logo

༄༅། །བོད་ཀྱི་ཉེར་རབས་སྒེར་པའི་ལོ་རྒྱུས་དང་འབྲེལ་བའི་གཏམ།

རྩོམ་པ་པོ།:ཤ་སྦྲང་སྒྲོལ་མ་སྐྱབས། བློ་བཟང་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-20 ཀློག་གྲངས།:
༄༅། །བོད་ཀྱི་ཉེར་རབས་སྒེར་པའི་ལོ་རྒྱུས་དང་འབྲེལ་བའི་གཏམ།
                                          —མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།
ཤ་སྦྲང་སྒྲོལ་མ་སྐྱབས། བློ་བཟང་།
          
པ་ཚབ་པ་སངས་དབང་འདུས། གཞིས་རྩེ་ཞོལ་ནས་ཡིན་ཞིང་། པ་ཚབ་པ་ཞེས་པའི་ཁྱིམ་དུ་འཁྲུངས། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་དེ་ལྟར་ཐོགས་པ་ལས་རུས་ཀྱི་མིང་ཡིན་མིན་རྩད་ཁུངས་མ་ཆོད་གསུངས། བྱིས་པའི་དུས་ནས་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་ཀ་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས། སྤྱི་ལོ1966ལོར་ལྷ་ས་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱུང་། སྤྱི་ལོ1969ལོའི་ཟླ9པ་ནས་ལོ་གཅིག་དང་ཟླ་བ་གསུམ་རིང་གཞོན་ནུ་ཤེས་ཡོན་ཅན་གྱི་མིང་ཐོག་ནས་སྟོད་ལུང་ལམ་པ་གྲོང་ཚོར་ཞིང་ལས་གནང་། དེ་རྗེས་ལོ་དགུའི་རིང་ལྷ་ས་གྲོང་ཁྱེར་ཆུ་བེད་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་མི་སྣ་ཞེས་པའི་ལས་གནས་བཞེས། སྤྱི་ལོ1980ལོར་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་སྐུ་ཚེའི་ལོ་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་གི་ཡི་གེ་དང་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། ཉེ་རབས་དབུས་གཙང་སྒེར་པའི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་དང་སྦྲགས་རྩོམ་འབྲི་གནང་དང་གནང་མུས་ཐོག བོད་རྒྱ་ཡིག་རིགས་གཉིས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་དང་དཔྱད་རྩོམ་འབོར་ཆེན་སྤེལ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་མུས་ཡིན།

གནད་བསྡུས། རྩོམ་འདིར་ཉེ་ཆར་བོད་རིག་པའི་མཁས་དབང་སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བརྩམས་གནང་མཛད་པའི«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པའི་གསུང་རྩོམ་གྱི་བརྗོད་བྱ་དཀྱུས་སུ་བཟུང་སྟེ། སློབ་དཔོན་ཁོང་ལ་བཅར་འདྲིའི་རྣམ་པའི་ཐོག་ནས་དགའ་ལྡན་ཕོ་བྲང་ས་གནས་སྲིད་གཞུང་དུས་སྐབས་ཀྱི་སྒེར་པ་དྲག་འབྲིང་དཀྱུས་གསུམ་སྟེ། ཡབ་གཞིས་དང་། སྡེ་དཔོན། མི་དྲག སྒེར་པ་བཅས་ཀྱི་ཁྱིམ་རྒྱུད་ལོ་རྒྱུས་རགས་ཙམ་མཚམས་སྦྱོར་དང་སྦྲགས། སྒེར་པའི་ལས་གནས་གོ་མིང་དང་། ཆོ་ལོའམ་མཚན་གནས། གནས་རིམ། གཞིས་ཀ ས་ཞིང་། གཉེན་སྒྲིག་ལམ་སྲོལ་སོགས་ཇི་འདྲ་ཡིན་མིན་སྐོར་བྲིས་འདུག
གནད་ཚིག ཆིང་རྒྱལ་རབས་ཀྱི་བོད་སྐྱོང་སྲིད་ཇུས། བོད་ཀྱི་སྐུ་དྲག གནས་རིམ། གཞས་ཀའི་དཔལ་འབྱོར།

       སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ཞིབ་འཇུག་ལྷན་ཚོགས་ཀྱི་དབུ་འཛིན་སྐུ་གཞོན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་བཅས་ཀྱི་འགན་བཞེས་ཐོག་སྔ་ཕྱིར་ཨ་རིའི་ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོ་དང་། དབྱིན་ཇིའི་ཁེམ་བྷི་རི་ཇི་སློབ་གྲྭ་ཆེན་མོ། ཨོ་སི་ཁྲུ་རི་ཡ་བོད་རིག་པ་དང་ནང་ཆོས་ཞིབ་འཇུག་ཁང་གི་གདན་ཞུས་དགེ་རྒན་ཆེན་མོ་སོགས་ཀྱི་ཐུགས་འགན་བཞེས་མྱོང་། མཁས་དབང་ཁོང་གིས་ད་ལྟའི་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་ཡི་གེ །གནའ་བོའི་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱས་པའི་འབྲས་རྟགས་སུ་བརྩམས་ཆོས་མང་དུ་བཞུགས་པ་ལས་བོད་ཡིག་སྐོར་ལ་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་སྒྲིག་དང་། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས། གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ ། བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག ལོ་རྒྱུས་ས་མིང་བརྡ་འགྲེལ། བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས་བཅས་ཡོད། རྒྱ་ཡིག་ལ་ཉིང་ཁྲིའི་ལོ་རྒྱུས་གབ་པ་མངོན་ཕྱུང་དང་། དབའ་བཞེད་ཀྱི་འགྱུར་མཆན། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་རྒྱ་ཡིག་པར་མ། སྤུ་རྒྱལ་ལོ་རྒྱུས་ཡིག་ཚང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་བདམས་སྒྲིག་བཅས་ཡོད། ཕྱི་གླིང་པའི་མཁས་དབང་དང་མཉམ་ལས་ཐོག་དབའ་བཞེད་དང་། ཤེལ་དཀར་ཆོས་འབྱུང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་མཛད་རྣམ་ངོ་མཚར་དགའ་སྟོན། འཆི་མེད་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་བཞི་དབྱིན་ཡིག་ཏུ་བསྒྱུར་ནས་མཆན་དང་སྦྲགས་མ་ཡོ་རོབ་ཏུ་པར་སྐྲུན་བྱས་པ་སོགས་བོད་རྒྱ་དབྱིན་གསུམ་གྱི་ཆེད་དེབ་བཅུ་ཕྲག་ལྷག་བརྩམས་གནང་མཛད་པ་དང་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ་ཡོད། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དང་། ཟི་ཁྲོན་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་ཏུན་ཧོང་ཐུའུ་ལུ་ཧྥན་རིག་གཞུང་ཚོགས་པའི་གྲངས་ཉུང་མི་རིགས་ཡིག་རིགས་ཆེད་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡོད་པའི་ཆེད་ལས་མཁས་དབང་སོགས་ཀྱི་ཐུགས་འགན་བཞེས་ཡོད་པ་དང་། 2023ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་འགངས་ཆེན། ཆིང་རྒྱལ་རབས་དུས་ཀྱི་བོད་འབྲེལ་སྐད་རིགས་སྣ་མང་གི་རྡོ་བརྐོས་དང་ཡིག་ཚང་ཞིབ་འཇུག་ཅེས་པའི་ལས་གཞིའི་རྣམ་གྲངས་གཙོ་སྐྱོང་བྱེད་བཞིན་ཡོད།
བཅར་འདྲི་བ། ཐོག་མར་རྒན་ལགས་ཀྱི་རིག་གཞུང་དཔྱད་འབྲས་གསར་པ་སྟེ«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པ་པར་སྐྲུན་འགྲེམ་སྤེལ་གནང་བར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། དེ་དང་འབྲེལ་ནས་ཐོག་མར་རྒན་ལགས་ཀྱིས་ང་ཚོར་ཆེད་དེབ་འདི་ཉིད་རྩོམ་པའི་ཀུན་སློང་སྐོར་རགས་ཙམ་གསུངས་རོགས་གནང་།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། དེབ་འདི་འདྲ་ཞིག་འབྲི་དགོས་པའི་ཀུན་སློང་ནི་གཅིག་ནས་བོད་དབུས་གཙང་ཁུལ་གྱི་སྒེར་པའི་ཁྱིམ་རྒྱུད་ནི་དགའ་ལྡན་ཕོ་བྲང་སྲིད་དབང་འོག་གི་བོད་རྙིང་པའི་དབང་འཛིན་ཤོག་ཁག་གི་གྲུབ་ཆ་གཙོ་བོ་ཡིན་པས། སྒེར་པའི་ཁྱིམ་རྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་ཤེས་རྟོགས་བྱ་ཐུབ་ཚེ། བོད་ཀྱི་ཉེ་རབས་ལོ་ངོ་སུམ་བརྒྱ་ཙམ་གྱི་སྲིད་དོན་འཕེལ་རིམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཕན་པ་ཐོན་རྒྱུ་ཡིན་པ་གདོན་མི་ཟ། གཉིས་ནས་ད་བར་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་བོད་ཀྱི་སྒེར་པ་རྐྱང་པའི་ལོ་རྒྱུས་དེབ་ཐེར་ཧ་ལམ་མཐོང་ལམ་དུ་མ་གྱུར། ཕྱི་རྒྱལ་དུ་ཊན་མག་དང་དབྱི་ཊ་ལིའི་བོད་རིག་པ་ཞིབ་འཇུག་པས་དབྱིན་ཡིག་ཐོག་ནས་དེབ་གཉིས་བརྩམས་ཡོད། དབྱི་ཊ་ལིའི་ཞིབ་འཇུག་པའི་དེབ་དེ་དགེ་རྒན་ཆེན་མོ་ཧྲན་ཨུད་རུང(沈卫荣)གིས་རྒྱ་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་བྱས། དེ་མིན་བོད་ཕྱི་ནང་དུ་སྒེར་པའི་མི་ངོ་འགའ་ཡིས་བོད་ཡིག་དང་དབྱིན་ཡིག་ཐོག་ནས་སྒེར་པའི་ཁྱིམ་ཚང་གི་མིང་གྲངས་དང་རང་གི་ཁྱིམ་ཚང་ལོ་རྒྱུས་སོགས་འགའ་པར་འདེབས་བྱས་ཡོད་པ་ལས་སྒེར་པ་ཁྱོན་ཡོངས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཆེར་མེད། གསུམ་ནས་ད་བར་ལོ་ངོ་བཞི་བཅུ་ཙམ་རིང་ཁོ་བོའི་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་དང་གནའ་རབས་བོད་ཀྱི་དཔེ་རྙིང་སྐོར་ཡིན། ཞོར་དུ་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁོངས་སུ་གཏོགས་པའི་སྒེར་པའི་ལོ་རྒྱུས་ལ་དོ་སྣང་ཆེ་ཙམ་བྱས་པ་ཡིན། དེ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་གསོག་འཇོག་དང་། ལྟ་ཀློག རྒྱུས་མངའ་བྱེད་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ལ་ངོས་འཛིན་བྱས་ཏེ། དེ་ལ་ཞིབ་འཇུག་གི་མྱོང་ཚོར་རམ་འབྲས་བུའང་གང་ཙམ་བྱུང་བས། ལོ་ངོ་ཁ་ཤས་གོང་ནས་ཀློག་པ་པོའི་སྤྱན་བསྟར་ཞུ་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོ་ཞིག་གིས་བསྐུལ་བར་བརྟེན་ད་གཟོད་གཞི་ནས་ཡིག་ཐོག་ཏུ་འགོད་ཐུབ་པ་བྱུང་།
བཅར་འདྲི་བ། རྒན་ལགས་ཀྱི་བརྩམས་དེབ་ཁ་བྱང་ལ«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་བྲིས་འདུག་པས། སྒེར་པ་ཞེས་པའི་གོ་དོན་དང་བོད་ཀྱི་སྒེར་པའི་ཐོག་མའི་འབྱུང་ཁུངས་སྐོར་རགས་ཙམ་ངོ་སྤྲོད་གནང་རོགས།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། སྤྱིར་སྒེར་པ་ནི་ས་རིས་མི་སེར་བདག་ཐོབ་དང་གཞུང་ཞབས་ཞུ་ཆོག་གི་ཐོབ་ཐང་ལྡན་པའི་ཡབ་གཞིས་དང་། སྡེ་དཔོན་མི་དྲག་ཚུད་པའི་སྒེར་དྲག་འབྲིང་དཀྱུས་གསུམ་ཞེས་པའི་སྒེར་པ་སྟེ་སྐུ་དྲག་སྤྱི་ལ་ཟེར་གྱི་ཡོད། ཞིབ་པར་དོན་གཉིས་ཡོད་དེ་གཅིག་ནི་ཡབ་གཞིས་དང་། སྡེ་དཔོན་མི་དྲག་ཚུད་པའི་སྒེར་པ་ཆེ་ཁག་ལ་ཟེར། དཔེར་ན། སྒེར་བསམ་ཕོ་དང་། སྒེར་མདོ་མཁར། སྒེར་ཐོན་པ། སྒེར་ཕ་ལྷ། སྒེར་ཟུར་ཁང་། སྒེར་ཚ་རོང་ལྟ་བུའོ། །གཉིས་ནི་སྒེར་པ་ཆེ་ཁག་ཕུད་པའི་སྒེར་འབྲིང་དཀྱུས་ལ་ཟེར་ཏེ། དཔེར་ན། སྒེར་ཁྱུང་རམ་དང་། སྒེར་ཞྭ་སྒབ་པ། སྒེར་ལུང་ཤར། སྒེར་ལྕང་གྲོང་། སྒེར་པད་ཚལ་ལྟ་བུའོ། །སྒེར་པའི་འབྱུང་ཁུངས་ངོས་ནས་བཤད་ན་རིགས་གཉིས་ལས་གྲུབ་སྟེ། རིགས་གཅིག་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ1642ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་འཛུགས་བྱེད་སྐབས་བྱས་རྗེས་ཡོད་པའམ་ཡང་ན་དེའི་ཕྱོགས་གཏོགས་སུ་འཁུམས་པའི་ཁྱིམ་རྒྱུད་ཁག་གཅིག་གི་མི་ངོར་གཟེངས་བསྟོད་ཆེད་དུ་གཞུང་གསར་པ་ནས་གོ་མིང་དང་། གཞིས་ཀ མི་སེར་སོགས་བདག་སྐྱོང་བྱེད་པའི་དབང་ཆ། དཔོན་གནས་རིམ་པའི་གདན་ཐོབ་སོགས་བསྩལ་བས་ཁྱིམ་རྒྱུད་དེའི་རིགས་སྒེར་པའི་ཁོངས་སུ་གཏོགས་པ་དང་། རིགས་གཉིས་པ་ནི་དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་འཛུགས་བྱས་པའི་བརྒྱུད་རིམ་ནང་སྔར་ཕག་མོ་གྲུ་པ་དང་། གཙང་པ་སྡེ་སྲིད་དུས་ཀྱི་ཡུལ་ལུང་སོ་སོའི་སྡེ་པའམ་ཁྱིམ་རྒྱུད་དྲག་པ་རྙིང་པ་ཁག་གཅིག་གཞུང་གསར་པར་བློ་ཁ་གཏད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྔར་ཡོད་ཀྱི་ཕ་གཞིས་དང་མི་སེར་སོགས་རང་འཇགས་སུ་བསྩལ་བས་སྒེར་པའི་ཁྱིམ་རྒྱུད་ཀྱི་གྲས་སུ་གཏོགས། དེ་ནས་རིམ་བཞིན་སྒེར་པ་སྐྱ་བོས་དྲུང་འཁོར་རམ་ཤོད་དྲུང་ཞེས་པའི་མིང་ཐོག་ནས་དགའ་ལྡན་ཕོ་བྲང་ས་གནས་སྲིད་གཞུང་གི་གཞུང་ཞབས་ཞུ་བའི་ལམ་སྲོལ་ཆགས། དེ་མིན་རྩེ་དྲུང་ཞེས་པའི་ཆོས་ལུགས་པའི་ཚབ་བྱེད་མི་སྣ་སེར་མོ་པས་གཞུང་ཞབས་ཞུས་ཡོད་ཀྱང་སྒེར་པ་ཞེས་པའི་མིང་འབོད་སྲོལ་མེད་པར་སྣང་།
བཅར་འདྲི་བ། «བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»སུ་འཁོད་པའི་བཀའ་ཤག་ཡིག་ཚགས་ཁྲོད་ཀྱི་སྒེར་པའི་ཐོ་གཞུང་ཞེས་པའི་ཡིག་ཚགས་དེའི་སྐོར་ང་ཚོར་ངོ་སྤྲོད་རགས་ཙམ་གནང་ན་ཆོག་གམ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། སྤྱི་ལོ1982ཡས་མས་སུ་ཁོ་བོར་རྩེ་ཞོལ་དུ་ཡོད་པའི་བོད་ལྗོངས་ཡིག་ཚགས་ལས་ཁུངས་ཀྱི་ཡིག་ཚགས་ཕོན་ཆེའི་ཁྲོད་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་ས་ཡོམ་སྐོར་གྱི་ཡིག་ཚགས་འདེམས་སྒྲིག་དང་བཤུས་འབྲི་བྱེད་པའི་གོ་སྐབས་ཤིག་བྱུང་། སྐབས་དེའི་ཡིག་ཚགས་ཕོན་ཆེའི་ཁྲོད་དུ་དེ་སྔའི་བོད་ཀྱི་སྒེར་པའི་ཁྱིམ་རྒྱུད་སྐོར་གྱི་ཐོ་གཞུང་ཞིག་མཐོང་བྱུང་བས་དེ་ནི་ཤིན་ཏུ་ཡིག་ཆ་རྩ་ཆེན་ཡིན་པའི་སྣང་བ་ཤར། དེ་ནས་ཡིག་ཚགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་ལས་བྱེད་པའི་ཆོག་མཆན་ཐོབ་པ་བརྒྱུད། ཐོ་གཞུང་དེ་ཡང་ས་ཡོམ་སྐོར་གྱི་ཡིག་ཚགས་དང་ལྷན་དུ་ཕབ་བཤུས་ཀྱིས་ད་བར་དུ་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ཁོ་བོས་དམ་དོན་ངང་ཉར་ཚགས་ཞུས་ཡོད། ཐོ་གཞུང་དེར་སྒེར་པའམ་སྐུ་དྲག་ལ་ཡབ་གཞིས་དང་། སྡེ་དཔོན། མི་དྲག སྒེར་པ་ཞེས་རིམ་པ་བཞི་རུ་ཕྱེས་ཏེ། ཡབ་གཞིས་ཁྱིམ་རྒྱུད་དྲུག་དང་། སྡེ་དཔོན་ཁྱིམ་རྒྱུད་བཞི། མི་དྲག་ཁྱིམ་རྒྱུད་བཅོ་བརྒྱད། སྒེར་པ་ཁྱིམ་རྒྱུད་བརྒྱ་དང་ང་གཅིག་སྟེ་བསྡོམས་ཁྱིམ་རྒྱུད་བརྒྱ་དང་བདུན་ཅུ་དོན་དགུ་ཡི་མིང་ཐོ་བཀོད་ཡོད། ཐོ་གཞུང་དེའི་ནང་ལྷ་སའི་ཉེ་འཁོར་གྱི་སྒེར་པ་དང་། གཞིས་ཀ་རྩེ་ཁུལ་གྱི་སྒེར་པ། རོང་ཁུལ་གྱི་སྒེར་པ། རྒྱལ་རྩེ་ཁུལ་གྱི་སྒེར་པ། ཀོང་པོ་ཁུལ་གྱི་སྒེར་པ། སྟོད་ཁུལ་གྱི་སྒེར་པ་ཞེས་པ་ལྟར་ས་ཁུལ་མི་འདྲ་བ་ཉེར་བདུན་གྱི་ས་མིང་འཁོད་པ་དེས་སྒེར་པ་སོ་སོའི་ཕ་གཞིས་གནས་སའམ་གཞིས་ཡུལ་གང་ཡིན་མཚོན་ཡོད། ཐོ་གཞུང་དེའི་ཡབ་གཞིས་ཀྱི་མཚན་ཐོའི་ཁོངས་སུ་སྟག་ལྷ་ཞེས་པ་གསལ་བས་རྩ་བའི་ཆ་ནས་ཐོ་གཞུང་དེ་ནི་ལྕགས་འབྲུག1940ལོའི་རྗེས་ཙམ་གྱི་ཡིག་ཆ་ཡིན་ཞེས་བརྗོད་ཚེ་གོ་འཛོལ་ཡོང་མི་སྲིད་སྙམ།
བཅར་འདྲི་བ། སྤྱིར་བོད་དུ་སྒེར་པའི་ཁྱིམ་རྒྱུད་ཇི་ཙམ་ཡོད་པ་དང་ཐོ་གཞུང་དེར་མ་ཚུད་པའི་སྒེར་པ་གཞན་ཡོད་དམ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། ལོ་རྒྱུས་ཐོག་ཡང་སྙིང་བོད་དུ་སྒེར་པའི་ཁྱིམ་རྒྱུད་ཇི་ཙམ་ཡོད་པའི་སྐོར་ལ་ངེས་གཏན་གྱི་གྲངས་ནི་འདི་ཙམ་མོ་ཞེས་ཁ་ཚོན་ཅུང་གཅོད་པར་དཀའ་མོད། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་སྒེར་པ་བརྒྱ་དང་བདུན་ཅུ་དོན་ལྔར་དྲུང་འཁོར་གྱི་དཔོན་གནས་བསྩལ་ཞེས་བྱུང་ལ། 1992ལོར་པར་སྐྲུན་བྱས་པའི་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྣམ་པ《西藏封建农奴制社会形态》ཞེས་པའི་དེབ་ནང1959གོང་ཙམ་ལ་སྒེར་པའམ་སྐུ་དྲག་ཐེམ་གྲངས་བརྒྱ་དང་དགུ་བཅུ་གོ་བདུན་ཡོད་པར་གསལ་བ་དང་། དབྱི་ཊ་ལིའི་བོད་རིག་པ་མཁས་ཅན་བྷི་ཐེག(Luciano Petech)གི་བོད་ཀྱི་སྐུ་དྲག་དང་སྲིད་གཞུང་ཞེས་པའི་དེབ་ནང་དུ་བོད་དབུས་ཕྱོགས་སུ་སྒེར་པ་ཁྱིམ་རྒྱུད་ཐེམ་པ་ཉིས་བརྒྱ་ཡས་མས་ཡོད་པར་བརྗོད་ཡོད། བོད་ས་གནས་སྲིད་གཞུང་གི་གཞུང་ཞབས་རྙིང་གྲས་སྲེག་ཤིང་བློ་བཟང་དོན་གྲུབ་ཀྱིས་བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་ཞེས་པའི་དེབ་ནང་སྒེར་པའི་ཁྱིམ་རྒྱུད་ཐེམ་གྲངས་བརྒྱ་དང་དྲུག་ཅུ་རེ་གཉིས་ཀྱི་མཚན་ཐོ་ཞིག་བཀོད་འདུག དེ་བཞིན་དུ་ཚ་རོང་དབྱངས་ཅན་སྒྲོལ་དཀར་གྱི་བརྩམས་ཆོས་ནང་སྒེར་པའི་ཁྱིམ་རྒྱུད་ཐེམ་པ་དགུ་བཅུ་གོ་བདུན་གྱི་མཚན་ཐོ་ཞིག་གསལ། བཀའ་ཤག་ཡིག་ཚགས་ལྕགས་སྟག་ཞིབ་གཞུང་དང་། དེབ་ཐེར་རིན་ཆེན་ཕྲེང་བ་གཉིས་ལས་བྱུང་བར་གཞིགས་ན། རྒྱལ་བ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པའི་སྐུ་དུས་སུ་དབུས་གཙང་གཉིས་ལ་སྒེར་པ་ཉིས་བརྒྱ་དྲུག་ཅུ་ཡས་མས་ཡོད་པར་སྣང་བས་དོན་ལ་ཡང་གནས་པར་སེམས།
       ཐོ་གཞུང་དེར་གསལ་བའི་སྒེར་པ་དྲག་འབྲིང་དཀྱུས་གསུམ་གྱི་ཁྱིམ་རྒྱུད་གྲངས་བརྒྱ་དང་བདུན་ཅུ་དོན་དགུ་རྣམས་ནི་ཕལ་ཆེར་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ནང་བཀའ་ཤག་གི་གཞུང་ཐོར་བཀོད་པའི་གྲངས་ཚད་ཡིན་འདུག ལྕགས་སྟག་ཞིབ་གཞུང་དང་དེབ་ཐེར་རིན་ཆེན་ཕྲེང་བ་གཉིས་ཀྱི་ནང་གསལ་བའི་སྒེར་པའི་ཁྱིམ་མིང་དང་ཐོ་གཞུང་དེར་བཀོད་པའི་སྒེར་པའི་ཁྱིམ་མིང་བསྡུར་བ་བྱས་ཚེ་མ་མཐར་ཁྱིམ་རྒྱུད་བརྒྱད་ཅུ་ཡས་མས་ཤིག་ཐོ་གཞུང་འདིར་མི་གསལ། དཔེར་ན། ལྷ་སའི་ཉེ་འཁོར་དུ་གཞིས་ཀ་བདག་ཐོབ་ཡོད་པའི་གྲོང་གསར་དང་། ལྷ་མོ་རྒྱབ། བཟང་མོ། ལྗང་ཕོད་དགའ་བ། དར་མོ། གནས་གསར་བ་སོགས་པའི་སྒེར་པ་ཁྱིམ་རྒྱུད་ཉི་ཤུ་ལྷག་ཙམ་དང་། ཤངས་ཁུལ་གྱི་སྒེར་ཆབ་ཚོམ་དང་། སྒེར་ཁོ་ནང་པ། སྒེར་གྲོང་སྟོད་ཤར་པ། རོང་རིན་སྤུངས་ཁུལ་གྱི་སྒེར་ཀ་ཐོག་དང་། སྒོ་མོ་རག བྲག་པ། མཐུན་པ། དྲེད་གཤོངས། སྤྱང་གྲོང་། དཀྱིལ་པ། སྤོ་ར། གླང་ཕུ་སོགས་སྒེར་པ་ཁྱིམ་རྒྱུད་བཅུ་གྲངས་ཙམ། འཕྱོངས་རྒྱས་ཁུལ་གྱི་སྒེར་སྟག་རུ་བ་དང་། ངར་བདུན་པ། བསེ་རུ་བ། ལྐོག་གྲོང་པ། དགོན་གསར། རྔ་མོང་པ། གླིང་སྟོད། སྒང་ཕུ་བ། ཐབ་ཁ་པ། ལྷ་ཁང་པ། སྲང་སྟོད་པ། མེར་མ་བ། ལྷ་མ་བ། སྟེང་ཁ་བ། འཕྲེང་སྨད་པ། རྒྱལ་པ། སྤོ་ར་བ། ཐང་སྲས། ཆུ་མིག་སྦུག་པ་སོགས་ཁྱིམ་ཚང་ཉི་ཤུ་ཡས་མས། གཙང་སྟོད་ཁུལ་གྱི་སྒེར་གྲམ་མཚོ་བཀྲས་བདེ་བ། འཕན་ཡུལ་ཁུལ་གྱི་སྒེར་བདེ་མཁར་བའམ་ཀླུ་ཁང་བ་དང་། སྒེར་ཆ་པ། སྒེར་བདེ་ཟུར། སྒེར་ཧོར་ཟུར། སྒེར་ལྕང་ཟུར། སྒེར་ཤག་བྱང་ཟུར་པ། སྒེར་འཇུན་པ་ཟུར་པ། སྒེར་ཆ་ཟུར། སྒེར་བསམ་ཟུར་སོགས་ཁྱིམ་མིང་ཐོ་གཞུང་དེར་མི་གསལ།
བཅར་འདྲི་བ། དགའ་ལྡན་ཕོ་བྲང་སྲིད་དབང་དུས་སྐབས་ཀྱི་སྒེར་པའི་ལས་གནས་གཙོ་བོ་གང་འདྲ་ཡིན་པ་མདོར་བསྡུས་ཤིག་གསུངས་རོགས་ཞུ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། དགའ་ལྡན་ཕོ་བྲང་སྲིད་དབང་བཙུགས་རྗེས་དཔོན་རིགས་ཀྱི་ལས་གནས་རིམ་པ་མཐོ་དམའ་ཅི་རིགས་ཡོད་ཀྱང་ཡོངས་གྲགས་ཀྱི་ལས་གནས་གོ་མིང་གཙོ་བོ་ལ་སྲིད་སྐྱོང་ངམ་རྒྱལ་ཚབ་དང་། སྡེ་སྲིད། སྲིད་བློན། སྲིད་ཚབ། བཀའ་བློན། སྤྱི་ཁྱབ། རྩིས་དཔོན། མདའ་དཔོན། ཕོགས་དཔོན། བླ་ཕྱག རྩེ་ཕྱག བཤེར་དཔང་། ལྷ་གཉེར། ཞོལ་གཉེར། བཀའ་མགྲོན། བཀའ་དྲུང་། རྫོང་སྡོད་སོགས་ཡོད།
       སྲིད་སྐྱོང་ནི་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་སྐུའི་སྤྲུལ་པ་ཕེབས་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མ་བཞེས་གོང་ལ་བླ་སྤྲུལ་ཆེ་མོ་ཞིག་གིས་སྲིད་སྐྱོང་བ་ལ་སྲིད་སྐྱོང་ངམ་རྒྱལ་ཚབ་ཟེར་ཞིང་། དཔེར་ན། དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་སྲིད་སྐྱོང་དང་པོ་དེ་ཡིན་པ་ལྟ་བུ།
       སྡེ་སྲིད་ནི་དགའ་ལྡན་ཕོ་བྲང་སྲིད་དབང་བཙུགས་མ་ཐག་རྒྱལ་བ་སྐུ་ཕྲེང་ལྔ་པས་ཆབ་སྲིད་ཀྱི་བྱེད་པོར་སྔ་ཕྱིར་བསོད་ནམས་ཆོས་འཕེལ་དང་། འཕྲིན་ལས་རྒྱ་མཚོ། བློ་བཟང་མཐུ་སྟོབས། བློ་བཟང་སྦྱིན་པ། སངས་རྒྱས་རྒྱ་མཚོ་བཅས་དྲུག་སྡེ་སྲིད་ལ་བསྐོ་བཞག་མཛད་པ་ཟེར་བ་ཡིན།
       སྲིད་བློན་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་ཏེ། ཤིང་འབྲུག1904ལོར་དབྱིན་ཇིའི་དམག་ལ་ཉེན་གཡོལ་ཆེད་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སོག་པོ་དང་། པེ་ཅིང་། རི་བོ་རྩེ་ལྔ་སོགས་སུ་བཞུགས་རིང་སྔར་ཆུ་ཡོས1903ལོར་གནས་དབྱུང་བཏང་བའི་བཀའ་བློན་བཤད་སྒྲ་དཔལ་འབྱོར་རྒྱལ་པོ་དང་། ཞོལ་ཁང་ཚེ་བརྟན་དབང་ཕྱུག བཀའ་བློན་བླ་མ་ཆང་ཁྱིམ་པ་ངག་དབང་དཔལ་བཟང་གསུམ་དང་ཐོག་སྲིད་ཚབ་ལ་བསྐོ་གཞག་བསྩལ། དེ་ནས་ས་བྱ1909ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བོད་དུ་ཕྱིར་ཕེབས་རྗེས་སྲིད་ཚབ་གསུམ་ལ་སྲིད་བློན་ཞེས་བསྐོ་གཞག་མཛད། སྲིད་བློན་ལ་བློན་ཆེན་ཟེར་སྲོལ་ཡང་ཡོད། སྲིད་ཚབ་ནི་སྲིད་སྐྱོང་ངམ་ཡང་ན་སྲིད་བློན་གྱི་ཚབ་བྱེད་པ་ལྟ་བུ་ཡིན་པར་སྣང་། གོང་དུ་སྨྲས་པའི་སྲིད་སྐྱོང་ནི་སེར་མོ་བ་ཡིན་པ་དང་། སྡེ་སྲིད་དང་། སྲིད་བློན། སྲིད་ཚབ་ནི་སྐྱ་སེར་ཅི་རིགས་བསྐོ་གཞག་གནང་སྲོལ་ཡོད།
       བཀའ་བློན་ནི་བཀའ་ཤག་གི་བཀའ་ལ་གཏོགས་པའི་བློན་པོ་གཙོ་བོ་ལ་བཀའ་བློན་ཞེས་འབོད། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་སྡེ་སྲིད་ཀྱིས་སྲིད་དོན་གྱི་འགན་འཛིན་གཙོ་བོར་བྱེད་པ་ལས་དམིགས་བསལ་གྱི་བཀའ་བློན་ཞེས་པ་མེད་པར་སྣང་། འོན་ཀྱང་སོག་པོ་ཇུན་གར་བས་བོད་ལ་དབང་བསྒྱུར་བའི་རིང་སྡེ་སྲིད་ལྷ་རྒྱལ་རབ་བརྟན་གྱི་བློན་པོ་གཙོ་བོའི་གྲས་ལ་བཀའ་བློན་ཞེས་བྱུང་སྟེ། བཀའ་བློན་བཀྲ་ཤིས་རྩེ་པ། བཀའ་བློན་ཨ་ཆོས་ཞེས་པ་ལྟ་བུ་ཡིན། ལྕགས་ལུག1751ལོར་ཆིང་གོང་མ་ཆན་ལུང་གི་བཀའ་ལྟར་བཀག་ཤག་གི་སྒྲིག་གཞི་ལ་བཅོས་སྒྲིག་བྱས་ཏེ། བཀའ་བློན་སྐྱ་བོ་གསུམ་དང་སེར་མོ་བ་གཅིག་བཅས་བཀའ་བློན་བཞིས་བཀའ་ཤག་གི་ལས་དོན་འཛིན་སྐྱོང་དགོས་པའི་ལམ་སྲོལ་ཆགས།
       སྤྱི་ཁྱབ་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ས་གནས་རིམ་པའི་སྲིད་གཞུང་ལས་ཁུངས་ཀྱི་སྒྲིག་གཞི་ལ་བཅོས་སྒྲིག་མཛད་དེ། ཆུ་བྱི1912ལོ་ནས་གཞིས་རྩེ་སྤྱི་རྫོང་དང་། ཧོར་སྤྱི་ཁྱབ། ལྷོ་ཁུལ་སྤྱི་ཁྱབ། གྲོ་མོ་སྤྱི་ཁྱབ། མདོ་སྨད་སྤྱི་ཁྱབ། རྒྱལ་རྩེ་ཚོང་སྤྱི་སོགས་སྤྱི་ཁྱབ་ཁག་གཅིག་གསར་འཛུགས་གནང་བ་ལ་ཟེར་ཞིང་། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་ལྔ་བཅུའི་ནང་བྱང་སྤྱི་དང་། ལ་སྟོད་སྤྱི་ཁྱབ། དྭགས་ཀོང་སྤྱི་ཁྱབ་བཅས་གསར་འཛུགས་བྱས། སྤྱི་ཁྱབ་ཕལ་ཆེ་བ་ནི་སྐྱ་སེར་གཉིས་ལ་བསྐོ་སྲོལ་ཡོད།
       རྩིས་དཔོན་ནི་རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་དུས་རྩིས་ཁང་ལས་ཁུངས་ཞེས་པ་ནས་ས་གནས་ཁག་ལ་ས་མི་ཞིབ་དཔྱོད་པ་མངགས་ཏེ་རྫོང་གཞིས་ཁག་གི་ས་མིང་དང་། ཁྲལ་རིགས་སྒྲུབ་ལམ། གཞུང་སྒེར་ཆོས་གསུམ་གྱི་འཛིན་དབང་དང་འབྲོག་ཐང་གི་བདག་ཐོབ་སོགས་ལ་ཞིབ་གཞུང་གསར་འགོད་བྱེད་པའི་ལས་དོན་རིགས་ཀྱི་འགན་འཁུར་པ་ལ་ཟེར་ཞིང་སྐྱ་བོ་ཡིན།
       མདའ་དཔོན་ནི་བོད་དམག་དྲག་དཔོན་གྱི་གོ་མིང་ཡིན་ཏེ། རྒྱལ་བ་སྐུ་ཕྲེང་བརྒྱད་པ་དང་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོའི་སྐུ་དུས་ཆིང་གོང་མའི་བོད་སྐྱོང་བྱེད་སྒོའི་སྒྲིག་ཡིག་དོན་ཚན་ཉེར་དགུའི་ནང་བོད་དམག་རྩ་འཛུགས་བྱ་དགོས་པའི་རྩ་དོན་ལྟར་ཆུ་གླང1793ལོར་བོད་དམག་གི་སྒྲིག་གཞི་གསར་འཛུགས་བྱས་ཏེ་དབུས་ཁུལ་དམག་མི་ཆིག་སྟོང་དང་། གཙང་ཁུལ་གཞིས་རྩེ་ལ་དམག་མི་ཆིག་སྟོང་། རྒྱལ་རྩེར་ལྔ་བརྒྱ། དིང་རི་ལ་ལྔ་བརྒྱ་བཅས་བསྡོམས་དབུས་གཙང་དམག་སུམ་སྟོང་བསྡུས་ཐོག་དམག་གྲངས་ལྔ་བརྒྱ་རེར་དམག་དཔོན་མདའ་དཔོན་རེ་རེ་བསྐོ་གཞག་བྱས་། མདའ་དཔོན་རེ་རེའི་འོག་ཏུ་རུ་དཔོན་དང་། བརྒྱ་དཔོན། ལྡིང་དཔོན་སོགས་ཡོད།
       ཕོགས་དཔོན་ནི་དང་ཐོག་དམག་ཕོགས་དོ་དམ་པའི་གོ་མིང་ཡིན། ཆུ་གླང1793ལོར་བོད་དམག་སུམ་སྟོང་བསྡུས་པ་དང་སྦྲགས་ཕོགས་ཁང་ཡང་གསར་འཛུགས་བྱས་པ་ལ་ཕོགས་དཔོན་དོ་དམ་གཉིས་ཏེ་སེར་མོ་བ་མཁན་ཆུང་གཅིག་དང་། ཤོད་དྲུང་གཅིག་བསྐོས་ཏེ་དབུས་གཙང་ཁུལ་ནས་དམག་ཕོགས་མ་འབྲུ་དག་གསར་འཛུགས་བྱས་པའི་གཞིས་ཀ་ཁག་ནས་ལོ་རེའི་སྐྱེད་འབབ་བསྡུ་ལེན་གྱིས་དམག་མི་སོ་སོར་དམག་ཕོགས་དུས་ཐོག་ཏུ་རྒྱག་དགོས།
       བླ་ཕྱག་ནི་བླ་བྲང་ཕྱག་མཛོད་ཅེས་པའི་ལས་ཁུངས་ཀྱི་བསྡུས་མིང་ཡིན་ལ། ལས་ཁུངས་ཀྱི་འགོ་གཙོ་དོ་དམ་པའི་མིང་ཡང་ཡིན། དེ་ལ་ཐོག་མར་སེར་མོ་བ་མཁན་ཆུང་གཉིས་དང་། ཤོད་དྲུང་གཅིག་བསྐོ་གཞག་བྱེད་སྲོལ་ཡོད། རྭ་སྒྲེང་སྲིད་སྐྱོང་སྐབས་ལས་འཕར་ཤོད་དྲུང་གཅིག་བསྐོས་པས་མཁན་དྲུང་བཞི་བཅས་ཡོད། ལས་འགན་གཙོ་བོ་ནི་བླ་བྲང་ཕྱག་མཛོད་ལས་ཁུངས་ཀྱི་འགན་འཁུར་དང་ལྷག་དོན་ལོ་རེའི་ལྷ་སའི་སྨོན་ལམ་གཏོང་སྒོའི་འགན་འཛིན་བྱེད་ཀྱི་ཡོད།
       རྩེ་ཕྱག་ནི་རྩེ་ཕྱག་མཛོད་འཕྲལ་བདེ་ལས་ཁུངས་ཞེས་པའི་བསྡུས་མིང་ཡིན་པ་དང་། ལས་ཁུངས་དེའི་དོ་དམ་པའི་མིང་ཡང་ཡིན། སེར་མོ་བ་མཁན་ཆུང་གཉིས་དང་། ཤོད་དྲུང་གཅིག་བཅས་གསུམ་ཡོད། ལས་ཁུངས་དེ་ནི་དཔལ་འབྱོར་བསྡུ་གཏོང་གི་ལས་ཁུངས་གཙོ་ཆེ་ཞིག་ཡིན་ཏེ། ལས་འགན་གཙོ་བོ་ནི་རྩེ་ཕོ་བྲང་ལ་དགོས་མཁོའི་གསེར་དངུལ་ཟངས་ལྕགས་དང་། གོས་དར། རྩ་ཆེའི་སྨན་རིགས། ཏཱ་ལའི་བླ་མའི་ལྗགས་སྨིན་ཚུད་པའི་ཟས་སྣ་སོགས་ཀྱི་འདུ་འགོད་བྱ་རྒྱུ་དེ་ཡིན།
       བཤེར་དཔང་ནི་བཤེར་ཁང་ཞེས་པའི་ལས་ཁུངས་ཀྱི་དོ་དམ་པ་ལ་ཟེར་བ་དང་། ཤོད་དྲུང་གཉིས་བསྐོ་གཞག་བྱེད་ཀྱི་ཡོད། ལས་ཁུངས་དེ་ནི་དབུས་གཙང་ཁུལ་གྱི་མི་གསོད་ཐལ་ཆ་བྱུང་རིགས་ཁྲིམས་ཐོག་ནས་ཐག་གཅོད་བྱེད་པའི་ལས་ཁུངས་ཤིག་ཡིན།
       མི་དཔོན་ནི་སྣང་ཤག་མི་དཔོན་གཉིས་ལ་ཟེར་ཏེ། ལྷ་སའི་བར་སྐོར་གྱི་སྣང་རྩེ་ཤག་ལས་ཁུངས་ཀྱི་འགོ་གཙོ་གཉིས་ཡིན་པ་དང་། ལྷ་སའི་མི་དཔོན་གཉིས་ཀྱང་ཟེར། ཤོད་དྲུང་གཉིས་བསྐོ་གཞག་བྱེད་སྲོལ་ཡོད། དེའི་འོག་ལ་དྲུང་ཡིག་གཅིག་དང་། གཉེར་པ་གཉིས། པུ་ལི་སི་ཞེས་པའི་ཉེན་རྟོག་དམག་མིའི་བརྒྱ་དཔོན་གཅིག ཁང་གཉེར་གཅིག རགས་སྟོབས་པ་འགོ་པ་གཅིག བཙོན་སྲུང་བ་གཅིག བསྐོར་བྱ་བ་ཉི་ཤུ་སྐོར་བཅས་ཡོད། ལས་ཁུངས་དེའི་འགན་དབང་གཙོ་བོ་ནི་ལྷ་སའི་ཞོལ་ལྕགས་རི་ཕྱི་ནང་གི་བདེ་འཇགས་དང་། ཁྲིམས་འདོམས་ཀྱི་ལས་དོན་སྤྱི་ལ་འགན་འཁུར། ས་ཆ་གལ་ཆེ་སར་པུ་ལི་སི་དམག་མིས་ཉིན་མཚན་སྐོར་གཡེང་བྱེད་པ། སྲང་ལམ་དང་ཁྲོམ་ལམ་གྱི་གཙང་སྦྲར་ལྟ་ཞིབ་བྱ་རྒྱུ་སོགས་ཡིན།
       ལྷ་གཉེར་ནི་ལྷ་ས་གཉེར་ཚང་ལས་ཁུངས་ཞེས་པའི་བསྡུས་མིང་ཡིན། ལས་ཁུངས་ཀྱི་དོ་དམ་པ་ལ་ལྷ་གཉེར་ཡང་ཟེར། རྩེ་དྲུང་གཅིག་དང་ཤོད་དྲུང་གཅིག་བསྐོ་གཞག་བྱེད་ཀྱི་ཡོད། ལས་ཁུངས་དེའི་ལས་འགན་གཙོ་བོ་ནི་ལྷ་སའི་སྨོན་ལམ་སྐབས་ཀྱི་མེ་སྐྱོན་དང་རྐུན་མ་སྲུང་འདོམས། ལྷོ་བྲག་དོ་པོ་རྫོང་དང་ཀོང་པོ་རྩེ་ལ་རྫོང་སོགས་ནས་རྩེ་ཕོ་བྲང་གི་དགོས་མཁོ་པང་ལེབ་འདྲ་མིན་དང་མལ་གྲོ་གུང་དཀར་རྫོང་ནས་རྫ་ཆས་དང་འཇག་མ། སུག་པ་བསྡུ་ལེན། ལྷ་སའི་སྲང་ལམ་གྱི་ས་འོག་བཙོག་ཆུའི་ཆུ་ཡུར་ཉམས་གསོ། ལྷ་སར་གནས་སྡོད་བྱེད་པའི་ལ་དྭགས་ཁ་ཆེ་དང་ཧེའུ་རིགས་ཀྱི་འགོ་འདོམས་བྱ་རྒྱུ་དེ་ཡིན།
       ཞོལ་གཉེར་ནི་ཞོལ་གཉེར་ཚང་ལས་ཁུངས་ལ་འབོད། ལས་ཁུངས་ཀྱི་དོ་དམ་པ་ལའང་ཞོལ་གཉེར་ཟེར། ལྷ་གཉེར་དང་འདྲ་བས་རྩེ་དྲུང་གཅིག་དང་། ཤོད་དྲུང་གཅིག་གིས་ལས་གནས་འཁུར་གྱི་ཡོད། ལས་ཁུངས་དེས་གཞིས་ཁག་བཅོ་བརྒྱད་ཀྱི་ཁྲལ་བསྡུ་ཁྲིམས་གནོན་དང་། སྐྱིད་ཆུའི་ཆུ་རགས་ཉམས་གསོ། རྩེའི་ཐུགས་མཁོའི་ལྗགས་སྨིན་གྲོ་དང་དཀར་རྟ་སོགས་བསྡུ་ལེན་བྱས་ཏེ་རྩེ་ཤོད་གསོལ་ཐབ་ལ་འབུལ་བ། ཞོལ་བཙོན་ཁང་གི་བཙོན་འཇུག་སོགས་ལ་འགན་འཁུར་དགོས།
       རྫོང་དང་། གཞིས་ཀ ཤོ་པ་ནི་གཞུང་སའི་འོག་གི་ས་གནས་སྲིད་འཛིན་སྒྲིག་གཞི་ཡིན། རྫོང་གཞིས་གཉིས་ཀྱི་དཔོན་ལ་རྫོང་སྡོད་དང་གཞིས་སྡོད་ཟེར། ཤོ་པ་ནི་མཐའ་མཚམས་ཁུལ་གྱི་ཤོ་ཁྲལ་བསྡུ་མཁན་ཡིན།
       བཀའ་མགྲོན་ནི་བཀའ་ཤག་གི་མགྲོན་གཉེར་ལ་ཟེར་བ་དང་དཔོན་གནས་དེར་ཤོད་དྲུང་གསུམ་བསྐོ་སྲོལ་ཡོད་པ་དང་། བཀའ་དྲུང་ནི་བཀའ་ཤག་གི་དྲུང་ཡིག་ཆེ་བར་འབོད་དེ་དཔོན་གནས་དེར་ཤོད་དྲུང་གཉིས་བསྐོ་སྲོལ་འདུག སྤྱིར་སྒེར་པ་བུ་ཕྲུག་གཞུང་ཞབས་ཞུས་རྗེས་ཐོག་མར་བཀའ་མགྲོན་ནམ་བཀའ་དྲུང་བྱ་རྒྱུ་དེ་ཕྱིས་ལས་ཞབས་རིམ་འཛེགས་སུ་འཕར་རྒྱུར་སྦྱོང་བརྡར་ཡག་ཤོས་གཅིག་ལ་ངོས་འཛིན་བྱེད་སྲོལ་འདུག
       ཆིབས་དཔོན་ནི་ཞོལ་ཆིབས་ར་ལས་ཁུངས་ཀྱི་འགོ་གཙོ་ལ་ཟེར་ཞིང་། ཤོད་དྲུང་ལས་ཚན་གཉིས་ཀྱིས་ལས་གནས་དེ་འཁུར་གྱི་ཡོད། ཆིབས་དཔོན་འོག་ལ་ཆིབས་དྲུང་ནང་ཟན་དང་། ཆིབས་རའི་ཞལ་ངོ་ལ་སོགས་པ་འདི་དག་གིས་གཞུང་རྟ་གཞུང་དྲེལ་ལ་གསོ་ཚགས་དང་བདག་སྐྱོང་བྱེད་དགོས།
       རྩམ་ལེན་ནི་རྩམ་བཞེས་ལས་ཁུངས་ཀྱི་དོ་དམ་པར་ཟེར་བ་དང་། རྩེ་དྲུང་གཅིག་དང་ཤོད་དྲུང་གཅིག་གིས་རྩམ་ལེན་གྱི་ལས་འགན་འཁུར་གྱི་ཡོད། ལས་འགན་གཙོ་བོ་ནི་ལྷ་སའི་སྨོན་ལམ་ཚོགས་ཞུགས་དགེ་འདུན་གྱི་ཚྭ་དང་། རྩམ་པ། དགའ་ལྡན་ལྔ་མཆོད་ཀྱི་མཆོད་སྣུམ་སོགས་འགན་ལེན་བྱེད་དགོས།
       ཤིང་གཉེར་ནི་ཤིང་གཉེར་ལས་ཁུངས་ཀྱི་ལས་ཚན་དཀྱུས་མ་ཞིག་ལ་ཟེར། ལས་འགན་གཙོ་བོ་ནི་སྦྲགས་དང་འཕྲེང་སྒོ་སོགས་ནས་ཤིང་ཁྲལ་བསྡུ་ལེན་གྱིས་རྩེ་གསོལ་ཐབ་ལ་འཆར་ཅན་ཉིན་རེ་བོང་རྒྱབ་ཉི་ཤུ་ཐམ་པ་དང་། བཀའ་ཤག་གསོལ་ཐབ་ལ་རྒྱུན་ཤིང་ནར་གཏོང་ཞུ་དགོས།
བཅར་འདྲི་བ། སྒེར་པ་མི་དྲག་ལ་ཆོ་ལོའམ་མཚན་གནས་གང་འདྲ་ཡོད་དམ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། ཆོ་ལོའམ་མཚན་གནས་ནི་ལས་ཞབས་དངོས་ཀྱི་གོ་མིང་མིན་པར། ཆིང་གོང་མས་མན་ཇུ་དང་སོག་པོའི་མི་དྲག་ལ་སྩོལ་བའི་ལུགས་སྲོལ་བཞིན་བོད་ཀྱི་མི་དྲག་དང་ལས་དོན་བྱས་རྗེས་ཅན་ལ་གནང་བའི་མཚན་སྙན་ཞིག་རེད། དེ་ལ་ཝང་དང་། གུང་། པའི་ལི། པའི་སེ། ཛ་སག ཐའི་ཇི་བཅས་ཡོད།
       ཝང་ལ་དབང་ཞེས་ཀྱང་འབྲི་སྲོལ་ཡོད་དེ། རྒྱ་སྐད་ཇུན་ཝང(郡王)ཞེས་པའི་ཝང་གི་སྒྲ་ཟུར་ཆག་པ་ཡིན། དེ་ནི་ཆིང་གོང་མས་ཆིང་གི་རྒྱལ་རྒྱུད་དང་དཔོན་རིགས་ལ་བསྩལ་བའི་མཚན་གནས་རིམ་པ་གཉིས་པ་ཡིན། ལྕགས་སྤྲེལ1740ལོར་ཆིང་གོང་མ་ཆན་ལུང་གིས་བོད་ཀྱི་སྲིད་དོན་འགན་འཛིན་པ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ལ་རྡོ་རོས་ཇུན་ཝང(多罗郡王)ཞེས་པའི་མཚན་གནས་སམ་ཆོ་ལོ་གནང་། མེ་ཡོས1747ལོར་ཕོ་ལྷ་བ་གྲོངས་རྗེས་བུ་ཆུང་བ་འགྱུར་མེད་རྣམ་རྒྱལ་ལ་ཕ་ཤུལ་བུ་འཛིན་གྱིས་ཇུན་ཝང་གི་ཆོ་ལོ་འཇགས་གནས་བྱུང་བས་ཝང་འགྱུར་མེད་རྣམ་རྒྱལ་ཞེས་གྲགས་ཆེ་བར་བྱུང་ལྟ་བུ་ཡིན།
       གུང་ནི་རྒྱ་སྐད(公)ཞེས་པའི་སྒྲ་ཟུར་ཆག་པ་ཡིན། རྒྱ་སྐད་མིང་ཆ་ཚང་ལ་ཧྥུ་གོ་གུང(辅国公)ཟེར། མཚན་གནས་དེ་བོད་ཀྱི་མི་དྲག་ལ་ཐོབ་མཁན་རིགས་གཉིས་ཡོད་དེ། རིགས་དང་པོ་ནི་ཆིང་གོང་མས་རྒྱལ་བ་སྐུ་ཕྲེང་བདུན་པ་ནས་བཟུང་རྒྱལ་བ་རིམ་བྱོན་གྱི་ཡབ་ཚང་ལ་བསྩལ་བའི་མཚན་གནས་སམ་ཆོ་ལོ་ཞིག་ཡིན། རིགས་གཉིས་པ་ནི་སྒེར་པ་ཆེན་པོའི་མི་དྲག་ཡིན་ཏེ། ཆིང་གོང་མས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་བུ་རྒན་པ་སྟོད་སྒར་དཔོན་འགྱུར་མེད་ཡེ་ཤེས་ཚེ་བརྟན་ལ་ཧྥུ་གོ་གུང་གི་ཆོ་ལོ་བསྩལ། དེ་གྲོངས་རྗེས་བུ་འགྱུར་མེད་དབང་རྒྱལ་ལ་ཕ་ཤུལ་བུ་འཛིན་གྱིས་གུང་གི་ཆོ་ལོ་བསྩལ་པས་གུང་ལྕང་ལོ་ཅན་ཞེས་གྲགས། ཡང་བཀའ་བློན་འགོ་གཙོ་ཁང་ཆེན་ནས་བསོད་ནམས་རྒྱལ་པོའི་ཚ་བོ་རྣམ་རྒྱལ་ཚེ་བརྟན་ལའང་ཧྥུ་གོ་གུང་ཞེས་གུང་གི་ཆོ་ལོ་ཡོད་དེ། དེ་གྲོངས་རྗེས་གཅུང་པོ་དགའ་བཞི་བ་རྡོ་རིང་པཎྜི་ཏ་ལ་གུང་གི་མཚན་གནས་དེ་ཐོབ། འོན་ཀྱང་རྡོ་རིང་པཎྜི་ཏའི་མི་རབས་རྗེས་མ་ལ་གུང་གི་མཚན་གནས་འཇགས་གནས་སུ་བྱུང་མེད་པར་སྣང་།
       པའི་ལི་ནི་མན་ཇུའི་སྐད་ཡིན། རྒྱ་སྐད་ཀྱི(贝勒)སྒྲ་ཟུར་ཆག་པ་ཡིན་ཏེ། དང་ཐོག་ཆིང་གོང་མའི་རྒྱལ་རྒྱུད་ལ་ཐོབ་པའི་མཚན་གནས་རིམ་པ་གསུམ་པ་ཡིན་ཞེས་རྒྱ་ཡིག་ཡིག་ཚང་ལས་བྱུང་། དེ་ནས་རིམ་བཞིན་གོང་མས་སོག་པོ་དང་། བོད་ཀྱི་མི་དྲག་ལ་ཡང་གནང་སྲོལ་ཆགས། ལྕགས་ཕག1731ལོར་ཆིང་གོང་མ་ཡུང་ཀྲེང་གིས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ལ་རྡོ་རོས་པའི་ལི(多罗贝勒)ཞེས་པའི་མཚན་གནས་བསྩལ། དེ་རྗེས་བོད་ཀྱི་མི་དྲག་ལ་པའི་ལི་མིང་གནས་ཡོད་པ་ཡི་གེར་མ་གསལ།
       པའི་སེ་ནི་མན་ཇུའི་སྐད་ཡིན། རྒྱ་སྐད་ཀྱི(贝子)སྒྲ་ཟུར་ཆག་པ་ཡིན་ཏེ། དང་ཐོག་ཆིང་གོང་མས་རྒྱལ་རྒྱུད་ལ་གནང་བའི་མཚན་གནས་རིམ་པ་བཞི་པ་ཙམ་ཡིན་པར་གྲགས། དེ་ནས་རིམ་བཞིན་སོག་པོ་དང་བོད་ཀྱི་མི་དྲག་ལ་ཡང་གནང་སྲོལ་ཆགས། རྒྱལ་བ་སྐུ་ཕྲེང་བདུན་པའི་མཛད་རྣམ་དང་རྡོ་རིང་པཎྜི་ཏའི་རྣམ་ཐར་ནང་ལྕགས་བྱི1720ལོར་ཆིང་གོང་མ་ཁང་ཤི་ཡིས་སོག་པོ་ཇུན་གར་དམག་བོད་ནས་མཐར་སྐྲོད་གཏོང་བའི་དམག་འཁྲུག་ནང་བྱས་རྗེས་ཡོད་པའི་མངའ་རིས་སྟོད་སྒར་དཔོན་ཁང་ཆེན་ནས་བསོད་ནམས་རྒྱལ་པོ་ལ་པའི་སེའི་མཚན་གནས་བསྩལ་ཞེས་བྱུང་ལ་དེ་ནི་བོད་ཀྱི་སྒེར་མི་དྲག་ལ་ཆིང་གི་མཚན་གནས་འདི་བྱུང་བ་ཐོག་མ་དེ་ཡིན་ཟེར། འོན་ཀྱང་ཆིང་གི་རྒྱ་ཡིག་ཡིག་ཚང་ལ་ཁང་ཆེན་ནས་ལ་པའི་སེའི་མིང་གནས་ཡོད་པ་ཁོ་བོས་མ་མཇལ། 1721ལོར་ཆིང་གོང་མ་ཁང་ཤི་ཡིས་ཇུན་གར་བའི་དམག་མཐར་སྐྲོད་ནང་བྱས་རྗེས་ཡོད་པའི་ང་ཕོད་རྡོ་རྗེ་རྒྱལ་པོ་ལ་པའི་སེ་ཡི་ཆོ་ལོ་བསྩལ་ཞེས་རྒྱ་ཡིག་ཡིག་ཚང་ལ་གསལ། ཕྱིས་སུ་བོད་ཀྱི་མི་དྲག་ལ་པའི་སེའི་མཚན་གནས་ཡོད་པའི་ཡི་གེར་མ་མཇལ།
       ཛ་སག་ནི་སོག་སྐད་ནང་དབང་འཛིན་པ་ལྟ་བུའི་དོན་ཡིན་ཟེར། ཆིང་གོང་མས་སོག་པོ་དང་མན་ཇུའི་མི་དྲག་དང་དཔོན་རིགས་ལ་གནང་བའི་མཚན་གནས་ཤིག་ཡིན། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་དུས་སུ་ཆིང་གོང་མས་བོད་ཀྱི་མི་དྲག་ལ་ཛ་སག་གི་ཆོ་ལོ་གནང་སྲོལ་ཚུགས། ཐོག་མར་ཤིང་སྟག1734ལོར་ཆིང་གོང་མ་ཡུང་ཀྲེང་གིས་སྒེར་ཧོར་ཁང་མི་ངོ་རབ་བརྟན་དོན་གྲུབ་ལ་རིམ་པ་དང་པོའི་ཛ་སག་ཐའི་ཇིའི་ཆོ་ལོ་བསྩལ། དེ་ནས་བཟུང་ཧོར་ཁང་གི་མི་རྒྱུད་ལ་ཛ་སག་གི་མཚན་གནས་ཡོད་དེ་སྒེར་པའི་ཁྲོད་ཉེ་རབས་བར་ཧོར་ཁང་ཛ་སག་ཅེས་སྙན་གྲགས་ཆེ་བར་བྱུང་། ཕྱིས་སུ་ནི་ཛ་སག་གི་གོ་མིང་ཐོབ་ཐང་ཡོད་པ་ཅུང་རྒྱ་ཆེ་བར་འདུག་སྟེ། གཅིག་ནི་སྒེར་པ་ཡིན་པའི་དཔོན་རིགས་མི་ཉུང་བ་ཞིག་ལ་ཛ་སག་གི་མིང་གནས་ཡོད་པ། དཔེར་ན་ཛ་སག་འཕྲེང་རིང་གཙོ་དྲག་རྣམ་རྒྱལ་དང་། ཛ་སག་ཕ་ལྷ་བཀྲ་ཤིས་དབང་ཕྱུག་ལྟ་བུའོ། །གཉིས་ནི་སྲིད་སྐྱོང་གི་བླ་བྲང་ཕྱག་མཛོད་སེར་མོ་བ་ལ་ཛ་སག་གི་མཚན་གནས་ཡོད་པ་དཔེར་ན། དེ་མོ་སྲིད་སྐྱོང་གི་བསྟན་རྒྱས་གླིང་བླ་བྲང་ཛ་སག་ལྟ་བུའོ། །
       ཐའི་ཇི་ནི་མན་ཇུའི་སྐད་ཡིན་ཟེར་ཏེ། རྒྱ་སྐད(台吉)ནས་སོག་སྐད་དུ་ཟུར་ཆག་ཅེས་འདོད་མཁན་ཡང་ཡོད། ཆིང་གོང་མས་སོག་པོའི་མི་དྲག་དང་སྡེ་ཚོའི་དཔོན་ལ་ཐའི་ཇིའི་མཚན་གནས་གནང་བ་དང་དེའི་རིམ་པ་ནི་གུང་གི་འོག་མ་ཡིན། ཐའི་ཇི་ལའང་རིམ་པ་བཞི་ཡོད་པ་དང་ཆིང་གོང་མ་ཁང་ཤི་ཡིས་ལྕགས་གླང1721ལོར་ཇུན་གར་འགོག་རྒོལ་དམག་འཁྲུག་ནང་བྱས་རྗེས་ཡོད་པའི་བོད་ཀྱི་མི་དྲག་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་དང་སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་ལ་ཐའི་ཇི་རིམ་པ་དང་པོའི་མཚན་གནས་བསྩལ་ཞེས་ཡིག་ཚང་ལ་གསལ། ཕྱིས་ཆིང་གོང་མ་རིམ་བྱོན་གྱིས་བོད་ཀྱི་མི་དྲག་བསམ་ཕོ་ཕྱག་རྡོར་དབང་ཕྱུག་དང་། བུ་བསམ་ཕོ་ཟིལ་གནོན་ཕུན་ཚོགས། དེའི་བུ་བསམ་ཕོ་རྒྱལ་མཚན་དངོས་གྲུབ་སོགས་ལ་རིམ་པ་དང་པོའི་ཐའི་ཇིའི་ཏོག་གནས་བསྩལ་ཡོད་ཀྱང་ཕ་ཚ་བུ་རྒྱུད་འཇགས་གནས་མིན།
བཅར་འདྲི་བ། རྒན་ལགས་ནས་སྒེར་པའི་ལས་གནས་ཀྱི་གོ་མིང་དེ་དག་གནས་རིམ་པ་བདུན་གྱི་ཁོངས་སུ་ཇི་ལྟར་བསྡུ་དགོས་ཚུལ་གསུངས་རོགས།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། གནས་རིམ་པ་དང་པོ་ནི་སྲིད་སྐྱོང་ཡིན། གནས་རིམ་པ་གཉིས་པ་ནི་སྲིད་བློན་དང་སྲིད་ཚབ་ཡིན། གནས་རིམ་པ་གསུམ་པ་ལ་ཆེ་འབྲིང་ཆུང་གསུམ་ཡོད། ཆེ་བ་ནི་བཀའ་བློན་བཞི་དང་། རྒྱལ་ཡབ། གུང་། སེར་མོ་བ་སྤྱི་ཁྱབ་མཁན་སོགས་ཡིན། འབྲིང་བ་ནི་བཀའ་བློན་ལས་ཚབ་སྟེ་བཀའ་ཚབ་ཅེས་པ་དེ་ཡིན། ཆུང་བ་ནི་དམག་སྤྱི་དང་། ཛ་སག ཐའི་ཇི་སོགས་ཡིན། ཛ་སག་གྲས་སུ་སྲིད་སྐྱོང་གི་གམ་བཅར་སེར་མོ་གཅིག་ཡོད་པ་དེ་ལ་སྐུ་སྒེར་ཛ་སག་ཅེས་པའི་མིང་ཐོག་ནས་གནས་རིམ་གསུམ་པ་ཆུང་བའི་གྲས་སུ་གཏོགས། གནས་རིམ་པ་བཞི་པ་ལ་སྤྱི་ཁྱབ་དང་། མདའ་དཔོན། རྩིས་དཔོན། ཕོགས་དཔོན། རྩེ་ཕྱག བླ་ཕྱག་སོགས་ཡོད། དམིགས་བསལ་ཞིག་ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སྒེར་གྱི་མི་དྲག་ཁ་ཤས་ལ་གཞུང་གི་ལས་གནས་དངོས་གང་ཡང་མེད་ཀྱང་མཚན་སྙན་ཙམ་ལ་རིམ་བཞིའི་གནས་རིམ་གནང་སྲོལ་འདུག་པ་དཔེར་ན། རིམ་བཞི་འཕྲེང་རིང་གཙོ་དྲག་རྣམ་རྒྱལ། རིམ་བཞི་ཕ་ལྷ་བཀྲ་ཤིས་དབང་ཕྱུག་ལྟ་བུ་ཡིན། གནས་རིམ་པ་ལྔ་པའི་ལས་ཚན་ཁོངས་ལ་བཤེར་དཔང་གཉིས་དང་། མི་དཔོན་གཉིས། ཞོལ་གཉེར་གཉིས། ལྷ་གཉེར་གཉིས། སྦྲག་སྤྱི་གཅིག རྫོང་འགོ་ཆེ་གྲས་ཀྱི་རྫོང་སྡོད་ཉི་ཤུ་རྩ་བཞི། རུ་དཔོན་བཅུ་གཉིས་བཅས་ཡོད། གནས་རིམ་དྲུག་པའི་གྲས་སུ་བཀའ་མགྲོན་གསུམ་དང་། བཀའ་དྲུང་ཆེ་བ་གཉིས། ཆིབས་དཔོན་ཆེ་མོ་གཉིས། རྩིས་ཁང་ལས་ཁུངས་ཀྱི་རྩིས་པ། རྫོང་གཞིས་འབྲིང་གྲས་ཀྱི་རྗོང་སྡོད་བཅས་ཡོད། གནས་རིམ་བདུན་པ་ནི་རྩམ་ལེན་པ་དང་། ཤིང་གཉེར། ཕྱུགས་གཉེར། དམག་དྲུང་། བཀའ་དྲུང་ཆུང་བ། འགག་པ། གུར་པ། རྫོང་གཞིས་ཆུང་གྲས་ཀྱི་གཞིས་སྡོད་བཅས་ཡིན། དེའི་ཁོངས་སུ་བྱང་རྒྱུད་དང་ཁམས་ཁུལ་གྱི་རྫོང་གཞིས་དང་འགོ་པ་སོགས་ཚུད་མེད།
བཅར་འདྲི་བ། སྔོན་ཆད་བོད་ལ་སྒེར་པའི་གྲགས་ཅན་ཁྱིམ་རྒྱུད་གཙོ་བོ་གང་དག་ཡོད་པ་དང་ཁྱིམ་རྒྱུད་དེ་དག་གི་རྩ་བའི་གནས་ཚུལ་ཇི་འདྲ་ཡིན་པ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། བཀའ་ཤག་གི་གཞུང་ཡིག་ལྟར་ན་སྒེར་པའི་གྲགས་ཅན་ཁྱིམ་རྒྱུད་ལ་ཡབ་གཞིས་དྲུག་དང་། སྡེ་དཔོན་བཞི། མི་དྲག་ཁྱིམ་རྒྱུད་བཅོ་བརྒྱད་ཡོད།
       ཡབ་གཞིས་དྲུག་ནི། ༡ བསམ་ཕོ། ཡབ་གཞིས་འདི་ནི་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡབ་གཞིས་ཡིན་ཞིང་། ལྕགས་བྱི1720ལོར་སྐལ་བཟང་རྒྱ་མཚོ་དགུང་གྲངས་བཅུ་གསུམ་ཐོག་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་རྗེས་ཡབ་བསོད་ནམས་དར་རྒྱས་དང་སྐུ་མཆེད་རྣམས་སྐུའི་འཁྲུངས་ཡུལ་ལི་ཐང་ལྷོ་ཞོལ་ནས་དབུས་སུ་ཕེབས། གཞུང་ས་ཡིས་ཟངས་རིའི་ཕྱོགས་ནས་གཟིགས་བཟོས་དང་འཚོ་རྟེན་ལྟ་བུར་གཞིས་ཀ་ཕུལ། དེ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཡབ་དང་བུ་སྤུན་སྐུ་མཆེད་ལ་གཞིས་ཀ་འབུལ་བའི་ལམ་སྲོལ་ཆགས་པས། བསམ་ཕོ་ནི་ཡབ་གཞིས་ཞེས་མིང་ཐོགས་པའི་ཁྱིམ་ཚང་དང་པོ་དེ་ཡིན།
       ༢ ལྷ་ཀླུ། ཡབ་གཞིས་དེའི་ལྷ་སའི་གཟིམ་ཤག་ནི་ལྷ་ཀླུ་དགའ་ཚལ་དུ་ཡོད་པས་ཡབ་གཞིས་ལྷ་ཀླུ་ཞེས་མིང་ཐོགས། དེ་ནི་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་སྐུ་ཐོག་གཉིས་ཀྱི་ཡབ་གཞིས་ཡིན། སྐུ་ཕྲེང་བཅུ་གཉིས་པ་ཁྲི་ལ་འཁོད་རྗེས་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་ལ་བུ་རྒྱུད་ཆད་པས་གཞུང་ས་ནས་ལོགས་སུ་ཡབ་གཞིས་མ་ཕུལ་བར་སྐུ་ཕྲེང་བརྒྱད་པའི་ཡབ་དང་གཅེན་པོ་ལ་སོགས་པ་བཅུ་གཉིས་པའི་ཡབ་གཞིས་སུ་འདོད་པ་གཅིག་སྒྲིལ་གནང་།
       ༣ གཡུ་ཐོག རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་སྒེར་པ་གཡུ་ཐོག་ཅེས་པ་ཞིག་ཡོད་པ་དེ་ནི་བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད་རྙིང་ཁུངས་ཤིག་ཡིན་ཏེ། སྤུ་རྒྱལ་བཙན་པོའི་དུས་ཀྱི་གསོ་རིག་མཁས་ཅན་གཡུ་ཐོག་ཡོན་ཏན་མགོན་པོའི་རྒྱུད་ལས་མཆེད་ཟེར། ཆུ་རྟ1822ལོར་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དགུང་གྲངས་བདུན་ཐོག་པོ་ཏ་ལའི་ཕོ་བྲང་དུ་ཁྲི་གསོལ་མཛད་པ་དང་སྦྲགས་ཡབ་ཡུམ་སྐུ་མཆེད་རྣམས་སྐུའི་འཁྲུངས་ཡུལ་ལི་ཐང་ཤོག་དྲུག་སྒྲོ་མདོངས་ནས་དབུས་སུ་ཕེབས། གཞུང་ས་ཡིས་ལྷ་སར་སྒེར་གཡུ་ཐོག་ཏུ་ཡབ་གཞིས་ཀྱི་བཞུགས་གནས་གཏན་འཁེལ་བྱས། དེ་ཡང་སྐབས་དེར་སྒེར་གཡུ་ཐོག་པའི་རུས་རྒྱུད་ཆད་དེ་གཞུང་ཞབས་ཞུ་དམིགས་མེད་པས་སྒེར་པ་དེའི་ས་ཁང་ཕ་གཞིས་རྣམས་ཆུང་སྲིད་ཀྱི་ཡབ་ཚང་ལ་ཕུལ་བས། དེ་ནས་བཟུང་ཡབ་གཞིས་གཡུ་ཐོག་ཅེས་གྲགས།
       ༤ ཕུན་ཁང་། ཕུན་ཁང་གི་མིང་ཆ་ཚང་ལ་ཕུན་ཚོགས་ཁང་གསར་ཟེར། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡབ་གཞིས་ཡིན། ཆུ་ཕོ་སྟག1842ལོར་ཆུང་སྲིད་དགུང་གྲངས་ལྔའི་ཐོག་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་བ་དང་ཆབས་ཅིག་ཡབ་དཀོན་རྩེ་ཚེ་དབང་དོན་གྲུབ་དང་། ཡུམ་གཡུང་དྲུང་བུ་ཁྲིད་སོགས་སྐུ་མཆེད་རྣམས་འཁྲུངས་ཡུལ་ཁམས་མགར་ཐར་ནས་དབུས་སུ་ཕེབས། གཞུང་ས་ཡིས་སྔོན་སྲོལ་ལྟར་ཡབ་ཚང་ལ་རྒྱལ་རྩེ་ལྕང་ལོའི་ཕྱོགས་ནས་འཁྱོངས་ཐེབས་གཞིས་ཀ་རྒྱ་ཆེ་ཕུལ་བ་དང་ལྷ་སར་ཡབ་གཞིས་གསར་དུ་བསྐྲུན་པར་ཕུན་ཚོགས་ཁང་གསར་དུ་གྲགས་པས་ཡབ་གཞིས་ཕུན་ཁང་ཞེས་མིང་ཐོགས།
       ༥ གླང་མདུན། ཡབ་གཞིས་འདི་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡབ་གཞིས་ཡིན་ཞིང་། ས་ཡོས1879ལོའི་བོད་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་ཆུང་སྲིད་གསེར་ཁྲིར་མངའ་གསོལ་དངོས་སུ་བསྐྱངས་རྗེས་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་གཙོས་པའི་ཡབ་ཚང་སྐུ་མཆེད་རྣམས་ཆུང་སྲིད་འཁྲུངས་ཡུལ་དྭགས་པོ་གླང་མདུན་ནས་དབུས་སུ་ཕེབས་ཏེ་གཞུང་ས་ནས་སྔར་ལམ་ལྟར་གཞིས་ཀ་རྒྱ་ཆེར་ཕུལ་བས་ཡབ་གཞིས་གླང་མདུན་ཞེས་གྲགས།
       ༦ སྟག་ལྷ། ཡབ་གཞིས་འདི་ནི་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡབ་གཞིས་ཡིན། ལྕགས་འབྲུག1940ལོའི་བོད་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ཆུང་སྲིད་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་ནང་གསེར་ཁྲི་མངའ་གསོལ་གྲུབ་རྗེས་ཡབ་ཡུམ་གཙོས་པའི་སྐུ་མཆེད་རྣམས་འཁྲུངས་ཡུལ་ཨ་མདོ་སྟག་འཚེར་ནས་དབུས་སུ་འབྱོར། གཞུང་ས་ནས་སྔར་ལམ་ལྟར་འཁྱོངས་གཞིས་འཁྱོངས་སྣོན་དུ་བྱ་ཡུལ་དང་། སྦྱོར་ར། སྣེའུ། འབྲོང་རྩེ། ཟས་ཞིམ། རྒྱ་མཚོ་སྨད་བཅས་དྲུག་ཕུལ་བ་དང་ལྷ་སར་བཞུགས་ཁང་གསར་སྐྲུན་བྱས་པས་ཡབ་གཞིས་སྟག་ལྷའམ་སྟག་འཚེར་ཞེས་གྲགས།
       རྒྱལ་བ་སྐུ་ཕྲེང་ལྔ་པ་དང་དྲུག་པའི་སྐུ་དུས་སུ་ཡབ་གཞིས་ཕུལ་སྲོལ་མེད་པ་དང་། སྐུ་ཕྲེང་དགུ་པའི་ཡབ་ཚང་ལ་ཡབ་གཞིས་མ་ཕུལ་གོང་ཡབ་གཤེགས་པ་དང་རྒྱལ་བ་སྐུ་ཕྲེང་དགུ་པའང་དགུང་ལོ་བཅུ་གཅིག་ལ་དགོངས་པ་རྫོགས་པས་ཡབ་གཞིས་མེད་ཅིང་། ཕྱིས་སུ་ཡུམ་དང་སྐུ་མཆེད་རྣམས་སྒེར་ཟུར་ཁང་དང་འདོད་པ་གཅིག་ཏུ་བསྒྲིལ།
       སྡེ་དཔོན་ཁྱིམ་རྒྱུད་བཞི། དགའ་བཞི་བ། དགའ་བཞི་བའི་ཕ་གཞིས་ནི་རྒྱལ་རྩེའི་ཕྱོགས་སུ་ཡོད། ལྷ་སའི་སྡོད་ཁང་ལ་རྡོ་རིང་ཞེས་འབོད་པས་དགའ་བཞི་བ་མགོན་པོ་དངོས་གྲུབ་རབ་བརྟན་ལ་རྡོ་རིང་པཎྜིཏ་དང་། དགའ་བཞི་བ་བསྟན་འཛིན་དཔལ་འབྱོར་ལ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡང་ཟེར། བཀའ་ཤག་གཞུང་ཡིག་ཞབས་སྡོད་དྲུང་གནས་ཀྱི་མིང་ཐོར་སྡེ་དཔོན་ཞེས་པའི་མིང་གྲལ་གྱི་དང་པོར་འཁོད། དུས་རབས་བཅོ་བརྒྱད་པའི་ནང་དགའ་བཞི་བ་མགོན་པོ་དངོས་གྲུབ་རབ་བརྟན་དང་བསྟན་འཛིན་དཔལ་འབྱོར་མེས་དབོན་གཉིས་ཀྱིས་བཀའ་བློན་གྱི་ལས་ཞབས་རྒྱུན་རིང་འཁུར་བས་སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་དོན་གནད་ཐད་ནུས་པ་དང་ཤུགས་རྐྱེན་ཆེ་བར་བྱུང་།
       མདོ་མཁར་བ། མདོ་མཁར་བ་ནི་རུས་རྒྱུད་ཆེས་རྙིང་ཁུངས་ཤིག་ཡིན་ཏེ། བོད་ཀྱི་མིའུ་གདུང་དྲུག་གི་ནང་ཚན་བྱང་སྟག་ལུང་ག་ཟིའི་གདུང་རྒྱུད་ཡིན་སྐད། ལྷ་སའི་སྡོད་ཁང་ལ་རག་ཁ་ཤག་ཟེར། མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་ནི་དུས་རབས་བཅོ་བརྒྱད་པའི་ནང་བོད་ཀྱི་ཆབ་སྲིད་དང་། རིག་གནས་ཐད་སྙན་གྲགས་ཆེ་བའི་ཆབ་སྲིད་མི་སྣ་དང་རིག་གནས་མཁས་ཅན་ཞིག་ཡིན།
       ཐོན་པ། ཐོན་པའི་མ་གཞིས་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་ཤང་ཁོངས་སུ་ཡིན། ལྷ་སའི་སྡོད་ཁང་ལ་བླ་བྲང་རྙིང་པ་ཟེར། སྡེ་དཔོན་འདི་པའི་ཁྱིམ་ཚང་ཐོན་མི་སམ་བྷོ་ཊའི་མི་རྒྱུད་ཡིན་པར་གྲགས་ཀྱང་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོས་ཞལ་བཞེས་གནང་མེད་པ་མཛད་རྣམ་ལ་གསལ། ལོ་རྒྱུས་ཐོག་ཐོན་པའི་མི་ངོ་རིམ་བྱུང་གིས་བཀའ་བློན་སོགས་གཞུང་ཞབས་རིམ་པ་མཐོ་དམའ་ཅི་རིགས་ཀྱི་ལས་ཞབས་ཞུས་ཡོད་ཀྱང་། སྲིད་ཐོག་དམིགས་བསལ་གྱི་བྱས་པ་བཞག་པའི་མི་སྣ་འདི་ཡིན་ཞེས་ཧ་ལམ་བྱུང་མེད་པར་སྣང་།
       ལྷ་རྒྱ་རི། ལྷ་རྒྱ་རིའི་ཁྱིམ་རྒྱུད་ནི་སྤུ་རྒྱལ་བཙན་པོ་དར་མ་འུ་དུམ་བཙན་གྱི་གདུང་རྒྱུད་ཡར་ལུང་ཇོ་བོའི་རྒྱུད་ལས་མཆེད་པ་ཡིན་པར་གྲགས་པས་བོད་ཀྱི་ལོ་རྒྱུས་ཐོག་དམིགས་བསལ་ཅན་གྱི་ས་གནས་དཔོན་ཆེན་ཞིག་ཡིན་ཞིང་། ལྷ་རྒྱ་རིའི་མི་ཐོག་དང་པོར་ལྷ་དགྲ་ལྷ་རྣམ་རྒྱལ་ཟེར་བ་དང་། དེས་དུས་རབས་བཅོ་ལྔ་པའི་ནང་ཨེ་སྟོད་རྒྱ་རིར་རྫོང་བརྩིགས་པ་དང་ཕོ་བྲང་བཏབ་སྟེ་གཞིས་ཆགས། དེ་ནས་རིམ་བཞིན་ཨེ་ཕྱོགས་ཀྱི་ཡུལ་རྒྱ་ཆེར་དབང་བསྒྱུར་བས་ཕྱིར་སྡེ་པ་རྒྱ་རི་བའམ་སྡེ་དཔོན་རྒྱ་རི་དང་། ནང་དུ་རྒྱ་རི་ཁྲི་ཆེན་ཞེས་མིང་ཐོབ། དགའ་ལྡན་ཕོ་བྲང་སྲིད་དབང་དབུ་བརྙེས་རྗེས་སྡེ་པ་རྒྱ་རི་བ་ནི་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་ཡིན་ཞེས་པའི་ངོས་ནས་གཞུང་སའི་མཛད་སྒོ་ཆེ་ཁག་ཏུ་རྒྱ་རི་ཁྲི་ཆེན་ཞེས་བརྩི་མཐོང་ཆེ་ཞིང་། གདན་ཐོབ་ཀྱང་གཞུང་ཞབས་གནས་རིམ་གསུམ་པ་ཡན་ལས་མཐོ་ཞེས་ཟེར། རྒྱ་རི་ཁྲི་ཆེན་གྱིས་རང་འོག་མངའ་འབངས་མི་སེར་ནས་ཐད་ཀར་ཁྲལ་བསྡུས་པ་དང་ཡུལ་ཁྲིམས་རང་ཐག་རང་གིས་བཅད་ཆོག་པའི་ཁྲིམས་བདག་ཆེས་རང་བཙན་ལྟ་བུའི་དབང་ཆ་ཡོད།
       བཀའ་ཤག་ཐོ་གཞུང་དེར་མི་དྲག་ཁྱིམ་རྒྱུད་བཅོ་བརྒྱད་གསལ་ཏེ། ཕ་ལྷ་དང་། བཤད་སྒྲ། ཟུར་ཁང་། ཧོར་ཁང་། ལྕང་ལོ་ཅན། ཚ་རོང་། རམ་པ། འཕྲེང་རིང་། ལྷ་སྡིངས། ང་ཕོད། ཞོལ་ཁང་། བཀྲས་མཐོང་། རྣམ་སྲས་གླིང་། གསར་བྱུང་བ། ཤེལ་དཀར་གླིང་པ། ཁེ་སྨད། བྷྲུམ་པ། བཤད་ཟུར་བཅས་ཡིན། སྤྱིར་མི་དྲག་ཡིན་ཚེ་ཡབ་གཞིས་དང་། སྡེ་དཔོན་གཉིས་དང་འདྲ་བས་སྒེར་པ་ཆེ་ཁག་ཁོངས་སུ་གཏོགས། བཀའ་ཤག་ཐོ་གཞུང་དེའི་ནང་གི་མི་དྲག་ཁྱིམ་རྒྱུད་བཅོ་བརྒྱད་ལ་རིགས་གསུམ་ཡོད་པར་སྣང་སྟེ། རིགས་གཅིག་ནི་མིང་དོན་མཚུངས་པའི་སྒེར་པ་ཆེན་པོ་ཡིན། ཕ་ལྷ་དང་། བཤད་སྒྲ། ཟུར་ཁང་། ང་ཕོད། ཧོར་ཁང་ལ་སོགས་ལྟ་བུ། རིགས་གཉིས་པ་ནི་ཁྱིམ་རྒྱུད་ཁག་གཅིག་ས་ཁང་ཕ་གཞིས་དེ་ཙམ་རྒྱ་ཆེན་པོ་མེད་ཀྱང་དེ་དག་གི་མི་ངོས་དུས་རབས་ཉི་ཤུའི་ནང་བཀའ་བློན་དང་བཀའ་ཚབ་ཀྱི་ལས་གནས་ཁུར་བས་མི་དྲག་ཁོངས་སུ་ཚུད་པ་བཀྲས་མཐོང་བ་དང་། གསར་བྱུང་བ། ཤེལ་དཀར་གླིང་པ། བཤད་ཟུར་སོགས་ལྟ་བུ། རིགས་གསུམ་པ་ནི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཐོག་བཀའ་བློན་བྱེད་མི་བྱུང་མ་མྱོང་ཡང་གྲགས་ཅན་གྱི་སྒེར་པའི་ཁྱིམ་རྒྱུད་ཡིན་པ། ལྕང་ལོ་ཅན་དང་རྣམ་སྲས་གླིང་ལྟ་བུ།
བཅར་འདྲི་བ། འོ་ན་སྒེར་འབྲིང་དཀྱུས་སུ་གཏོགས་པའི་ཁྱིམ་རྒྱུད་གཙོ་བོ་གང་དག་ཡོད་པའི་སྐོར་རྒན་ལགས་ཀྱིས་ང་ཚོར་མུ་མཐུད་ངོ་སྤྲོད་རགས་ཙམ་གནང་རོགས།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། སྒེར་པ་འབྲིང་དཀྱུས་ཞེས་པ་ནི་སྒེར་པ་ཆེ་ཁག་དང་བསྡུར་ཚེ་ས་ཁང་ཕ་གཞིས་ཆུང་བ་དང་། མངའ་འོག་གི་མི་སེར་ཉུང་བ། དབང་ཐང་ཞན་པ་སོགས་ཀྱི་དྲུང་འཁོར་ཕལ་པ་ལ་ཟེར། སྒེར་འབྲིང་དཀྱུས་དབར་ལ་ཁྱིམ་རྒྱུད་རྙིང་ཁུངས་ཡིན་མིན་དང་། ས་ཞིང་རྒྱ་ཁྱོན་ཆེ་ཆུང་། མི་རྩ་མང་ཉུང་ཐོག་ནས་དབྱེ་བ་ཡོད་པ་ལས་དེ་མིན་གྱི་དབྱེ་མཚམས་མཐའ་གཅིག་ཏུ་ངེས་པའི་ཚད་འཛིན་གྱི་ཡུལ་ཞིག་མེད་པར་སྣང་། ངའི་སྒེར་པའི་ལོ་རྒྱུས་དེབ་ནང་དུ་སྒེར་འབྲིང་དཀྱུས་ཁོངས་ལས་བཀའ་བློན་ཁྱིམ་རྒྱུད་བཅུ་གཉིས་དང་། མདའ་དཔོན་ཁྱིམ་རྒྱུད་གསུམ། རྩིས་དཔོན་ཁྱིམ་རྒྱུད་གསུམ། དེ་མིན་སྒེར་པ་ཁྱིམ་རྒྱུད་བཞི་བཅུ་ཙམ་ངོ་སྤྲོད་བྱས་ཡོད། བཀའ་བློན་ཁྱིམ་རྒྱུད་བཅུ་གཉིས་ནི་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་སྒེར་འབྲིང་དཀྱུས་ཡིན་པར་སྣང་བའི་ལྕང་རྒྱབ་པ་དང་། སྤོ་ཤོད། དཔལ་ལྷུན། མཚོ་སྒོ་བ། རང་བྱོན། བཀྲས་ཁང་། གླང་མཐོང་བ། སྨན་སྟོད་པ། གནང་བྱུང་བ། ཁྲི་སྨོན་པ། བོན་ཤོད། ཀ་ཤོད་བཅས་ཡིན་པ་དང་། མདའ་དཔོན་ཁྱིམ་རྒྱུད་གསུམ་ལས་རྒྱལ་རྩེ་ལྕང་ལོ་ཅན་པ་ནི་གཙང་རྒྱལ་རྩེ་ཁུལ་གྱི་སྒེར་པ་རྙིང་ཁུངས་ཀྱི་ཁྱིམ་རྒྱུད་ཅིག་ཡིན། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་དུས་ནས་བཟུང་ཁྱིམ་ཚང་འདི་པའི་མི་ངོས་ཕ་ཚ་བུ་རྒྱུད་དུ་རིམ་པ་བཞི་པའི་གཙང་མདའ་དཔོན་ཞེས་པའི་དྲག་དཔོན་གྱི་གོ་གནས་ཁུར། པད་ཚལ་བ་ནི་གཙང་པ་སྣམ་ཁུལ་གྱི་སྒེར་པ་རྙིང་ཁུངས་ཀྱི་ཁྱིམ་རྒྱུད་ཅིག་ཡིན། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་དུས་མདའ་དཔོན་པད་ཚལ་བ་ཚེ་རིང་རྣམ་རྒྱལ་ཞེས་པ་ཞིག་བྱུང་བ་ནས་བཟུང་ཁྱིམ་རྒྱུད་འདིའི་མི་རབས་འགའ་ཡིས་གཙང་མདའ་དཔོན་གྱི་དཔོན་གནས་བསྟུད་མར་བཟུང་། ཕུ་ལུང་བ་ནི་འཕྱོངས་རྒྱས་འཕྱོས་ཁུལ་གྱི་སྒེར་པ་རྙིང་ཁུངས་ཀྱི་ཁྱིམ་རྒྱུད་ཅིག་ཡིན། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་དུས་སུ་ཕུ་ལུང་བའི་མི་ངོ་ཟིལ་གནོན་རྡོ་རྗེ་ཞེས་པས་དབུས་མདའ་དཔོན་གྱི་དཔོན་གནས་ཁུར། དེ་ནས་བཟུང་དུས་རབས་ཉི་ཤུའི་བར་ཕུ་ལུང་བའི་བུ་རྒྱུད་ཀྱིས་རིམ་པར་དབུས་མདའ་དཔོན་གྱི་ལས་ཁུར་བླངས་པས་མདའ་དཔོན་ཕུ་ལུང་བ་ཞེས་གྲགས་ཆེ་བ་བྱུང་། རྩིས་དཔོན་ཁྱིམ་རྒྱུད་གསུམ་ནི་ལུང་ཤར་དང་། ཞྭ་སྒབ་པ། བདེ་མཁར་པ་བཅས་ཡིན། ལུང་ཤར་གྱི་ཕ་གཞིས་ནི་གཙང་གི་རྟ་ནག་ཁུལ་དུ་ཡོད། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་ཀྱི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་ཉེ་རབས་བོད་ཀྱི་སྲིད་དོན་ཐོག་སྙན་གྲགས་ཆེ་བའི་ཆབ་སྲིད་མི་སྣ་ཞིག་ཡིན། ས་ལུག1931ལོར་རྩིས་དཔོན་དུ་བསྐོ་བཞག་མཛད་དེ་རྩིས་དཔོན་ལུང་ཤར་ཞེས་སྐད་གྲགས་ཆེ་བར་བྱུང་། ཤིང་ཁྱི1934ལོར་སྐྱིད་ཕྱོགས་ཀུན་མཐུན་ཚོགས་པ་བཙུགས་ཏེ་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་གནས་སྟངས་ལ་འགྱུར་ལྡོག་བཅོས་སྒྲིག་བྱ་རྒྱུའི་ལས་འགུལ་སྤེལ་བ་རྐྱེན་བྱས་ཏེ་མིག་འབྲས་བཏོན། ཞྭ་སྒབ་པའི་ཕ་གཞིས་ནི་དེང་ཆུ་ཤུར་རྫོང་ས་སྨད་ཤང་ཁོངས་ཡིན། སྟག་བྲག་སྲིད་སྐྱོང་སྐབས་ཏེ་ཆུ་ལུག1943ལོར་འབྲི་ཡུལ་བ་བསོད་ནམས་དབང་རྒྱལ་གྱི་ལས་འཁུར་ཕྱིར་འཐེན་ཚབ་ཏུ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་རྩིས་དཔོན་ལ་བསྐོ་བཞག་བྱུང་སྟེ་དབང་ཐང་ཆེ་བར་བྱུང་། བདེ་མཁར་བའི་མ་གཞིས་འཕན་ཡུལ་དུ་ཡོད་པའི་སྒེར་པ་དཀྱུས་མ་རྙིང་ཁུངས་ཤིག་ཡིན། བདེ་མཁར་བ་ཚེ་དབང་རབ་བརྟན་ནི་ཁྱིམ་རྒྱུད་དེའི་ནང་བྱུང་བའི་མི་སྣ་སྐད་གྲགས་ཆེ་ཤོས་ཡིན། གཞུང་ཞབས་ཞུས་རྗེས་ལྷ་སའི་སྡོད་ཁང་ལ་ཀླུ་ཁང་ཞེས་མིང་ཐོགས་པས་ཡོངས་གྲགས་སུ་ཀླུ་ཁང་བ་ཟེར། མེ་གླང1937ལོ་ནས་རྩིས་དཔོན་ལོ་བཅུ་གསུམ་ཙམ་བྱས་པས་བཀའ་ཤག་གི་ཡིག་རིགས་བཟོ་ཕྱོགས་སོགས་ལས་དོན་གང་ལ་རྒྱུས་མངའ་དང་ཉམས་མྱོང་ཆེ་ཞེས་སྐད་གྲགས་ཆོད། ལྕགས་སྟག1950ལོར་སྲིད་ཚབ་ཏུ་བསྐོ་བཞག་བྱས་པས་སྲིད་ཚབ་ཀླུ་ཁང་བ་ཞེས་གྲགས། དེ་མིན་ཁོ་བོའི་དེབ་ནང་སྒེར་འབྲིང་དཀྱུས་ཁྱིམ་རྒྱུད་གཞན་ལ་སྐྱིད་སྟོད་པ་དང་། སྐྱིད་སྦུག་པ། ཁྱུང་རམ་པ། མཁར་སྣ་བ། འཁྱམས་སྟོད་པ། གླིང་དབོན་པ། རྒྱལ་སྐོར་བ། རྒྱལ་གྲོང་ནང་སོ། སྒོག་མཁར་བ། ལྕང་གྲོང་། ཆ་ལུ་བ། ཆབ་ཚོམ་པ། སྟག་སྣ་བ། ཐང་སྨད། བདེ་སྨོན་བ། མདོ་སྡེ་བ། ལྡུམ་ཁང་། སྡིང་བྱ། ནུ་མ་བ། ནོར་རྒྱས་ནང་པ། སྣ་ར་སྐྱིད་གཤོངས། སྣང་དཀར་བ། སྣེ་སྟོད་པ། སྤེལ་བཞི་བ། སྤྱི་ལྕགས། ཕུན་རབ། བྱེད་པད། བྲག་འཇུན་པ། འབྲས་ཁུད། འབྲི་ཡུལ། མི་བརྒྱ་པ། མུ་བྱ་བ། སྨར་ལམ་པ། ཡུལ་ལྷ་བ། རག་རྩིབ་པ། རིན་སྒང་པ། རོང་བྲག ལ་ཐོག་ཟུར་མཁར་བ། ཤག་བྱང་། སྲེག་ཤིང་བཅས་སྒེར་འབྲིང་དཀྱུས་ཀྱི་ཁོངས་སུ་གཏོགས་པའི་ཁྱིམ་རྒྱུད་བཞི་བཅུ་ཙམ་ངོ་སྤྲོད་བྱས་ཡོད།
བཅར་འདྲི་བ། གཤམ་ལ་རྒན་ལགས་ནས་ང་ཚོར་སྒེར་པའི་གཞིས་ཀའི་དབྱེ་བ་དང་ལམ་སྲོལ་སྐོར་ཇི་འདྲ་ཡིན་མིན་རགས་ཙམ་གསུང་རོགས་ཞུ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། གཞིས་ཀའི་དབྱེ་བ་ལ་རྩ་བའི་ཆ་ནས་རིགས་གསུམ་ཡོད་དེ། གཞུང་གཞིས་དང་། ཆོས་གཞིས། སྒེར་གཞིས་གསུམ་ཡིན། གཞུང་གཞིས་ནི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ཐད་གཏོགས་གཞིས་ཀ་ཡིན་པ་དང་། ཆོས་གཞིས་ནི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེས་བདག་འཛིན་བྱས་པའི་གཞིས་ཀ་ཡིན། སྒེར་གཞིས་ནི་སྤྱིར་སྒེར་པ་ཁྱིམ་རྒྱུད་ཅིག་ལ་བདག་པའི་གཞིས་ཀ་མཐའ་དག་ལ་སྒེར་གཞིས་ཞེས་འབོད་ཐོག་ཕ་མེས་ནས་བདག་པའི་གཞིས་ཀ་ལྟེ་བ་དེ་ལ་ཕ་གཞིས་དང་། རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་ཕ་གཞིས་ཕུད་པའི་གཞིས་ཀ་ཆེ་ཆུང་ཁག་ཅིག་ཡོད་པ་ལ་གཞིས་ལག་ཟེར། རྒྱུན་སྲོལ་ལ་གཞིགས་ན་སྒེར་པ་ཕལ་ཆེ་བའི་ཁྱིམ་ཚང་གི་མིང་ནི་ཕ་གཞིས་གནས་ཡུལ་གྱི་གྲོང་ཚོའི་མིང་ལས་ཐོགས་པ་ཡིན། དཔེར་ན། སྒེར་དགའ་བཞི་བ་དང་། སྒེར་ཐོན་པ། སྒེར་བཤད་སྒྲ། སྒེར་བཀྲས་མཐོང་། སྒེར་རམ་པ། སྒེར་ལུང་ཤར། སྒེར་ཕུ་ལུང་བ། སྒེར་པད་ཚལ་བ་ལྟ་བུ་ཡིན། གཞིས་ཀ་སྩོལ་བའི་ལམ་སྲོལ་ནི་ཡབ་གཞིས་དང་། སྲིད་སྐྱོང་། བཀའ་བློན། མདའ་དཔོན། སྲིད་ཐོག་བྱས་རྗེས་ཡོད་པ། དམག་ཐོག་བྱས་རྗེས་ཅན་གྱི་སྒེར་པ་སོགས་ལ་གཞིས་ཀ་སྩོལ་སྲོལ་ཡོད། དཔེར་ན། རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་ནས་བཀའ་བློན་དང་མདའ་དཔོན་གསར་པ་བསྐོ་གཞག་གནང་སྐབས་ལས་ཞབས་དང་བསྟུན་ནས་གཞིས་ཀ་སྩོལ་བ་ལ་བཀའ་གཞིས་དང་མདའ་གཞིས་ཟེར་ལ། བཀའ་མདའ་གཉིས་ཀྱིས་རང་གི་ལས་ཞབས་འཕོས་སྐབས་གཞིས་ཀ་གཞུང་ལ་ཕྱིར་སྤྲོད་བྱ་དགོས་པ་ལས་ནམ་ཡང་བདག་འཛིན་བྱ་མི་ཆོག གཞིས་ཀ་གཞུང་བཞེས་ལམ་སྲོལ་ནི་སྲིད་དོན་གྱི་འཐབ་རྩོད་ནང་ཕམ་ཉེས་བྱུང་སྟེ་ཁྲིམས་ཆད་ཕོག་ཚེ་ཁ་དབང་གཞུང་བཞེས་ཞེས་གཞིས་ཀ་ལ་སོགས་པའི་རྒྱུ་ནོར་ལོངས་སྤྱོད་ཚང་མ་གཞུང་ནས་རྩིས་ལེན་བྱེད་པ་དང་། སྒེར་པའི་ཁྱིམ་ཚང་ཞིག་ལ་བུ་རྒྱུད་སྟོང་ནས་གཞུང་ཞབས་ཞུ་མི་མེད་པའི་རྐྱེན་གྱིས་གཞིས་ཀ་གཞུང་བཞེས་བྱེད་པ་རིགས་གཉིས་ཡོད། དེ་མིན་ཐབས་རྟེན་ནི་གཞུང་ཞབས་རྩེ་དྲུང་སྟེ་སེར་མོ་བ་སྐྱེས་ཁུངས་མི་ཚང་ཕལ་བ་རང་གཞིས་མེད་པ་ཁག་ཅིག་གིས་གཞུང་ཞབས་ཞུ་རིང་འཚོ་ཐབས་ཀྱི་དམིགས་རྟེན་ལ་སྩོལ་བའི་གཞིས་ཀར་ཟེར།
བཅར་འདྲི་བ། སྒེར་པ་ཆེ་འབྲིང་དཀྱུས་གསུམ་གྱི་གཞིས་ཀའི་ས་ཞིང་གི་དབྱེ་བ་དང་རྒྱ་ཁྱོན་ག་འདྲ་ཡོད་དམ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། སྤྱིར་སྒེར་པའི་གཞིས་ཀ་ལ་ལག་འདེབས་ས་ཞིང་དང་། ནང་ཁྲལ་མི་སེར་གྱི་ས་རྟེན། ཕྱི་ཁྲལ་རྒྱུགས་རྟེན་གྱི་ས་ཞིང་། དམག་རྟེན་གྱི་ས་ཞིང་། བོགས་རྟེན་ས་ཞིང་། ཤས་ཞིང་ས་རྟེན་ས་ཞིང་སོགས་མི་འདྲ་བ་ཡོད། གཞིས་ཀའི་ས་རྒྱའི་སྐོར་ལ་བཀའ་ཤག་གི་གཞུང་ཡིག་དང་། གཞུང་ཞབས་རྙིང་པའི་དཔྱད་ཡིག གསར་རྩོམ་དེབ་ཐེར་སོགས་ཅུང་ཟད་མི་མཐུན་ནའང་། ཡོངས་གྲགས་སུ་སོན་འགྲོའི་རྩིས་སྲོལ་ལྟར་འདོན་རེར་ཁལ120བརྩིས་ན། སྡེ་དཔོན་ལྷ་རྒྱ་རི་ལ་འདོན500ལ་སོན་ཁལ60000ཙམ་ཡོད་པ་དང་། ཡབ་གཞིས་ལྷ་ཀླུར་འདོན250ལ་སོན་ཁལ30000ཙམ་ཡོད། མི་དྲག་བཤད་སྒྲར་འདོན230ལ་སོན་ཁལ27600ཙམ་ཡོད། སྒེར་ང་ཕོད་ལ་འདོན210ལ་སོན་ཁལ25200ཙམ་ཡོད། སྡེ་དཔོན་ཐོན་པ་ལ་འདོན171ལ་སོན་ཁལ20530ཙམ་ཡོད། སྒེར་ཧོར་ཁང་གི་གཞིས་ཀ་ཡོངས་ལ་སོན་ཁལ་ཁྲི་གཅིག་ལོང་ཞེས་བྱུང་བས། ས་ཕག1959ལོའི་གོང་ཙམ་གྱི་མིང་དོན་མཚུངས་པའི་སྒེར་པ་ཆེ་ཁག་ཅིག་ཡིན་ན་གཞིས་ཀ་ཡོངས་ཀྱི་ས་ཞིང་རྒྱ་ཁྱོན་སོན་ཁལ་ཁྲི་གཅིག་ཡན་ཡོད་པར་སྣང་ཡང་། མཐའ་གཅིག་ཏུ་དེ་ལྟར་མ་ངེས་ཏེ། དཔེར་ན། སྒེར་འཕྲེང་རིང་དང་། ཚ་རོང་། ཁྲི་སྨོན། ཞོལ་ཁང་སོགས་ཁྱིམ་ཚང་འགའ་ཞིག་ནི་རུས་ཁུངས་རྩ་ཆེ་ཡིན་པ། འབྱོར་པ་ཅུང་ཆེ་བ་ཡོད་པ། ཡང་ན་མི་ངོ་བཀའ་བློན་གྱི་གོ་སར་གནས་པས་མི་དྲག་གྲས་སུ་གཏོགས་ཀྱང་གཞིས་ཀའི་ས་རྒྱ་ཁྲི་གཅིག་ལོང་མེད་པར་སྣང་།
       སྒེར་འབྲིང་དཀྱུས་ཀྱི་ས་ཞིང་རྒྱ་ཁྱོན་ནི་གོང་སྨོས་བཞིན་རྩ་བའི་ཆ་ནས་སོན་ཁལ10000མན་ནས་སོན་ཁལ1000ཡན་བར་ལ་ཡོད་པར་སྣང་སྟེ། ལྕགས་སྟག1830ལོའི་ཞིབ་གཞུང་དུ་རྒྱལ་བ་སྐུ་ཕྲེང་བཅུ་པའི་སྐུ་དུས་སུ་མིང་དོན་མཚུངས་པའི་སྒེར་པ་འབྲིང་ཁྱིམ་ཚང་འགའ་ཡི་གཞིས་ཀའི་ས་ཞིང་རྒྱ་ཁྱོན་ནི་འདི་ལྟ་སྟེ། སྒེར་རྣམ་སྲས་གླིང་ལ་འདོན42ལ་སོན་ཁལ5040དང་། སྒེར་མཚོ་སྒོ་བར་འདོན38ལ་སོན་ཁལ4560ཙམ་ཡོད། སྒེར་རྒྱལ་རྩེ་ལྕང་ལོ་ཅན་ལ་འདོན18ལ་སོན་ཁལ2160ཙམ་ཡོད། སྒེར་པ་སྣམ་སྐྱིད་སྦུག་ལ་འདོན17ལ་སོན་ཁལ2040ཙམ་ཡོད། སྒེར་སྲེག་ཤིང་ལ་འདོན16སོན་ཁལ1920ཙམ་ཡོད། སོན་ཁལ1000མ་ལོང་བའི་སྒེར་གཞིས་ལ་སྒེར་མཁར་ལྡན་པར་འདོན6ལ་སོན་ཁལ720དང་། སྒེར་སྡིང་བྱ་ལ་འདོན5ལ་སོན་ཁལ600ཙམ་ཡོད། སྒེར་ལུང་ཤར་ལ་འདོན4ལ་སོན་ཁལ480ཙམ་ཡོད། སྒེར་རྡོ་གྲོང་པར་འདོན3ལ་སོན་ཁལ360ཙམ་ཡོད། སྒེར་དེ་བཞིན་པར་འདོན2དང་བཞི་ཆ་གཅིག་ལ་སོན་ཁལ270ཡོད་པ་ལྟ་བུ། གཞན་སྒེར་པ་དྲག་འབྲིང་དཀྱུས་གསུམ་ལས་འབྲིང་དཀྱུས་ལས་ཀྱང་ཆུང་བར་སྒེར་རྟ་རྐྱང་པ་ཟེར་བ་དང་། ས་ཞིང་རྒྱ་ཁྱོན་འདོན2ཏེ་སོན་ཁལ240ལས་མེད་པར་སྣང་།
བཅར་འདྲི་བ། སྒེར་པའི་ཁྱིམ་ཚང་གི་གཉེན་སྒྲིག་ལམ་སྲོལ་གང་འདྲ་ཡིན་མིན་ང་ཚོར་མདོར་བསྡུས་ཤིག་གསུངས་ན་ཆོག་གམ།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། སྒེར་པའི་གཉེན་སྒྲིག་ལ་རིགས་གཙོ་བོ་གསུམ་ཡོད། རིགས་དང་པོ་ནི་སྒེར་པ་ཆེ་ཁག་དབར་གྱི་གཉེན་སྒྲིག་ཡིན། དེ་ལའང་ཡབ་གཞིས་དབར་གྱི་གཉིན་སྒྲིག་ནི་གཡུ་ཐོག་ཚེ་རིང་དབང་འདུས་ཀྱིས་གླང་བདུན་བུ་མོ་འཆི་མེད་གཡུ་སྒྲོན་བག་མར་བསུས་པ་ལྟ་བུ་དང་། སྡེ་དཔོན་དང་ཡབ་གཞིས་དབར་གྱི་གཉེན་སྒྲིག་ནི་སྡེ་དཔོན་ཐོན་པའི་བུ་མོ་བསོད་ནམས་བདེ་སྐྱིད་ཡབ་གཞིས་ལྷ་ཀླུ་ཚེ་དབང་རྡོ་རྗེས་བག་མར་བླངས་པ་ལྟ་བུ། སྡེ་དཔོན་དང་མི་དྲག་དབར་གྱི་གཉེན་སྒྲིག་ནི་སྡེ་དཔོན་ལྷ་རྒྱ་རིའི་བུ་མོ་ཚེ་བརྟན་ཆོས་སྒྲོན་མི་དྲག་ཟུར་ཁང་དབང་ཆེན་ཚེ་བརྟན་གྱི་བག་མར་བསུས་པ་ལྟ་བུ།  ཡབ་གཞིས་དང་མི་དྲག་དབར་གྱི་གཉེན་སྒྲིག་ནི་གཡུ་ཐོག་ཚེ་རིང་དབང་འདུས་ཀྱི་བུ་མོ་བདེ་སྐྱིད་ལྷ་མཛེས་མི་དྲག་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱིས་བག་མར་བསུས་པ་ལྟ་བུ། མི་དྲག་དབར་གྱི་གཉེན་སྒྲིག་ནི་ཟུར་ཁང་དང་ཧོང་ཁང་། ཕ་ལྷ་དང་ཁེ་སྨད། ཚ་རོང་དང་ཧོར་ཁང་། ཚ་རོང་དང་འཕྲེང་རིང་དབར་གཉེན་སྒྲིག་བྱས་པ་ལྟ་བུ་དཔེ་མཚོན་མང་དུ་ཡོད།
       རིགས་གཉིས་པ་སྒེར་པ་ཆེ་ཁག་དང་འབྲིང་དཀྱུས་དབར་གྱི་གཉེན་སྒྲིག་ལ་རྣམ་པ་གཉིས་ཡོད། སྒེར་པ་འབྲིང་དཀྱུས་ཀྱི་བུ་སྒེར་པ་ཆེན་པོའི་གོ་མག་ཏུ་ལེན་པ་ཟུར་ཁང་ལ་བུ་རྒྱུད་ཆད་དེ་བུ་མོ་ཚེ་བརྟན་གཡུ་སྒྲོན་ལ་རྒྱལ་རྩེའི་སྒེར་འབྲིང་ལྕང་ལོ་ཅན་གྱི་བུ་དབང་ཆེན་ནོར་བུ་གོ་མག་ཏུ་བླངས་པ་ལྟ་བུ་དང་། སྒེར་པ་ཆེན་པོའི་ཁྱིམ་ཚང་གི་བུ་མོ་སྒེར་འབྲིང་དཀྱུས་ཀྱི་བག་མར་བསུས་པ་ཡབ་གཞིས་གཡུ་ཐོག་བུ་མོ་དྲུག་ལས་ཚེ་བརྟན་སྒྲོལ་དཀར་དང་བདེ་སྐྱིད་ལྷ་མཛེས་གཉིས་ང་ཕོད་དང་ཟུར་ཁང་གི་བར་མར་སྟེར་པ་ཕུད། དེ་བྱིངས་བུ་མོ་ཚོ་སྒེར་འབྲིང་དཀྱུས་ཚ་རྡི་དང་། གནས་བྱུང་བ། རྨར་ལམ་པ་སོགས་ཀྱིས་བག་མར་བསུས་པ་ལྟ་བུ་ཡིན།
       རིགས་གསུམ་པ་ནི་དམིགས་བསལ་གྱི་གཉེན་སྒྲིག་གི་རྣམ་པ་ཞིག་ཡིན་ཏེ། བོད་ཀྱི་སྒེར་པ་ཆེན་པོ་འགའ་ཡི་ཁྱིམ་ཚང་དང་འབྲས་ལྗོངས་རྒྱལ་པོ་ཚང་། འབྲུག་ཡུལ་གྱི་མི་དྲག ཁམས་སྡེ་དགེ་ས་སྤྱོད་པའི་དབར་ལ་གཉེན་སྒྲིག་བྱེད་སྲོལ་ཡོད་པ་དེ་ཡིན། དཔེར་ན། ཆུ་ལུག1883ལོར་འབྲས་ལྗོངས་རྒྱལ་ཐོག་བརྒྱད་པ་མཐུ་སྟོབས་རྣམ་རྒྱལ་གྱི་བཙུན་མོར་སྒེར་ལྷ་སྡིངས་ཀྱི་བུ་མོ་ཡེ་ཤེས་སྒྲོལ་མ་བསུས་པ་དང་། འབྲས་ལྗོངས་རྒྱལ་པོའི་སྲས་མོ་ཀུ་ཀུ་ལགས་ཞེས་པ་ཡབ་གཞིས་ཕུན་ཁང་གི་བུ་མགོན་པོ་ཚེ་རིང་གི་བག་མར་བསུས་པ་ལྟ་བུ། ཆུ་རྟ1942ལོར་འབྲུག་རྒྱལ་ཐོག་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་བཙུན་མོ་སྐལ་བཟང་ཆོས་སྒྲོན་གྱི་གཅེན་པོ་འབྲུག་བློན་ཆེན་འཇིགས་མེད་དཔལ་ལྡན་རྡོ་རྗེས་ཚ་རོང་བུ་མོ་ཚེ་རིང་དབྱངས་འཛོམས་བག་མར་བསུས་པ་དང་། དབུས་ཀྱི་སྡེ་དཔོན་མདོ་མཁར་བའི་བུ་མོ་ཞིག་ལྕགས་འབྲུག1880ལོར་སྡེ་དགེ་ས་སྤྱོད་པའི་བཙུན་མོར་བསུས་པ་ལྟ་བུ།
       སྒེར་པའི་གཉེན་སྲོལ་ནི་སྒེར་པའི་བུ་ལ་བག་མ་ཞིག་ལེན་དགོས་ཚེ། དང་ཐོག་བག་མའི་ལོ་དང་གཤིས་རྒྱུད་སོགས་ལ་རྩད་ཞིབ་བྱ་དགོས་པ་དང་། དེ་ནས་སྔ་རྟིང་དུ་གཉེན་དཔང་གིས་གཉེན་སྦྱོར་བྱེད་པ། སློང་ཆང་གཏོང་བ་དང་གཉེན་ཡིག་བཞག་པ། བག་མ་དངོས་སུ་བསུ་བ་དང་བག་སྟོན་ལ་རོལ་བ་ལ་སོགས་བརྒྱུད་རིམ་ཡོད། དེ་བཞིན་དུ་མག་པ་ལེན་པའི་གཉེན་སྲོལ་ལ་ཡང་རྣམ་པ་མི་འདྲ་བ་གསུམ་ཙམ་འདུག་སྟེ། གཅིག་ནི་ཡོངས་གྲགས་ཀྱི་རྒྱུན་སྲོལ་ལྟར་བུ་མོར་མག་པ་བླངས་པ། གཉིས་ནི་རང་ཁྱིམ་གྱི་མག་པ་ཡོད་པའི་བུ་མོ་དེ་འདས་རྗེས་མག་པ་གོ་མ་ལོག་ཆེད་སྒེར་ཁྱིམ་ཚང་གཞན་ཞིག་ནས་མནའ་མ་གཞན་ཞིག་བསུ་བ། གསུམ་ནི་ཁྱིམ་ཚང་ནང་མནའ་མ་ཡོད་པའི་བུ་དེ་གྲོངས་རྗེས་མནའ་མ་དེར་སྒེར་ཁྱིམ་ཚང་གཞན་ཞིག་ནས་མག་པ་བསྐྱར་མ་ལེན་པ་བཅས་ཡིན། གཞན་བུ་མོ་རྒན་གཞོན་གཉིས་ལ་མག་པ་ཁྱོ་གཅིག་ལེན་པ་དང་། ཡང་ན་བུ་རྒན་གཞོན་གཉིས་ལ་བག་མ་གཅིག་བསུ་བའི་བཟའ་ཚོ་གསུམ་གྱི་གཉེན་སྲོལ་དང་། བཟའ་མི་ཐ་དད་གྱུར་རྗེས་གཉེན་སྒྲིག་བསྐྱར་མ་བྱེད་པ་སོགས་ཡོད།
བཅར་འདྲི་བ། མཇུག་ཏུ་རྒན་ལགས་ཀྱིས་བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་གང་དག་ཡོད་པའི་སྐོར་རགས་ཙམ་གསུང་རོགས།
སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས། གོང་སྨྲས་ལྟར་ད་བར་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་བོད་ཀྱི་སྒེར་པ་རྐྱང་པའི་ལོ་རྒྱུས་བརྩམས་ཆོས་ཧ་ལམ་མཐོང་ལམ་དུ་མ་གྱུར། ཁོ་བོས་བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དཔྱད་གཞི་ནི་བོད་རྒྱ་དབྱིན་གསུམ་ལས་གྲུབ་ཡོད་དེ།  བོད་ཡིག་གི་སྐོར་ལ་ཁོ་བོ་མི་སྒེར་གྱིས་འདྲ་བཤུས་བྱས་པའི་བཀའ་ཤག་གི་སྒེར་པའི་ཁྱིམ་ཚང་ཐོ་གཞུང་གཙོས། རྒྱལ་ནང་དུ་པར་སྐྲུན་བྱས་པའི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་། པཎ་ཆེན་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར། དེབ་ཐེར་རིན་ཆེན་ཕྲེང་བ། ལྕགས་སྟག་ཞིབ་གཞུང་། རྡོ་རིང་པཎྜི་ཏའི་རྣམ་ཐར། བཀའ་བློན་རྟོགས་བརྗོད། མི་དབང་རྟོགས་བརྗོད། བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ། བརྩམས་ཆོས་མེས་པོའི་དྲང་ཐིག་སོགས་དེབ་ཐེར་དང་། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ཕྱི་གླིང་དུ་པར་འདེབས་བྱས་པའི་ཕ་ལྷ་མི་རྒྱུད་རིམ་པའི་སྲི་ཞུའི་བྱུང་བ་བརྗོད་པ་སྲོང་པོའི་གཏམ་དང་། གཡུ་ཐོག་བཀྲ་ཤིས་དོན་གྲུབ་ཀྱི་སྐུ་ཚེའི་བྱུང་བ་ཆེ་ལོང་ཙམ་ལྷུག་བརྗོད། སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་ལྷ་སའི་སྣང་ཚུལ་མདོར་བསྡུས། རྒས་པོའི་ལོ་རྒྱུས་འབེལ་གཏམ། མི་ཚེའི་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས། ལྷའུ་རྟ་རའི་ལོ་རྒྱུས། འབྲས་ལྗོངས་རྒྱལ་རབས་སོགས་ཡིན། རྒྱ་ཡིག་གི་དཔྱད་གཞི་གཙོ་བོ་ནི《清实录藏族史料》དང་།《联豫驻藏奏稿》《清代驻藏大臣传略》《西藏人物简介》《西藏的贵族和政府1728-1959》《藏族社会历史调查》(一册、四册)སོགས་ཡིན། དབྱིན་ཡིག་གི་དཔྱད་གཞི་གཙོ་བོ་ལ་འཕྲེང་རིང་རིན་ཆེན་སྒྲོལ་མའི་བོད་ཀྱི་བུ་མོ་(Daughter of Tibet)དང་། གཡུ་ཐོག་རྡོ་རྗེ་གཡུ་སྒྲོན་གྱི་གཡུའི་ཐོག་བརྩེགས་ཁང་པ།(House of the Turquose Rorf) དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཕྱོགས་བསྒྲིགས་བྱས་པའི་བོད་ཀྱི་སྐུ་དྲག(Aristocracy of Tibet)སོགས་ཡོད།
བཅར་འདྲི་བ། ད་རེས་ཀྱི་བཅར་འདྲི་འདི་ག་ཙམ་ཡིན། སློབ་དཔོན་མཆོག་གིས་གུས་པ་གཉིས་ཀྱི་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སློབ་དཔོན་མཆོག་གི་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་ལྷག་པར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།

རྩོམ་ཁུངས། ༢༠༢༥ལོའི«བོད་ལྗོང་སློབ་གྲྭ་ཆེན་མོའི་རིག་དེབ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།