སྒྲུང་མཁན་ཆོས་བཟང་དང་ཉེ་བར་བཅར་བ།
                    རྩོམ་པ་པོ།:གཟི་མིག་དགུ་པ།
                    ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
                    དུས་ཚོད།:2025-10-31
                    ཀློག་གྲངས།:
                        
                    
                
                                
                གཅིག
རྨི་ལམ་མངོན་སུམ་དུ་གྱུར་བའི་གཏམ་རྒྱུད་མག་མོག
རྨི་ལམ་མངོན་སུམ་དུ་གྱུར་བའི་གཏམ་རྒྱུད་མག་མོག
བཅར་འདྲི་མཁན། “འོ་སྐུ་ཁམས་བཟང་། ངའི་མིང་ལ་བསོད་ནམས་དཔལ་འབྱོར་ཟེར། པིར་མིང་དུ་གཟི་མིག་དགུ་པ་འབོད་ཀྱི་ཡོད། ད་ལྟ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཁུལ་སློབ་འབྲིང་གཉིས་པའི་དགེ་རྒན་ཞིག་ཡིན། ཁྱེད་སྒྲུང་མཁན་ཞིག་ཡིན་པ་གོ་ཐོས་བྱུང་ལ། མ་ཟད་སྒྲུང་མང་པོ་ཤོད་ཤེས་པ་དང་ད་ལྟ་ལྗོངས་རིམ་པའི་སྒྲུང་གཏམ་སྒྱུ་རྩལ་གྱི་རྒྱུན་འཛིན་མི་སྣ་ཡང་ཡིན་སྐད། དེར་བརྟེན་ཁྱེད་ལ་སྒྲུང་བབས་ཚུལ་དང་འབྲེལ་བའི་སྐོར་བཅར་འདྲི་ཞིག་བྱེད་དགོས་ཡོད། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་དང་ཁྱེད་ལ་ཐོག་མར་སྒྲུང་ཇི་ལྟར་བབས་ཚུལ་སྐོར་སོགས་ཡིད་ལ་ངེས་པ་གང་ཡོད་ངར་གསུང་རོགས། ངས་ཟིན་ཐོར་འདེབས་ཀྱི་ཡིན། ”
སྒྲུང་མཁན་ཆོས་བཟང་། “འོ་ལགས་སོ། །ངས་གང་དྲན་ཞུ་ཆོག ”
བཅར་འདྲི་མཁན། “འོ་ཡཱ་་་་་། བྱས་ན་གསུང་དང་། ”
སྒྲུང་མཁན་ཆོས་བཟང་། “ད་གང་ནས་འགོ་བརྩམས་ཏེ་འཆད་དགོས་མིན་མ་ཤེས། ཕལ་ཆེར་བོད་ཟླ་དྲུག་པའི་དབྱར་གཞུང་དེར་རེད། སྤང་ལ་མེ་ཏོག་བཀྲ་ཞིང་རི་ལུང་ཡོད་ཚད་རྩྭ་ཆུ་འཛོམས། གཡང་དཀར་ལུག་གི་འབའ་སྒྲ་དང་གནག་ཕྱུགས་ནོར་གྱི་ངུར་སྒྲ། འདོ་བ་རྟ་ཡི་འཚེར་སྒྲས་གནམ་སྔོན་དང་སྤྲིན་དཀར་བཤོས་པའི་མཐའ་ཡས་ཀྱི་རྩྭ་ཐང་དེའི་འཇིག་རྟེན་ཡོམ་ཡོམ་དུ་བསྒུལ་ཞིང་གཉིད་ལས་དཀྲོགས། སྦྲ་ནག་གི་ཆོན་ཐག་ཕྱོགས་བཞིར་བརྐྱངས་པའི་འབྲོག་སྡེ་རེ་རེའི་སྒོ་འགྲམ་དུ་ཕྱུར་ཐང་དང་ལུག་ཁྱུ་སྐར་ཚོགས་བཞིན་བཀྲ། རྫི་བོའི་གླུ་སྐད་ཀྱིས་རྩྭ་ཐང་དེའི་ལྷིང་འཇགས་དཀྲོགས་ཤིང་དཀར་ནག་འབའ་ངུར་གྱིས་ས་ཆེན་པོའི་གློ་སྙིང་འཕག་ཏུ་བཅུགས་པའི་དུས་ཚིགས་དེར། ཁོ་བོ་གཡང་དཀར་ལུག་གི་རྨིག་རྗེས་ཉུལ་ཏེ་རི་ལུང་གི་མཛེས་སྡུག་ཡོད་ཚད་འགམ་པའི་ནམ་ཟླ་ཞིག་རེད། དབྱར་གྱི་ལང་ཚོ་ཡིས་བསླུ་བྲིད་མོད་ལ་ཉི་མའི་དགྱེས་འཛུམ་གྱིས་སྐྱེ་འགྲོ་ཕལ་མོ་ཆེའི་ཚོར་ཤེས་རེ་ཞིག་གཉིད་ལམ་གྱི་ཡུལ་དུ་འཁྲིད་པའི་ཉིན་མོ་སྟེ། དེ་ནི་ཁོ་བོའི་མི་ཚེ་ཡི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་དང་རྨི་ལམ་ཞིག་གི་ཐོག་མ། དཀྱོགས་མཚམས་ཤིག་གི་ལེའུ་འགོ་བརྩམས་པ་རེད། དོན་དུ་ང་རང་སྐྱེ་བོ་ཕལ་པའི་ཚོར་ཤེས་ལས་བརྒལ་ཏེ་སྒྱུ་རྩལ་གྱི་ཞིང་ཁམས་ཉུལ་བའི་ཐེམ་སྐས་སམ། ཁོ་བོ་ལྷ་སྒྲུང་ཀློང་གི་འཇིག་རྟེན་གཞན་ཞིག་ལ་བསྙེགས་པའི་དུས་ཚིགས་དེའི་དཀར་ཆག་འབྲི་འགོ་ཚུགས་པ་འདྲ། ངའི་དྲན་པའི་ཡོལ་བའི་ངོས་སུ་གསལ་ལ་མི་གསལ་དུ་འཆར་བ་སྟེ། གང་ལྟར་དབྱར་གཞུང་དེའི་ཉིན་གཅིག་གི་ཆོ་འཕྲུལ་ལས་རང་ཉིད་སྒྱུ་རྩལ་དང་འཁྲུལ་སྣང་། འཆར་ཡན། རྟོག་འཆར། འཇིགས་སྣང་སོགས་ཀྱིས་བསྡུས་གཟུགས་ལས་གྲུབ་པའི་ཡ་མཚན་གྱི་ཞིང་ཁམས་ཤིག་ལ་ཆས་སོང་བ་རེད། གཉིད་དུ་ཡུར་ནས་ཡུན་རིང་མ་སོང་བར་བྱིས་དུས་ཀྱི་བག་ཆགས་ཀློང་དུ་གླིང་སྒྲུང་ཁྲོད་ཀྱི་དཔའ་རྟུལ་ཞེས་སེམས་ངོས་སུ་གསོན་ཉམས་ཀྱིས་ཡང་ཡང་འགྱིང་མྱོང་བའི་མི་ཕོ་ཞིག་གིས།བདག་ལུས་འགུལ་མེད་དུ་བསྣན་ཏེ་སྨྲས་དོན། ཁྱེད་ཀྱིས་གླིང་སྒྲུང་ཤོད་ཤེས་པའི་གཏམ་རྒྱུད་ཅིག་ཁོ་བོས་ཐོས་ནས་ཡུན་རིང་སོང་རུང་། དུས་དེ་རིང་བར་དུ་ཁྱོད་དང་འཕྲད་པའི་བསྐལ་བ་མ་ཐོབ། སྟེས་དབང་སྟབས་ལེགས་ཤིག་གམ་ལྷ་འདྲེའི་ཆོ་འཕྲུལ་ཞིག་ལས་དེ་རིང་འུ་གཉིས་འདི་ནས་འཛོམས་པ་རེད།”
       “ང་ནི་གླིང་གི་དཔའ་རྟུལ་ཞིག་ཡིན། ད་ནི་ཁྱོད་ཀྱིས་ངེས་པར་བདག་ལ་གླིང་སྒྲུང«མེ་གླིང»ཞིག་ཤོད་དགོས་”ཞེས་ཡང་ཡང་བསྐུལ་བས། མི་དེའི་སྐད་ཆ་ནི་ལྷ་མཐུ་བོ་ཆེ་ཞིག་གི་བཀའ་མངགས་ལྟར་ང་རང་གིས་དང་ལེན་མི་བྱེད་དཀའ་མེད་བྱུང་། དེ་མུར་ངའི་བྱང་ཁོག་ཀུན་དགའ་ར་བ་ནས་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ལ།ཉམས་དགའ་བའི་སྣང་བརྙན་ཡང་ཡང་འཆར་ཞོར་ཚོར་འདུ་ཤུགས་དྲག་གིས་ཐོལ་བྱུང་དུ་གླིང་སྒྲུང་ཞིག་ཀྱང་ཁ་ནས་འཆོར་བཞིན་གཉིད་ལས་སད། སྐབས་དེར་མི་ཕོ་དེ་རིམ་བཞིན་ཆུང་དུ་སོང་ནས་མཐར་བདག་གི་པུས་མོའི་ལྷ་ངར་འཐིམ་པ་བཞིན་གར་སོང་ཆ་མེད་དུ་གྱུར་ཟིན་པ་ནི་རྨི་ལམ་གྱི་འཁྲུལ་སྣང་ཙམ་ཞིག་རེད། དྲན་ཤེས་སོས་དུས་བདག་ལུས་ཡོངས་རྫོགས་རྔུལ་ཆུས་སྦག་སྟེ་དངངས་འདར་ཞིག་ངང་གིས་རྒྱས་བཞིན་འདུག་ལ།  ལུག་ཁྱུ་ནི་སྔར་བཞིན་རྩྭ་ཐང་གི་འཇིག་རྟེན་བསྒུལ་མཁན་དེ་རེད། དུས་དེ་ནས་བཟུང་བདག་གི་བླ་ཡིད་སེམས་གསུམ་ལ་སུ་ཞིག་ཞུགས་པ་ལྟར། སེམས་ཁམས་ལ་འཆར་སྒོ་ཅི་རིགས་འདུས་པའི་རྣམ་རྟོག་གི་དྲན་རིག་རྒོད་ཅིང་གླིང་སྒྲུང་ཁྲོད་ཀྱི་དཔའ་རྟུལ་དང་མ་སྲུ་མོ་སྨན། མི་ཆེན་བླ་དཔོན། རྫོང་ཆེན་རྫོང་ཆུང་ཁག་གི་མིང་དང་སྣང་བརྙན་ཅི་རིགས་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་གསལ་གསལ་དང་རབ་རིབ་ཀྱི་རི་མོ་ཇི་ལྟར་མངོན་ལ། ལན་རེ་གཉིད་ལམ་གྱི་ཀློང་ནས་འཇིག་རྟེན་ལས་འདས་པའི་གྲོང་ཁྱེར་གཞན་ཞིག་གི་འཚོ་བར་རོལ་འགྲོ་བ་ནི་རྨི་ལམ་སྒྱུ་མའི་མཐོང་སྣང་ཡང་ཡིན་ཆོག་ཅིང་ལྷ་སྲུང་གང་རུང་གི་མཐུ་ནུས་ཀྱང་ཡིན་ཆོག་པ་འདྲ། དུས་དེ་ནས་བཟུང་རང་ཡུལ་གྱི་ན་མཉམ་བྱིས་པ་དང་རྒན་དར་གཞོན་གསུམ་སུ་དང་འཕྲད་རུང་། གླིང་རྗེ་མི་ཡི་ཉི་མ། མི་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་འཁྲུངས་རབས་པདྨའི་སྡོང་པོ་ནས་ལྷ་གླིང་གབ་རྩེད་དགུ་སྐོར། རྟ་རྒྱུག་ནོར་བུ་ཆ་བདུན། ཧོར་གླིང་། མོན་གླིང་། འཇང་གླིང་སོགས་སྒྲུང་སྣ་ཅི་རིགས་ཐོལ་བྱུང་དུ་འཆད་ཐུབ་པ་དང་ཐོལ་བྱུང་དུ་ལེན་ཐུབ་པ་ཞིག་བྱུང་བ་འདི་ལ་ངག་རྒྱུན་དུ་འཆད་པའི‘སྒྲུང་བབས’ཞེས་པ་དེ་ཡིན་མིན་ཐེ་ཚོམ་གྱི་ཡུལ་དུ་གྱལ་རུང་། རྒྱུ་རྐྱེན་རྟེན་འབྲེལ་གང་ལ་བལྟས་རུང་ཁྱད་མཚར་དང་ཡ་མཚན་གྱི་གཏམ་རྒྱུད་ཅིག་བྱུང་བ་ནི་མངོན་གསལ་རེད། སོ་སྐྱེས་ཕལ་པ་ཚོའི་སྣང་ངོར་འདི་ནི་ལྷ་སྒྲུང་ཞིག་གི་གོ་རིམ་འཆད་སྟངས་ཁོ་ནར་གྱུར་འགྲོ་ཆོག་མོད། འོན་ཏེ། གནས་ཚུལ་འདི་ནི་གཏམ་རྒྱུད་ཅིག་གི་ལེའུ་འཆད་སྟངས་ཙམ་མ་ཡིན་པར་ངའི་མི་ཚེའི་ལོ་རྒྱུས་ནང་འཕྲད་པའི་དངོས་བྱུང་གི་གནས་ཚུལ་གསོན་པོ་ཞིག་རེད། ཡུལ་མི་ཚོའི་ཤོད་སྲོལ་ཞིག་ལ“བུ་ཚེ་རིང་ངམ་ཆོས་བཟང་ནི་བྱིས་པ་སྨྱོ་རྟགས་ཅན་ཞིག་རེད”ཅེས་པའི་མི་ཁ་ཞིག་སྐབས་དེའི་ཁོ་བོའི་ངན་མིང་དུ་གྲུབ་ཟིན་པ་འདྲ་ལ། འགའ་ཞིག་གིས‘ཆོས་བཟང་ནི་སྨྱོ་རྟགས་ཅན་ཁོ་ན་ཙམ་མ་ཡིན་པར་ལྷ་འདྲེ་ཁོག་ཞུགས་ཅན་དང་གཞི་བདག་གི་ཕོ་ཉ’ཡིན་པ་འདྲ་ཞེས་པ་ནི་དད་པ་ཅན་གྱི་སྣང་ངོར་ཁོ་བོར་ཚད་གཞན་ཞིག་འཇོག་པའི་སྣང་བརྙན་ཡང་ཡིན་པ་འདྲ། ལྟོས་བཅས་ཀྱིས་བཤད་ན། བདག་ལ་བཟང་ངན་ཅི་རིགས་ཀྱི་ལྟ་ཚུལ་ལས་བཟང་ཕྱོགས་ཀྱི་ངོས་འཛིན་འདོད་མཁན་ཅུང་མང་ཙམ་རེད། ངས་གླེང་ཕྱོགས་འདི་དག་ཡོད་ཚད་སྣང་མེད་དུ་བཞག་སྟེ་སྔར་བཞིན་རང་སེམས་ཀྱི་འཆར་སྒོ་ཇི་ལྟར་དུས་ངེས་མེད་དང་ཡུལ་ངེས་མེད་དུ་གླིང་སྒྲུང་འཆད་ཀྱིན་ལོ་ཟླ་ཞག་གིས་བཟས། དེ་ལྟར་མི་རིང་བར་རང་ཡུལ་གྱི་བླ་མ་འཕྲིན་ལས་ཀུན་ཁྱབ་རིན་པོ་མཆོག་གི་དྲུང་དུ་དབང་ལུང་མན་ངག་དང་ལྡན་པ་ཞུས་ཤིང་ཁོང་གིས་བཀའ་སྒོས་ཡང་ཡང་བསྩལ་རྗེས། བདག་རང་ཉིད་ཀྱང་ཉིན་ཞག་མང་པོ་མཚམས་བསྡམས་པས་སྒྲུབ་པ་གནད་དུ་སྨིན་པ་ཡིན་ན་འདྲ། དད་གདུང་རླབས་ཀྱིས་བླ་མའི་བྱིན་རླབས་སེམས་ལ་ཞུགས་པ་ཡིན་ན་ཆོགགང་ལྟར་ཉིན་དེ་ནས་བཟུང་ཁོ་བོ་སྔར་ལས་རིག་པ་དྭངས་གསལ་དུ་གྱུར་ཞིང་གླིང་སྒྲུང་ཅི་རིགས་ཤོད་རྒྱུར་ཐོག་པ་མེད་པར་གྱུར། སྐབས་དང་སྐབས་སུ་ཐོལ་བྱུང་དང་ཐོལ་བྱུང་དུ་གླིང་སྒྲུང་ཤོད་འདོད་སྐྱེས་ཏེ་ངག་ནས་ཡང་ཐོན་འགྲོ། དེ་ལྟར་ཡུལ་གྱི་འདུ་འཛོམས་ཏེ། ལོ་གསར་དང་རྟ་རྒྱུག ཆོས་ཚོགས། གཉེན་སྟོན། དབྱར་སྐྱིད། རྩེད་འཇོ་སོགས་ཅི་རིགས་ཀྱི་སྐབས་སུ་སྒྲུང་ཤོད་པར་བོས་པས་རང་ཉིད་ཀྱིས་ཀྱང་དགའ་འགུ་དང་ལེན་བྱས། དུས་དེ་ནས་བཟུང་ཡུལ་མི་ཚོས་ཀྱང་བདག་ལ་སྒྲུང་མཁན་ཡིན་པར་ངོས་འཛིན་གྱི་ཡོད། དེ་ལྟར་དབྱར་ཉི་དགུན་ལ་སྐྱེལ་ཞིང་དགུན་ལྷགས་དཔྱིད་ལ་གཏུགས་ཏེ་ཕ་ཡུལ་གསེར་གཞུང་གི་ནམ་ཟླ་ཚོད་མེད་འགམ་བཞིན་སྒྲུང་མཁན་ཞིག་གི་མིང་བྱང་འཁུར་མྱོང་བ་ཡིན།”

སྒྲུང་མཁན་ལགས་ལ་བཅར་འདྲི་གནང་བཞིན་པ།
གཉིས།
རང་བྱུང་མཛེས་སྡུག་གིས་བསྐྲུན་པའི་ཚོར་འདུ་རབ་རིབ།
གསུམ།
དུས་ཀྱི་འཕེལ་འགྱུར་གྱིས་བསྒུལ་བའི་རྐང་རྗེས་ཐར་ཐོར།
བཅར་འདྲི་མཁན། “འོ་ལགས་སོ། །མུ་མཐུད་གསུང་རོགས།”
སྒྲུང་མཁན་ཆོས་བཟང་། “དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་ནས་བཟུང་ནག་ཆུ་ནི་ཚོང་འདུས་ཤིན་ཏུ་ཆེ་བའི་ས་ཁུལ་ཞིག་ཆགས་ཤིང་དབུས་ཉི་མ་ལྷ་ས་ཚུན་དང་སྟོད་མངའ་རིས་སྐོར་གསུམ་མན། དགའ་དཔལ་ལྡན་ཆབ་མདོ་ཡན་གྱི་བོད་ཁམས་སོ་སོའི་ཡུལ་ཟོག་ཐོན་རྫས་དང་མི་སྣ་ཅི་རིགས་འཛོམས་ཤིང་གཏན་སྡོད་བྱེད་མཁན་ཡང་ཇེ་མང་དུ་སོང་བ་དང་ཆབས་ཅིག་ཚོང་འདུས་ཀྱི་ཡོ་ལང་རྒྱས་པ་རེད། ང་ཚོ་བྱང་རྒྱུད་འབྲོག་ཁུལ་གྱི་ཤ་མར་ཐུད་གསུམ་དང་བལ་ཁུ་རྩིད་གསུམ། ཀོ་པགས་ཚིལ་གསུམ། དེ་བཞིན་ཚྭ་དང་བུལ་ཏོག་སོགས་ཡུལ་ཟོག་ཐོན་རྫས་ཅི་རིགས་ཁྲོམ་རྭར་མཁོ་འདོན་བྱེད་ལ། ཤར་རྒྱུད་ས་མ་འབྲོག་ཁུལ་གྱི་ཡུལ་ལུང་ཁག་སོ་སོ་ནས། ནས་ཡུང་སྲན་གསུམ་དང་དབྱར་རྩྭ་དགུན་འབུ། རྫ་ཡུང་། འབྲུ་རིགས་དང་སྨན་སྣ་ཅི་རིགས་ཁྲོམ་རྭར་མཁོ་འདོན་བྱེད་ཅིང་སྟོད་སྨད་བར་གསུམ་དང་རྒྱ་བོད་ཧོར་གསུམ་གྱི་མི་ཚོགས་ཁ་བ་བཞིན་འབབ་ལ། ཚོང་འདུས་བུ་ཡུག་ལྟར་འཚུབ། སྐབས་དེར་ནག་ཆུ་ཁར་གཅིག་ནས་ཁྲོམ་ར་འཁྲུག་ཆ་དོད་པ་མ་ཟད། སྤྱི་སྒེར་གང་རུང་གིས་གཉེར་བའི་ཟ་ཁང་དང་ཇ་ཁང་། ཆང་ཁང་། སྒྲུང་ཁང་སོགས་ཆེ་ཆུང་ཅི་རིགས་ཡོད་པས་རང་རེའི་ས་ཁུལ་གྱི་སྒྲུང་པ་ཁག་ཅིག་ནི་ནག་ཆུ་ས་གནས་སུ་མཉམ་ལས་བྱས་ཏེ་སྒྲུང་ཁང་བཙུགས་ཤིང་ཕྱོགས་གཅིག་ནས་དཔལ་འབྱོར་ཡོང་འབབ་འཚོལ་བ་དང་ཕྱོགས་གཞན་ནས་སྐུ་མགྲོན་དགྱེས་པའི་གླིང་སྒྲུང་སྣ་ཚོགས་འཆད་ཀྱིན་ཡོད་པ་གོ་ཐོས་བྱུང་། མ་ཟད་སྒྲུང་མཁན་འགས་བཤད་པའི་སྒྲུང་ནི་སྒྲ་བསྡུ་འཕྲུལ་ཆས་བརྒྱུད་ནས་ཉན་ཐུབ་པ་རེད། དེ་བཞིན་ནག་ཆུ་ས་ཁུལ་གྱི་གེ་སར་རིག་གནས་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཞེས་པའི་དགའ་སྟོན་གྱི་ལྟད་མོ་ཆེན་པོ་ཞིག་ཀྱང་ལོ་ལྟར་ཟླ་བ་བརྒྱད་པའི་སྐབས་སུ་འཚོགས་ཤིང་ཕྱོགས་སོ་སོ་ནས་འདུས་པའི་སྒྲུང་པ་ཚོས་སྒྲུང་འཆད་དེ་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ། དུས་མཚུངས་ཕྱོགས་བཞིའི་སྐུ་མགྲོན་དང་འབྲེལ་ཡོད་ལས་ཁུངས་སོ་སོས་སྒྲུང་ལ་དོ་སྣང་ཆེ་རུ་སོང་ཡོད་པ་འདྲ། རྣམ་ཀུན་རླུང་འཕྲིན་དང་བརྙན་འཕྲིན་གྱི་བརྒྱུད་ལམ་ཁག་ནས་གླིང་སྒྲུང་ཉན་ཐུབ་པའི་བསྐལ་བ་ལྡན་ཞིང་གླིང་སྒྲུང་བླུགས་པའི་སྒྲ་ཐག་ཀྱང་ཉོ་ཐུབ་པ་རེད། དེ་ནི་རིམ་པ་ཁག་གི་འབྲེལ་ཡོད་དབུ་ཁྲིད་དང་སྤྱི་ཚོགས་ཧྲིལ་པོས་གླིང་སྒྲུང་ལ་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་པའི་མངོན་རྟགས་ཡིན་པ་མ་ཟད། གླིང་སྒྲུང་ནི་རང་རེའི་མེས་རྒྱལ་གྱི་རིག་གནས་བང་མཛོད་དུ་འོད་སྟོང་འཚེར་བའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱིན་དེར་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བཅས་གཏོང་ཤུགས་ཆེ་རུ་སོང་། ཁོ་བོ་ཡང་སྤྱི་ཚོགས་ཀྱི་རྣམ་པ་དེ་ལྟ་བུར་འགྲོགས་ཏེ་རང་ཡུལ་དང་མི་རིང་བའི་བྱང་ནག་ཆུ་ཁར་ཡོང་ནས་སྒྲུང་འཆད་འགོ་བརྩམས་པ་ཡིན།”
བཅར་འདྲི་མཁན། “ཨ་ལགས། ཁྱེད་ཀྱིས་སྒྲུང་མཁན་གཞན་གྱི་སྒྲུང་ལ་ཉན་ཏེ་རང་གིས་སྒྲུང་ཤོད་པ་ཨེ་རེད།”
སྒྲུང་མཁན་ཆོས་བཟང་། “མ་རེད། མ་རེད། གོང་དུ་ཞུས་པ་བཞིན་ང་སྔར་ནས་སྒྲུང་བབས་པ་རེད། ང་ལ་མཚོན་ན། དེ་སྔོན་ཕ་ཡུལ་གྱི་རི་གྲོང་ཆུང་ཆུང་དེར་གླིང་སྒྲུང་འཆད་དེ་ལོ་མང་སོང་མོད། ད་ལྟ་ནི་ཁོར་ཡུག་དེ་ལས་ཁོར་ཡུག་གཞན་ཞིག་བརྒལ་བ་རེད་ལ། ད་ལྟ་ངའི་སྒྲུང་ཉན་མཁན་ནི་རང་ཡུལ་གྱི་འབྲོག་དམངས་དཀྱུས་མ་དེ་ཚོ་ཙམ་མ་ཡིན་པར། སྟོད་སྨད་བར་གསུམ་གྱི་མི་ཚོགས་རེད། ཐོག་མར་ངས་སྒྲུང་ཤོད་ས་ད་ཡོད་ནག་ཆུ་ས་གནས་སློབ་འབྲིང་གི་གཡས་ཟུར་སྒྲུང་ཁང་ཞིག་ཏུ་སྒྲུང་བཤད་དེ་བསྡད་པ་ཡིན། སྐབས་དེར་ངའི་སེམས་སུ་རང་ལ་འབབ་པའི་སྒྲུང་རྣམས་དེ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ནས་དཔར་དུ་བསྐྲུན་པའི་དཔེ་ཆའི་ནང་གི་གླིང་སྒྲུང་ཁག་གི་ནང་དོན་དང་འདྲ་ཡོད་མེད། སྒྲུང་པ་གཞན་པ་ཚོས་ཇི་ལྟར་འཆད་བཞིན་ཡོད་མེད་སོགས་ལ་མཐུན་མིན་མ་བལྟོས་པར། རང་ཉིད་ཀྱི་སེམས་སུ་ཇི་ལྟར་ཤར་པ་དག་ཐད་ཀར་འཆད་ཅིང་གླུ་རུ་བླངས་པ་ཡིན། སྐབས་དེར་ངས་དགུ་སེང་དྲུག་འགྱུར་དང་ཁྲོམ་ཆེན་ཟིལ་ནོན། དལ་འབབ་རིང་མོ་དང་ཐ་ལ་དྲུག་འགྱུར་སོགས་གླིང་གི་དཔའ་རྟུལ་དང་མ་སྲུ་མོ་སྨན་གྱིས་གཙོས་ཧོར་འཇང་མོན་གསུམ་དང་། བདུད་སྟག་གྲུ་གསུམ་སོགས་ཀྱི་རྒྱལ་བློན་ཁག་གི་ངག་རྟ་མི་འདྲ་བ་སུམ་བརྒྱ་ལྷག་ཙམ་འགུགས་ཤེས་པའི་ཁར། «བདུད་གླིང» «ཧོར་གླིང» «འཇང་གླིང» «མོན་གླིང» «སྟག་གཟིག» «བྱེ་གླིང» «ཨ་བྲག་གཟི་རྫོང» «ལྷ་གླིང་གབ་རྩེང་འགུ་སྐོར» «འཁྲུངས་གླིང་པདྨའི་སྡོང་པོའམ་མེ་ཏོག་ར་བ»སོགས་རྒྱལ་ཁབ་མ་འདྲ་བ་དྲུག་ཅུ་ལྷག་གི་སྒྲུང་ཤོད་པར་ཐོག་པ་མེད། དེ་བཞིན་སྐབས་དེའི་སྤྱི་ཚོགས་ཡོངས་ཀྱིས་གླིང་སྒྲུང་ལ་དད་མོས་དང་དགའ་ཞེན་ཆེན་པོ་ཡོད་པ་རེད། ངས་དེ་ལྟར་ལོ་གཉིས་ཙམ་རིང་སྒྲུང་ཁང་དེར་སྒྲུང་འཆད་དེ་བསྡད་པ་ཡིན།”
བཞི།
གྲུབ་འབྲས་རེ་འདུན་ལ་བཏགས་པའི་གཏམ་གླེང་ཐན་ཐུན།
སྒྲུང་མཁན་ཆོས་བཟང་། “སྤྱི་ལོ2002ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ངས་བཤད་པའི་སྒྲུང«ཨ་བྲག་གཟི་རྫོང»ཆ་ཚང་སྒྲ་ཐག་ཏུ་ཕབ་སྟེ་ཉར་ཚགས་བྱས་སོང་། སྐབས་དེར་ང་ཡང་དགའ་ཚོར་ཆེན་པོ་བྱུང་། ད་ཆ་སྒྲུང་དེ་དཔེ་གཟུགས་སུ་བསྐྲུན་ཡོད་མེད་ནི་མ་ཤེས། དེ་མིན་ཧོར་གླིང་དང་ཤིང་ཁྲི་དམུ་སྐས་གཅོད་ས། ཧོར་གུར་དཀར་གཉའ་སྒ་གཏོད་ས། ས་དམ་སྲོག་རྩ་གཅོད་ས་སོགས་རྟག་ཏུ་འཆད་ཀྱི་ཡོད་ལ། ཉན་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་མྱོང་། 2005ལོར་ད་ལྟ་ནག་ཆུ་ས་ཁུལ་བདེ་འཇགས་ཁྲོམ་རྭའི་ཟུར་དུ་སྒྲུང་ཁང་ཞིག་བཙུགས་ཏེ་སྒྲུང་འཆད་པ་ཡིན། སྐབས་དེར་དམངས་ཁྲོད་ཀྱི་ཉན་པ་པོ་མང་པོས་བདག་གི་སྒྲུང་ལ་དགའ་བསུ་ཆེན་པོ་ཐོབ་མྱོང་ལ། འུད་ཅུང་ཙམ་བཤད་ན་ངའི་སྒྲུང་ལ་སྐད་གྲགས་ཀྱང་གང་འཚམ་བྱུང་བ་རེད།”
བཅར་འདྲི་མཁན། “ལགས་སོ། །ཧ་ཅང་ཡག་པོ་རེད་ཟིག། མུ་མཐུད་གསུང་དང་།”
སྒྲུང་མཁན་ཆོས་བཟང་། “འོ་་་་། མ་ཟད་རང་ཉིད་མི་སྒེར་གྱི་འཚོ་བའི་ཡོང་འབབ་ཀྱང་གླིང་སྒྲུང་ལ་བརྟེན་ནས་བྱུང་ཞེས་བཤད་ན་མི་འགྲིག་པ་མེད། དེ་རྗེས་སྤྱི་ལོ2006ལོའི་ཟླ་བ་གསུམ་པར་ས་གནས་སྲིད་གྲོས་དང་རིག་གནས་ཅུད། མང་ཚོགས་སྒྱུ་རྩལ་བཅས་ལས་ཁུང་ཁག་གི་དབུ་ཁྲིད་རྣམས་ཀྱིས་ནག་ཆུ་ས་ཁུལ་གྱི་སྒྲུང་མཁན་བཞི་བཅུ་ཙམ་ལ་ཡིག་རྒྱུགས་བཏང་སྟེ་འདེམ་སྒྲུག་བྱས་དུས་ཁོ་བོ་ནི་ཨང་དྲུག་པ་ཐོབ་པ་ཞིག་ཡིན། དེ་ནི་སྒྲུང་མཁན་ཚོ་ལ་ཚད་ངེས་ཅན་ཐོག་ནས་བསམ་བློའི་བྱང་ཚད་དང་སྒྲུང་འབབ་ཚུལ། དེའི་འཆད་ཁུངས། མི་སྣ་ངོ་སྤྲོད། དྲི་བ་དྲི་ལན། གླིང་སྒྲུང་ཐོལ་ལེན་བཅས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ཡིག་རྒྱུགས་གཏོང་བ་ཞིག་རེད། བདག་རང་ལ་སྒྲུང་པ་གཞན་གྱི་ཤོད་ཚུལ་དང་ལྟ་སྟངས་ལས་བརྒལ་བའི་དམིགས་བསལ་གྱི་སྒྲུང་ཞིག་ཡོད་པ་ནི། འདན་མ་གླིང་ལ་འབྱོར་ཚུལ་སྐོར་དེ་རེད། དེ་ནི་གླིང་སྒྲུང་གཞན་གྱི་ཁྲོད་དུ་མེད་པ་ཞིག་རེད་ལ། ཁོ་བོའི་ཐུན་མིན་གྱི་སྒྲུང་ཞིག་ཡིན་ཟེར་ན་ཡང་འགྲིག་ཡོད་སྙམ། ཞིབ་པར་གསན་འདོད་ན་ཕྱིས་སུ་ངས་སྒྲ་ཐག་ཅིག་ཕུལ་ཆོག་ལ། རང་ཉིད་ཀྱི་རེ་བར་སྒྲུང་དེ་ཡིག་ལམ་དུ་ཕབ་སྟེ་དེབ་གཟུགས་ཤིག་དཔར་ཐུབ་ན་སྔར་ཡོད་བོད་ཀྱི་གླིང་སྒྲུང་གི་སྟོང་ཆ་ཞིག་ཀྱང་སྐོང་ཐུབ་ཀྱི་རེད་སྙམ་ཡོད། དེ་ནི་རེ་བ་དང་བསམ་ཚུལ་གཞན་ཞིག་ཡིན།”

       “ལགས་སོ། །འོ་་་། ད་དུང་ཞུ་འདོད་པ་ཞིག་ལ། ངས་སྒྲུང་ཤོད་དུས་ཁོར་ཡུག་ལ་དབྱེ་བ་ཆེན་པོ་འདུག ཁོར་ཡུག་ལ་ལར་སྒྲུང་འཆད་སྐབས་རིག་པ་ཤིན་ཏུ་དྭངས་ཤིང་ཐོལ་བྱུང་ཐོལ་བྱུང་དུ་ཚོར་འདུ་རྣོ་ངར་ཅན། འཆར་སྣང་ཤུགས་དྲག་ཏུ་ཕྱུང་སྟེ་སྐབས་སུ་འཆད་བྱའི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དག་ཀྱང་རང་གི་སྣང་ངོར་ཝ་ལེར་འཆར་ཡོང་གི་འདུག། ཁོར་ཡུག་ལ་ལར་རིག་པ་འཐིབ་ཅིང་ཚོར་བ་མི་གསལ་བ། ཐ་ན་མགོ་བོ་ཡང་ན་བཞིན་འདུག། གནས་ཚུལ་འདི་ཇི་ལྟར་འགྲེལ་དགོས་མིན་དང་སྒྲུང་མཁན་གཞན་ལ་དེ་ལྟ་བུའི་སྣང་ཚུལ་ཡོད་མེད་ནི་ཞུ་ཤེས་མ་སོང་། ང་ནི་ཡི་གེ་མི་ཤེས་པའི་མི་ཞིག་ཡིན། ངས་སྒྲུང་གི་འབྱུང་ཁུངས་དང་ལོ་རྒྱུས་ཟེར་ནས་རྒྱས་འགྲེལ་གང་ཡང་བྱེད་ཤེས་ཀྱི་མེད། འོན་ཏེ། ཡུན་རིང་པོར་བསམ་བློ་འདོན་སྐབས་གླིང་སྒྲུང་ཁྲོད་ཀྱི་མི་སྣ་མང་པོའི་གཤིས་ཀ་དང་རིགས་རུས་འཆད་ཁུངས་ནི་རང་ཅག་བོད་མི་རིགས་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག་སྟེ། དཔེར་ན། འགྲུ་དགའ་སྡེ་ཆོས་སྐྱོང་བེར་ནག་དང་ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ལྟ་བུ་གླིང་ལྷ་སྡེའི་ཆེ་རྒྱུད་འབྲིང་རྒྱུད། ཆུང་རྒྱུད་དང་བཅས་པ་ཚང་མ་བོད་ཀྱི་རུས་ཆེན་དང་འབྲེལ་བ་ཡོད་ཅིང་། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་ནི་དཔའ་སྙིང་སྟོབས་ལ་འགྲན་ཟླ་བྲལ་ཞིང་གཞུང་རྒྱུད་དྲང་རུང་། གླེན་ཞིང་ཨུ་ཚུགས་ཆེ་བ་དེས་ཁམས་ཀྱི་མི་གཤིས་དང་ཤིན་ཏུ་མཐུན་འདུག་བསམས། ཐབས་དང་ཇུས་བཀོད་མཁས་པའི་སྤྱི་དཔོན་ནི་མི་ཆེན་བློ་གྲོས་མངའ་བའི་ཇུས་དཔོན་ཏེ་བོད་ཀྱི་རྒན་རབས་རྣམས་དང་མཐུན་པ། ཁྲོ་ཐུང་ནི་ཕན་ཚུན་དབྱེན་སྦྱོར་དཀྲུགས་ཤིང་ལ་དགའ་མཁན་ཏེ་བོད་ཀྱི་དམངས་ཁྲོད་དུ་མི་འགའ་ཞིག་གི་བསམ་བློའི་ཚབ་མཚོན་ཡང་བྱེད་ཐུབ་པ་ལྟ་བུ་རེད། དེ་བཞིན་ཁ་མཁས་ལྕེ་བདེ་ཅན་གྱི་བོད་ཕྲུག་མི་ཆུང་ཁ་བདེ་སོགས་ཀྱི་ངག་ནས་ཐོན་པའི་གཏམ་དཔེ་དང་གཤིས་སྤྱོད་ཚང་མ་བོད་མི་རང་དང་མཐུན་ཤས་ཆེ་བ་ཤ་སྟག་མངོན་བཞིན་འདུག ངས་གླིང་སྒྲུང་ནི་མི་མངོན་པའི་ལྷ་ཆེན་པོ་ཞིག་གིས་ལུང་བསྟན་འོག་བྱུང་བ་རེད་ཅེས་ཤོད་པར་མི་སྤོབས་ལ། རྟོག་བཟོ་སྒྲོ་འདོགས་ཁོ་ནས་འཆད་པའམ། དཔེ་ཆ་ངག་སྐྱོར་བཏང་ནས་བླངས་པ། ཡང་ན། གཞན་གྱི་འཆད་ཟིན་པ་ཁག་ཐོས་པ་བསགས་རྗེས་བསྐྱར་དུ་ལེན་པ་རེད་ཅེས་དེ་བས་ཀྱང་བརྗོད་མི་ཕོད། དེ་ནི་རིག་གཅིག་མཁས་དབང་དང་ཞིབ་འཇུག་པར་དབང་བའི་ཕྱག་ལས་ཤིག་རེད་ལ། སྒྱུ་རྩལ་དེས་རང་རེའི་མི་རིགས་དང་རྒྱལ་ཁབ་ཀྱི་རིག་གནས་ལ་ཕན་ཐོགས་ཡོད་མེད་སོགས་ལ་བསམ་གཞིག་བཏང་རྗེས་ཐག་གཅོད་དགོས་པ་ཞིག་རེད་སྙམ་ཡོད། དེ་མིན་རང་ཉིད་ལ་མཚོན་ན། སྒྲུང་འབབ་ཚུལ་ནི་གོང་དུ་ཞུས་ཟིན་པ་བཞིན་རེད། གཞན་མང་པོ་ཤེས་མ་སོང་། ཉེ་བའི་ལོ་ཤས་སྔོན་ནག་ཆུ་ཁུལ་གྱིས་སྒྲུང་མཁན་མང་པོ་འདེམ་སྒྲུག་བྱས་ཏེ། དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་གཏོགས་གེ་སར་རྒྱལ་པོའི་སྒྲུང་པའི་ཤུལ་འཛིན་མི་སྣ་མང་པོ་གསོ་སྐྱོང་བྱས་པའི་ཁོངས་སུ་ཁོ་བོ་ཡང་ཚུད་ཅིང་ད་ལྟ་ལྗོངས་རིམ་པའི་སྒྲུང་མཁན་ཞིག་ཡིན། རྒྱུ་དེ་དག་ལ་བརྟེན་ནས་ད་ལྟ་ངའི་ཕུགས་འདུན་དང་དམིགས་ཡུལ་ལ་འགྱུར་བ་ཆེན་པོ་ཐེབས་སོང་འདུག། སྔར་སྒྲུང་རྐྱང་པ་བཤད་ནས་མི་ཚེ་རྫོགས་རྒྱུའི་བསམ་བློ་ལས་བརྒལ་ཏེ། ད་ནི་སྒྲུང་གཏམ་སྒྱུ་རྩལ་གྱི་ཤུལ་འཛིན་མི་སྣ་ཞིག་བྱས་ཏེ་གླིང་སྒྲུང་གི་ལམ་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་རིག་གནས་ལ་ཞབས་ཕྱི་ཞུ་བ། དེ་བཞིན་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་སྒྲུང་གཏམ་སྒྱུ་རྩལ་འདི་ངོ་སྤྲོད་དང་བྱས་ཏེ་སྤྲོ་སྣང་སྦྱིན་ཐུབ་ན་སྙམ་ཡོད། ལྷག་པར་དེ་སྔོན་ཡིག་ཐོག་ཏུ་མེད་པའི་འདན་མ་གླིང་ལ་ཕེབས་ཚུལ་སྐོར་གྱི་སྒྲུང་དེ་དཔེ་གཟུགས་ཤིག་བསྐྲུན་ནས་འགྲེམ་སྤེལ་ཐུབ་ན་སྙམ་ཡོད། སླད་ཕྱིན་རང་ཉིད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྒྲུང་གཏམ་སྒྱུ་རྩལ་ལ་རྒྱུད་འཛིན་དང་དར་སྤེལ་གཏོང་འདོད་ཆེ། ད་དེ་ཙམ་ཡིན།  འོ་ཁ་བྲོ་བཀྲ་ཤིས།”
བཅར་འདྲི་མཁན། “འོ་ལགས་སོ། །བཀའ་དྲིན་ཆེ།”
༢༠༢༠ལོའི་ཟླ༥པར།
རྩོམ་འདི་ནག་ཆུའི་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་གེ་སར་སྒྲུང་པའི་ངག་བརྗོད་ལོ་རྒྱུས«སྒྱུ་རྩལ་གྱི་མི་ཚེ»ལས་བཏུས།
                འབྲེལ་ཡོད་འོས་སྦྱོར།
                
            
         
             
                 
            
