཅས་ལ་བླང་བྱ་བཏོན་ཡོད་པ་བསྟན། ༨ སྒྲུང་ཡིག་གི་ཞིབ་འབྲི་ལས་རོལ་དབྱངས་ཀྱི་ནང་དོན་དང་། དོན་སྙིང་། བྱེད་ནུས། གལ་ཆེའི་རང་བཞིན། ཁྱད་འཕགས་རང་བཞིན་བཅས་དང་འབྲེལ་བ་ཡོད་པ་བསྟན། ༩ སྒྲུང་ཡིག་གི་ཞིབ་འབྲི་ལས་རོལ་དབྱངས་ཀྱི་སྣང་བརྙན་དང་། གཤིས་ཀ ཁྱད་ཆོས། རོལ་མྱོང་བྱེད་ཐབས་སོགས་དང་འབྲེལ་བ་ཡོད་པ་བསྟན། ༡༠ སྒྲུང་ཡིག་གི་ཞིབ་འབྲི་ལས་རོལ་དབྱངས་ཀྱི་གཟབ་སྦྲེང་རང་བཞིན་དང་། མཛད་སྒོའི་རང་བཞིན། མཚོན་བྱེད་རང་བཞིན་སོགས་དང་འབྲེལ་བ་ཡོད་པ་བསྟན། ༡༡ སྒྲུང་ཡིག་གི་ཞིབ་འབྲི་ལས་འཁྲབ་སྟོན་ཁྲོད་ཀྱི་ཁེར་ལེན་དང་། མཉམ་ལེན། རམ་དཀྲོལ་བཅས་དང་འབྲེལ་བ་ཡོད་པ་བསྟན། ༡༢ སྒྲུང་ཡིག་གི་ཞིབ་འབྲི་ལས་རོལ་དབྱངས་ཀྱི་གྲུབ་ཚུལ་དང་། རོལ་དབྱངས་ཀྱི་སྡེབ་སྒྲིག་དང་མཚོན་བྱེད་ཀྱི་ཐབས་ལམ་ཐད་ཀྱི་སྒྲིག་ལམ་འགའ་ཤས་ཡོད་པ་དང་། དེ་མིན་ཚན་སྒྲིག་རོལ་དབྱངས་དང་མུ་འབྲེལ་རོལ་དབྱངས་ཀྱི་རྩ་བའི་རིགས་པ་བཅས་དང་འབྲེལ་བ་ཡོད་པ་བསྟན་ཡོད་དོ། །
       དགུ་ནི་ཟློས་གར་རིགས་ཀྱི་མ་ལག གླིང་སྒྲུང་ནི་སྤྱིར་བཏང་གི་འཆད་གྱེར་དང་མི་འདྲ་བར། ཟློས་གར་རང་བཞིན་དང་གླུ་ལེན་རང་བཞིན་ངེས་ཅན་ཞིག་ལྡན་ལ། དེའི་དབྱངས་རྟ་ཕུན་སུམ་ཚོགས་ཤིང་རང་ལུགས་རང་གྲུབ་ཡིན་ཏེ། འཁྲབ་གཞུང་དང་། དབྱངས་རྟ། འཁྲབ་སྟོན། མི་སྣའི་བཟོ་ལྟ། གར་སྟེགས་མཛེས་བཟོའི་ཇུས་འགོད། འཁྲབ་སྟོན་དཔུང་ཁག འཁྲབ་ཚན་གསོག་འཇོག་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་མ་ལག་གྲུབ་ཅིང་ཅུང་འཐུས་ཚང་དང་རང་ཚུགས་ལྡན་པའི་ཟློས་གར་རིགས་ཤིག་ཏུ་གྱུར་ཡོད། དེར་ལོ་རྒྱུས་སྙན་རྩོམ་གྱི་སྒྲུང་ཡིག་རྨང་གཞི་བྱས་ཏེ་དབྱངས་རྟ་དག་ལྟེ་བའི་ཁྱད་ཆོས་དང་རྩ་བའི་མཚོན་རྟགས་ཡིན་པ་གཞིར་བྱས་ནས། འཁྲབ་ཚན་དང་། འཁྲབ་སྟོན་དཔུང་ཁག ཟློས་གར་གྱི་ལམ་ནས་དགོན་སྡེའི་འཆམ་དང་། དམངས་ཁྲོད་ཀྱི་རྣམ་ཐར། ཆེད་ལས་ཀྱི་གར་སྟེགས་ཟློས་གར་བཅས་མ་ལག་གསུམ་ཏུ་གྲུབ་ཡོད་པ་རེད།
       བཅུ་ནི་རྒྱུད་སྤེལ་མ་ལག དེའི་མཚོན་བྱེད་རང་བཞིན་ལྡན་པ་ནི་བོད་རིགས་ཀྱི་རྒྱུད་སྤེལ་མ་ལག་དང་། སོག་རིགས་ཀྱི་རྒྱུད་སྤེལ་མ་ལག ཧོར་རིགས་ཀྱི་རྒྱུད་སྤེལ་མ་ལག སྦལ་ཏིའི་རྒྱུད་སྤེལ་མ་ལག་བཅས་ཡིན་ཞིང་། དེའི་ཐད་ནས་གོང་དུ་གླེང་མོལ་བྱས་ཟིན་པས་འདིར་བསྐྱར་དུ་མི་གླེང་བར་བྱ།
བཅར་འདྲི་བ། རྒན་ལགས་ཀྱིས་གླིང་སྒྲུང་རོལ་དབྱངས་ལ་རིག་གཞུང་གི་ངོས་ཐད་ནས་ཞིབ་འཇུག་བྱས་ཏེ་ཐུན་མིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད། གླིང་སྒྲུང་རོལ་དབྱངས་ཀྱི་གསར་རྩོམ་ཐད་ནས་ཀྱང་གྲུབ་འབྲས་མང་པོ་ཞིག་བླངས་འདུག་པས། དེའི་ཐད་ནས་གླེང་མོལ་ཅུང་ཙམ་བྱས་ན་ག་འདྲ་འདུག
རྒན་བཀྲ་ཤིས་དར་རྒྱས། ང་རང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པར་ལས་ཀར་ཞུགས་པ་ནས་བཟུང་རོལ་དབྱངས་གསར་རྩོམ་གྱི་ལས་ཀར་གཙོ་བོ་བཟུང་ཞིང་། དེའི་ཁྲོད་ཀྱི་གླིང་སྒྲུང་རོལ་དབྱངས་གསར་རྩོམ་གྱི་བརྩམས་ཆོས་ལ་འབྲེལ་ཡོད་ལས་རིགས་ཀྱི་ཁྲོད་ནས་དགའ་བསུ་ཆེན་པོ་ཐོབ་མྱོང་། དཔེར་ན། སྤྱི་ལོ༡༩༨༡ལོར་ཡུལ་ཤུལ་ཁུལ་ལས་ཞོར་འཁྲབ་སྟོན་རུ་ཁག་གིས་སྒྲིག་འཁྲབ་དང་ང་རང་གིས་དབྱངས་བརྩམས་པའི་གླུ་གར་རྒྱ་ནག་ཇ་རྫོང་འཁྲབ་སྟོན་བྱས། དེ་ནི་སྒྲུང་གླུའི་དབྱངས་རྟ་རྨང་གཞིར་བྱས་ཏེ་གླུ་གར་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་གླིང་སྒྲུང་གི་གླུ་གར་བརྩམས་ཆོས་གསར་རྩོམ་བྱས་པའི་ཐོག་མའི་ཚོད་ལྟ་ཡིན། དེ་ནས་སྤྱི་ལོ༡༩༨༥ལོ་དང་སྤྱི་ལོ༡༩༨༦ལོ་བར་དུ་སྟག་གཟིག་ནོར་རྫོང་གི་རོལ་དབྱངས་གསར་རྩོམ་བྱས་ལ། དེ་ནི་ཐོག་མའི་གླིང་སྒྲུང་རོལ་དབྱངས་དང་དེང་རབས་ཀྱི་ནུབ་ཕྱོགས་རོལ་ཆ་གཉིས་མཉམ་བསྲེས་ཀྱི་ཚོད་ལྟ་བྱས་པ་ཞིག་ཡིན། སྤྱི་ལོ༡༩༩༣ལོའི་ཟླ༩པར་ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པས་སྒྲིག་འཁྲབ་དང་ང་རང་གིས་དབྱངས་བརྩམས་པའི་གླུ་གར་ཆེན་མོ་འཁྲུངས་གླིང་སྤྱི་ཚོགས་ཡོངས་སུ་འཁྲབ་སྟོན་བྱས། སྤྱི་ལོ༢༠༠༣ལོར་གསར་རྩོམ་དང་བཀོད་འདོམས་བགྱིས་པའི་གླུ་གར་ཆེན་མོ་འཇང་ཕྲུག་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། སྔ་གཞུག་ཏུ་པེ་ཅིན་དང་ཟི་ལིང་སོགས་ཀྱི་ས་ཁུལ་དུ་འཁྲབ་སྟོན་ཐེངས་མང་བྱས་ཤིང་བྱ་དགའ་དང་གཟེངས་རྟགས་ཀྱང་མང་པོ་ཐོབ་མྱོང་། འདི་དག་ནི་ང་རང་གི་གྲུབ་འབྲས་ཉུང་ཙམ་ཞིག་ཡིན་པས་རྗེས་རབས་པ་རྣམས་ཀྱིས་མུ་མཐུད་དུ་གླིང་སྒྲུང་རོལ་དབྱངས་ཀྱི་གསར་རྩོམ་ཐད་འབད་པ་ཆེན་པོ་བྱས་ཏེ་གྲུབ་འབྲས་མང་པོ་ལེན་པར་རེ་བ་ཆེན་པོ་ཡོད། མདོར་ན། བོད་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་མཉམ་དུ་གླིང་སྒྲུང་རོལ་དབྱངས་ལའང་མཉམ་ལེན་ཆེན་མོ་ནས། སྣང་འཆར་རོལ་དབྱངས། མཉམ་སྒྲོག་རོལ་དབྱངས་སོགས་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཡིད་ཆེས་ཡོད་དོ། །
བཅར་འདྲི་བ། དེང་སྐབས་གླིང་སྒྲུང་གི་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་ཐབས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་རྒྱུན་འཛིན་གྱི་ཐབས་ལམ་སྣ་མང་ཞིག་ཏུ་གྱུར་ཡོད། རྒན་ལགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན་གླིང་སྒྲུང་རོལ་དབྱངས་ལ་འགྱུར་ལྡོག་ག་འདྲ་བྱུང་ཡོད་པ་དང་། ང་ཚོས་འགྱུར་ལྡོག་བྱུང་བའི་རྣམ་པ་དེ་དག་ལ་ཁ་གཏད་ཇི་ལྟར་བྱས་ན་འགྲིག་གམ།
རྒན་བཀྲ་ཤིས་དར་རྒྱས། དེང་སྐབས་གླིང་སྒྲུང་རོལ་དབྱངས་འཕེལ་རྒྱས་ཕྱིན་ནས་མི་རྣམས་ཀྱི་རོལ་མྱོང་གི་རེ་བ་དེ་བས་སྐོང་ཆེད། སྒྱུ་རྩལ་གྱི་རྣམ་པ་ལ་འགྱུར་ལྡོག་འགའ་ཞིག་ཕྱིན་ཡོད།
       གཅིག་ནི་འཆད་གྱེར་རྣམ་པ་སྣ་མང་ཅན་ཏེ། ཁེར་ལེན་ནས་མཉམ་ལེན་བྱེད་པར་འཕེལ་བ་དང་། དེ་ནས་འཁྲབ་སྟོན་པ་སོ་སོས་ལེན་པ། ལེན་མཁན་དེ་སྐྱེས་པ་དང་བུད་མེད་གང་ཡིན་ཡང་ཆོག་ལ། ཁོ་ཚོས་མཉམ་ལེན་ཡང་བྱས་ཆོག དེ་མིན་རམ་འདེགས་རོལ་མོ་མེད་ཀྱང་ཆོག་ལ། དམངས་ཁྲོལ་རོལ་དབྱངས་ཀྱིས་རམ་དཀྲོལ་བྱེད་པར་མ་ཟད། དེང་རབས་རོལ་ཆས་ཀྱིས་རམ་དཀྲོལ་བྱས་ཀྱང་ཆོག
       གཉིས་ནི་རོལ་དབྱངས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ། དེ་ནི་ལོ་རྒྱུས་སྙན་རྩོམ་གྱི་རང་སྟེང་གི་འཆད་གྱེར་གྱི་དབྱངས་རྟ་སྤྱད་ནས་ལེན་ཆོག་པ་མ་ཟད། འཆད་གྱེར་གྱི་རོལ་དབྱངས་གཞན་དག་སྤྱད་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆོག་ལ། ད་དུང་དམངས་ཁྲོད་ཀྱི་རོལ་དབྱངས་སོགས་སྤྱད་ནས་ལེན་པར་བྱེད། དཔེར་ན། གེ་སར་སྐོར་བྲོ་དང་གེ་སར་འབའ་གཞས་ལྟ་བུ་ཡིན།
       གསུམ་ནི་སྒྱུ་རྩལ་གྱི་རྣམ་པ་རྒྱ་བསྐྱེད་པ། འཆད་གྱེར་གྱི་རྣམ་པ་ཕུད། ད་དུང་ཁེར་ལེན་དང་། གླུ་གར། རོལ་དབྱངས་ཟློས་གར། གླུ་གར་ཟློས་གར། ཞབས་བྲོའི་ཟློས་གར། གཏམ་བརྗོད་ཟློས་གར་བཅས་དང་། དེ་བཞིན་དགོན་པའི་འཆམ་དང་། རྣམ་ཐར། དམངས་ཁྲོད་ཀྱི་གོ་བདེའི་གླུ་གར་འཁྲབ་སྟོན་སོགས་ཡོད། དེ་དག་གིས་ལོ་རྒྱུས་སྙན་རྩོམ་གྱི་རྩོམ་ལུས་ལས་འདས་པའི་གླིང་སྒྲུང་སྒྱུ་རྩལ་ཅན་དང་ཟློས་གར་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། དེ་ནི་གླིང་སྒྲུང་གིས་སྒྱུ་རྩལ་གཞན་དག་ལ་ཤུགས་རྐྱེན་ཐེབས་པ་དང་སྐུལ་འདེད་བཏང་བའང་མཚོན་ཐུབ།
       བཞི་ནི་འཁྲབ་སྟོན་གྱི་གཞི་རྒྱ་ཆེ་བ། དེང་རབས་གླིང་སྒྲུང་རོལ་དབྱངས་ཀྱི་མཚོན་ཚུལ་ནི་མི་གཅིག་གིས་ལེན་པ་ནས་ཐུན་མོང་གིས་ལེན་པ་དང་། སྒྱུ་རྩལ་རྐྱང་གཞས་ནས་ཕྱོགས་བསྡུས་ཀྱི་གར་སྟེགས་སྒྱུ་རྩལ་འཁྲབ་སྟོན་ཆེ་གྲས་སུ་གྱུར་ཡོད་པས། དེའི་ཁྱབ་ཁོངས་ཆེ་ཞིང་སྔར་བྱུང་མྱོང་མེད་པ་ཞིག་ཡིན།
       གོང་དུ་བཤད་པའི་འགྱུར་ལྡོག་དེ་དག་ནི་ང་རང་གིས་བསམས་ན་དགའ་འོས་པའི་གནས་ཚུལ་ཞིག་ཡིན་པར་སེམས། ཅི་ཡིན་ཟེར་ན། གླིང་སྒྲུང་ནི་ས་ཁོངས་དང་། མི་རིགས། རྒྱལ་ཁམས། དུས་རབས་བཅས་ལས་བརྒལ་ཞིང་། དེའི་སྒྲུང་གླུའི་དབྱངས་རྟ་མི་འདྲ་བའི་སྒོ་ནས་ལེན་པ་དང་། སྐད་རིགས་མི་འདྲ་བའི་ཐོག་ནས་བཤད་པ། རིག་གནས་མི་འདྲ་བའི་ངང་ནས་མངོན་པར་བྱེད་པ་བཅས་ཀྱི་རིན་ཐང་གཞལ་དུ་མེད་པའི་རྩ་ཆེའི་རིག་གནས་སུ་གྱུར་ཡོད་ལ། མི་རིགས་མང་པོའི་ཁྲོད་དུ་ཕུལ་བྱུང་རིག་གནས་འདི་ཉིད་སྤེལ་རེས་དང་མཉམ་འདྲེས་ཐུབ་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ཁྱད་ཆོས་ཤིག་དང་ངོ་མཚར་ཆེ་བའི་ཆ་དེའང་ཡིན་པར་བསམས་སོ། །
བཅར་འདྲི་བ། ལེགས་སོ། །རྒན་ལགས་ཀྱིས་དཀའ་ཚགས་འོ་བརྒྱལ་ལ་མ་འཛེམ་པར་ཡང་དང་བསྐྱར་དུ་དུས་ཚོད་མང་པོ་འཕྲོ་བརླག་བཏང་སྟེ་ང་ཚོའི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
       མཇུག་མཐར། རྒན་ལགས་ཀྱི་ལུས་ལ་ན་ཚ་མེད་པ་དང་། སེམས་ལ་སྡུག་བསྔལ་མེད་པ། བསམ་དོན་ཅི་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན་ནོ། །

རྩོམ་ཁུངས། «བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག» ༢༠༢༥ལོའི་དེབ༣པ།
 
རྩོམ་པ་པོ་ངོ་སྤྲོད།
       དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེ་མོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཚོགས་ཚན་རིག་ཁག་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གོ་དམངས་སྲོལ་སློབ་ཚོགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་ཚོགས། མཚོ་སྔོན་ཞིང་ཆེན་ཆེད་མཁས་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་སོགས་རིག་གཞུང་ཚོགས་པ༡༥ཡི་ཚོགས་མི་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བསམ་བློ་རིག་གནས་དྲིལ་བསྒྲགས་མངའ་ཁོངས་ཀྱི་གཙོ་གནད་ཤེས་ལྡན་མི་སྣའི་ཞིབ་དཔྱད་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་ཀྱི་ཆེད་མཁས་པ་སོགས་ཀྱི་འགན་ཁུར་ཡོད། ཀྲུང་གོའི་མི་རིགས་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་ལས་ཁུངས༣གསུམ་གྱི་གདན་ཞུ་གསར་འགོད་པ་ཡིན། ད་ལྟའི་བར་དུ་ལས་གཞི༢༤ལ་མགོ་འཛིན་དང་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི༤དང་། ཀྲུང་དབྱང་དྲིལ་བསྒྲིགས་པུའུ་ཡི་ལས་གཞི༡། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལས་གཞི༢། རང་འདེམ་ལས་གཞི༣བཅས་ལ་མགོ་འཛིན་བྱས། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་སོགས་རྒྱལ་ཁབ་རིམ་པའི་ལས་གཞི༡༤ལ་རོགས་སྒྲུབ་ཞིབ་འཇུག་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ༦༤སྤེལ་བ་དང་། རིག་གཞུང་ཆེད་དེབ༥དང་སྒྲུང་དཔེ༡༢ལེགས་སྒྲིག་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ༢༧ཐོབ་མྱོང་། སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་སྨྱན་བྱད་སྟེང་གསར་འགྱུར་དང་རྩོམ་ཐུང༡༢༡ལྷག་སྤེལ་པ་དང་། ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ་དང་། གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་རིག་མཛོད། གླིང་སྒྲུང་གྲངས་འཛིན་འཕྲིན་སྟེགས་སོགས་གསར་གཏོད་བྱས། ཐེངས༤༥ལྷག་ལ་ཡུལ་དངོས་བརྟག་དཔྱད་དུ་སོང་། ཐེངས༦༠ལྷག་ལ་རིག་གཞུང་ཚོགས་འདུར་ཞུགས། ཐེངས༢༠ལྷག་ལ་གསོ་སྦྱོར་འཛིན་གྲྭར་ཞུགས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཐོ་རིམ་གསར་གཏོད་ཤེས་ལྡན་པ་སྟོང་གི་འཆར་གཞིའི་རྩེར་སོན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་ཕུལ་བྱུང་ཤེས་ལྡན་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ། མཚོ་སྔོན་ཞིང་ཆེན་ཁུ་ནུའི་མཛངས་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མིའི་སྣེ་ཁྲིད་ཤེས་ལྡན་པ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ན་གཞོན་ཤེས་ལྡན་པ། མཚོ་སྔོན་ཞིང་ཆེན་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་མི་སྒེར། ཀྲུང་དབྱངས་རྩ་འཛུགས་པུའུ་ཡི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་སོགས་ལ་བདམས་ཡོད།
འབྲེལ་ཡོད་འོས་སྦྱོར།