logo

གསའ་ནག་པོ་ལ་སྙན་ངག་སྐོར་ནས་བཅར་འདྲི་བྱས་པ། རེ་རྐང་གླིང་།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:༢༠༢༦ལོའི«གངས་རྒྱན་མེ་ཏོག»དེབ་དང་པོ། དུས་ཚོད།:2026-03-19 ཀློག་གྲངས།:
ང་ཚོ་སྙན་ངག་གི་མཛེས་པ་དང་དོན་སྙིང་གིས་འཇིག་རྟེན་འདིར་འཚོ་ཐུབ་པར་སྨོན།

བཅར་འདྲི་བྱ་ཡུལ། གསའ་ནག་པོ།
བཅར་འདྲི་པ། «གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་། རེ་རྐང་གླིང་།
ས་གནས། ལྷ་སའི་ཀརྨ་དགོན་གསར།
དུས་ཚོད། ༢༠༢༥.༩


རེ་རྐང་གླིང་། སྙན་ངག་པ་གསའ་ནག་པོ་ལགས། ཁྱེད་བདེ་མོ།
གསའ་ནག་པོ། བདེ་མོ། ཁྱེད་བདེ་མོ།
རེ་རྐང་གླིང་། ཐོག་མར་ཁྱེད་རང་ངོ་སྤྲོད་ཅིག་དང་། རྩོམ་འབྲི་ལ་ཇི་ལྟར་ཞུགས་པའི་སྐོར་ནས་གླེང་ན།
གསའ་ནག་པོ། ངའི་མིང་ལ་སྙིང་ལྕགས་བཀྲ་ཤིས་ཟེར། རེབ་གོང་སྨད་པ་སྡོང་སྐམ་སྡེ་བར་སྐྱེས། སྐད་ཆ་ལྡབ་ལྡིབ་རེ་སྨྲ་ཤེས་པ་ནས་བཟུང་སྤོ་ལགས་ཀྱི་དྲུང་ནས་ཀ་ཁའི་སྦྱོར་ཀློག་བསླབས་ཤིང་། མཚན་ནུབ་རེ་རེར་སྤོ་རྨོ་རྣམ་གཉིས་ཀྱི་ཞལ་སྔར་གནའ་གཏམ་དང་། གླིང་སྒྲུང་། ཁེད་སོགས་ལ་ཉན་མྱོང་། བློ་རིག་དང་འཆར་སྣང་ཡང་དེ་དུས་ནས་འཕེལ་མགོ་བརྩམས། ལོ་ལྔར་སོན་པའི་སྟོན་མཇུག་ཅིག་ཏུ་ཨ་ཕས་ང་རང་སྡེ་བའི་སློབ་ཆུང་དུ་བསྐྱལ། མི་ཚེ་འདི་དབྱངས་གསལ་གྱི་རྒྱུན་ཐག་ལ་བརྒྱུས་པའི་རྟེན་འབྲེལ་གྱི་ཐོག་མའང་དེ་དུས་འགྲིག་ཅིང་། རིམ་གྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་སྐལ་བ་བྱུང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། གསར་རྩོམ་ལ་ཞུགས་པའི་དབུ་དེ་དམའ་འབྲིང་ལོ་རིམ་གཉིས་པ་ནས་ཚུགས། 2009ལོའི་སྟོན་ཀར། ང་རང་ཕ་ཡུལ་གྱི་སློབ་འབྲིང་ནས་རྫོང་མཁར་གྱི་སློབ་འབྲིང་དུ་སྤར། དེ་དུས་འཛིན་གྲྭའི་ནང་ངོ་ཤེས་གཅིག་ཀྱང་མེད་ལ་ཕ་ཡུལ་དྲན་པའི་གདུང་བའང་ཤིན་ཏུ་ལྕི་བས་ཡི་གེ་ཐན་ཐུན་གྱི་ལམ་ནས་རང་ཉིད་ཀྱི་སེམས་ཚོར་འབྲི་རྒྱུར་གོམས། གོམས་གཤིས་དེ་མཐོ་འབྲིང་བར་རྒྱུན་འཁྱོངས་བྱས།
       མཐོ་འབྲིང་ནས་བཟུང་བསླབ་ཕྱིའི་དཔེ་ཆར་ལྟ་མགོ་བརྩམས། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། རྩོམ་རིག གཞན་བླ་དཔེ་ཚོགས་དང་བདག་དཔེ་ཚོགས་སོགས་དེ་དུས་རྒྱུགས་ཆེ་བའི་དཔེ་དེབ་རྣམས་ཕལ་ཆེར་གཅིག་ཀྱང་མ་བསྐྱུར་པར་བཀླགས། ད་དུང་སྐབས་དེའི་ལོ་རྒྱུས་བསླབ་དེབ་ཏུ་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པའི་སྐོར་འཁོད་ཡོད་པས་མཚན་ཉིད་རིག་པ་ལའང་སྤྲོ་བ་ཡོད་པར་གྱུར། དེ་ལྟར། དཔེ་ཀློག་དང་བསམ་གཞིག་གི་རྒྱ་ཅུང་ཟད་ཆེ་རུ་ཕྱིན་པ་དང་བསྡོངས་རྩོམ་ཡིག་འབྲི་འདོད་ཀྱི་བློ་ཡང་ག་ལེར་སྐྱེས། ད་ལྟའང་དྲན་ཏེ། དེ་དུས་ངས«སྣང་ས་འོད་འབུམ་གྱི་རྣམ་ཐར་ལས་འཕྲོས་ཏེ་ཕོ་མོ་འདྲ་མཉམ་གླེང་བ»ལྟ་བུས་མཚོན་པའི་འབོལ་རྩོམ་དང་། ཚིགས་བཅད་སྙན་ངག རང་མོས་སྙན་ངག ལྷུག་རྩོམ་སོགས་མང་པོ་བྲིས་མྱོང་། ཡིན་ནའང་། དེ་དག་དགེ་རྒན་དང་སློབ་གྲོགས་སུ་ལའང་བསྟན་མྱོང་མེད། མཚན་ཚོགས་དང་རང་སྦྱོང་གི་སྐབས་སུ། ངས་ནི་རང་གི་སྐྱོ་སྣང་དང་ཁེར་རྐྱང་ལས་བརྡོལ་པའི་ཡི་གེ་དག་ཁ་རོག་གེར་འབྲི་དེབ་ཏུ་འགོད་བཞིན་ཡོད། དེ་གྲལ་མཚེས་ཀྱིས་མ་གཏོགས་མི་ཤེས། ད་ལྟ་བསམས་ན། ཁེར་རྐྱང་དང་ཁུ་སིམ་གྱི་ངང་ནས་རྩོམ་འབྲི་ལ་ཞུགས་པ་དེ་ཤིན་ཏུ་སྙིང་ཉེ་བོ་ཞིག་རེད་སྙམ།
       སློབ་ཆེན་ལོ་རིམ་གཉིས་པའི་སྐབས་དེར། གྲོགས་པོ་ཞིག་གི་ངོ་སྤྲོད་ལ་བརྟེན་ནས་སྙན་ངག་པ་མར་ཁུ་རྒྱལ་མཚན་དང་འཕྲད་ཅིང་། དེ་ནས་སྙན་ངག་པ་རེ་རྐང་གླིང་དང་འཕྲད། དེ་ནས་རིམ་གྱིས་བོད་ཀྱི་རྩོམ་རིག་གི་དཔུང་སྡེ་ཆེན་པོ་དང་འཕྲད། དེ་ལྟར། ང་ནི་ཆུ་ཕྲན་ཆུང་ཆུང་ཞིག་རྒྱ་མཚོར་འདྲེས་པ་བཞིན་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ཆེན་པོར་འདྲེས་ཤིང་རྩོམ་པ་པོའི་མིང་འཛིན་མཁན་ཞིག་ཏུ་གྱུར།
རེ་རྐང་གླིང་། ཁྱེད་ཀྱིས་དེང་རབས་རྩོམ་རིག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
གསའ་ནག་པོ། སྤྱིར་བཏང་དེང་རབས་རྩོམ་རིག་ཅེས་པ་ཇི་ལྟར་དར་བ་དང་། དེའི་ངོ་བོ་ག་འདྲ་ཡིན་པ། ཚབ་མཚོན་རྩོམ་པ་པོ་སུ་དང་གང་ཡོད་པ་སོགས་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་སུ་ཤིན་ཏུ་རྒྱས་པར་གསུངས་ཡོད་པས་དེ་དག་ངོ་སྤྲོད་ཀྱི་ངལ་བ་མི་བསྟེན་ལགས། ང་རང་གི་ལྟ་སྟངས་ཀྱི་ངོས་ནས་ཅུང་ཙམ་གླེང་ན། དེང་རབས་རྩོམ་རིག་ནི་མིའི་རིན་ཐང་གི་ལྟ་བ་དང་། མཛེས་རྟོག་བསམ་བློ། འཚོ་བ་དང་ཚེ་སྲོག་གི་མྱོང་བ་གཞིར་བྱས་ཏེ། བརྩེ་དུང་དང་ཕུགས་བསམ། རྟོག་བཏགས། རྨི་ལམ། སྐྱོ་གར། དྲན་ཤེས། འཁྲུལ་སྣང་སོགས་རྩོམ་རིག་གི་རྣམ་པས་སླར་མཚོན་དང་། བསྐྱར་འཚོལ། གསར་གཏོད་བྱས་པ་ཞིག་ཏུ་འདོད། དེ་ནི་སྲོལ་རྒྱུན་ལྟར་མི་ཆོས་ཀུན་སྤྱོད་དང་། སྤྱི་ཚོགས་སློབ་གསོ། ལོ་རྒྱུས། ཆབ་སྲིད་ལམ་ལུགས་སོགས་གཙིགས་སུ་བཟུང་སྟེ་སྤྱི་ཚོགས་ཀྱི་གནད་དོན་ལ་སུན་འབྱིན་དང་དགག་རྒྱག་བྱེད་པ་མིན་པར། དེས་མིའི་རྒྱུད་ཀྱི་བརྩེ་བ་སྔོག་འདོན་དང་། མཛེས་རྟོག་འཚོལ་སྙེག སྒྱུ་རྩལ་སེམས་ཁམས་བསྐྱར་སྐྲུན། དེ་བཞིན་འཚོ་བ་དང་ཚེ་སྲོག་གི་ངོ་བོ་གནས་སྟངས་གཞན་ཞིག་ལ་ཉེན་མཆོངས་བྱེད་ཕོད་པའི་འདུ་ཤེས་འཛིན་སྟངས་ཤིག་ཏུ་འདོད།
       རྩོམ་རིག་གི་རྣམ་པ་ཁོ་ནའི་ངོས་ནས་ཀྱང་དེང་རབས་རྩོམ་རིག་ནི་འགྱིགས་གཞུང་གྲུ་བཞི་མ་ཞིག་ཏུ་བསྡད་མེད་པར་ནམ་ཡང་གསར་པའི་ཕྱོགས་སུ་སྙེག་གིན་ཡོད། ཕྱི་མ་ཕྱི་མས་སྔ་མ་སྔ་མའི་རྩོམ་ཐབས་ལ་སྒྱུར་བཅོས་བཏང་སྟེ་རྩོམ་རིག་གི་རྣམ་པ་གསར་པ་དང་། བར་སྟོང་གསར་པར་ཚོད་ལྟ་བྱེད་བཞིན་མཆིས། སྣང་ཚུལ་དེ་ལོ་རེའི་ནོ་བྷེལ་རྩོམ་རིག་བྱ་དགའ་དང་བྷོའུ་ཁེར་རྩོམ་རིག་བྱ་དགའི་བརྩམས་ཆོས་དག་གིས་མཚོན་ནུས་སོ། །
རེ་རྐང་གླིང་། ཁྱེད་རང་གོ་རབས་པའི་ན་གཞོན་ཞིག་ཡིན་པའི་ཆ་ནས་མི་རབས་དེའི་ཚབ་མཛད་དེ་བོད་ཀྱི་དེང་རབས་རྩོམ་རིག་གི་ད་ལྟའི་གནས་བབ་སྐོར་ལ་རང་གི་ལྟ་ཚུལ་ཞིག་གླེང་ན།
གསའ་ནག་པོ། ང་རང་གིས་བལྟས་ན། བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དེ་ཅུང་ཉམ་ཐག་ཅིག་རེད་སྙམ། དེ་ཡང་གཅིག་ནས། རང་རེའི་རྩོམ་པ་པོ་རྣམས་ནི་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གི་རྩོམ་པ་པོ་གྲགས་ཅན་རྣམས་དང་བསྡུར་རྒྱུ་ཕར་ཞོག ད་ལྟ་སྐུ་འཚོ་ཞིང་བཞུགས་པའི་ཕྱི་གླིང་དང་རྒྱའི་ན་མཉམ་རྩོམ་པ་པོ་དག་དང་བསྡུར་ནའང་ལྟོས་བཅས་ཀྱིས་ཤེས་བྱའི་ཆུ་ཚད་དམའ་བ་དང་། རྩོམ་རིག་གི་བློ་སྦྱོང་ཞན་པ། སྒྱུ་རྩལ་མྱོང་རོལ་དང་སྒྱུ་རྩལ་གསར་གཏོད་ཀྱི་བློ་མིག་དོག་པ། དེ་ལས་གཞན་རང་ཅག་ལ་རྩོམ་རིག་རྐྱང་བར་ཤུགས་རྒྱག་མཁན་གྱི་ཆེད་ལས་རྩོམ་པ་པོ་ཉུང་བ་སོགས་ཀྱིས་རེད་སྙམ།
       གཉིས་ནས། དུས་དེབ་རྩོམ་སྒྲིག་པ་དང་རྩོམ་པ་པོ་རྒན་གྲས་སྐོར་ཞིག་གིས་ནམ་ཞར་ཡང་རྩོམ་རིག་གི་དབང་ཆ་བདག་ཏུ་བཞེས་ཏེ་དུས་དེབ་སྒེར་སྡོམ་དང་བྱ་དགའ་སྒེར་སྤྲོད། བརྩམས་ཆོས་ལ་མི་ལྟ་བར་རྩོམ་པ་པོར་ལྟ་བ་སོགས་ཉེ་རིང་ཕྱོགས་ཞེན་གྱི་དབང་དུ་ཤོར་ཏེ། མདོར་ན་རྩོམ་རིག་དང་འབྲེལ་བའི་ལས་མཐའ་དག་རྩོམ་རིག་གི་དད་འདུན་གཙང་མས་མི་གཉེར་བར་རྩོམ་རིག་ལ་བརྟེན་ནས་རང་གི་ཁེ་ཕན་བསྒྲུབས་པ་དང་མིང་གྲགས་འཚོལ་བ་སོགས་རྩོམ་རིག་རུལ་སུངས་ཀྱི་སྣང་ཚུལ་ཅུང་ཤུགས་ཆེ་བས་རེད་སྙམ།
       གསུམ་ནས། སློབ་ཆེན་ཁག་གི་དེང་རྩོམ་ཆེད་ལས་ཀྱི་དགེ་རྒན་དང་སློབ་མ་མང་ཤོས་ཤིག་གིས་དེང་རྩོམ་ལ་དོ་སྣང་ཡེ་ནས་མི་བྱེད་པར་ག་དུས་ཡིན་ཡང་སྙན་ངག་མེ་ལོང་མ་དང་གནའ་བོའི་མགུར་གླུ། རྣམ་ཐར་རྟོགས་བརྗོད་སོགས་གླེང་སྟེ་བོད་ཀྱི་དེང་རབས་རྩོམ་རིག་གི་མིག་སྔའི་གནས་བབ་དང་འགྱུར་ལྡོག  འཕེལ་རྒྱས་སོགས་ལ་གདོང་མི་གཏད་པ་དེ་རེད། དེ་བས། ལོ་རེ་རེ་བཞིན་དེང་རྩོམ་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་མང་པོ་ཐོན་གྱི་ཡོད་ནའང་རང་རེ་ལ་ཚད་ལྡན་གྱི་དཔྱད་བརྗོད་པ་ཤིན་ཏུ་ཉུང་བའི་གནད་ཀྱང་འདི་ལ་ཐུག་ཡོད། རྩོམ་རིག་དཔྱད་བརྗོད་ཀྱི་རམ་འདེགས་དང་སྣེ་ཁྲིད་མེད་ཚེ་འུ་ཅག་གི་རྩོམ་རིག་ལ་འཕེལ་རྒྱས་ཇི་ལྟར་འབྱུང་། འདི་ནི་གནད་གཙོ་བོ་ཞིག་རེད་སྙམ།
       བཞི་ནས། ན་གཞོན་རྩོམ་རིག་ལ་དགའ་མཁན་སྐོར་ཞིག་ནི་སྔར་བཞིན“རྩོམ་དད་གཞོན་ནུ”ལས་མ་འདས་ཏེ། དཔེ་ཀློག་དང་བསམ་གཞིག རྩོམ་རིག་གི་བློ་སྦྱོང་འཕེལ་ཐབས་ལ་བརྩོན་འགྲུས་མི་རྩོམ་པར། རྩོམ་རིག་གི་དཔུང་སྡེ་ག་གེ་མོར་འཚང་ཅི་ཐུབ་དང་། རྩོམ་པ་པོ་ཆེ་གེ་མོར་འབྲེལ་བ་འཛུགས་ཅི་ཐུབ་བྱེད། མདོར་ན། རྩོམ་རིག་གི་དམིགས་འདུན་མི་གསལ་ཞིང་། རྩོམ་རིག་གི་ཁ་ཕྱོགས་ལ་གོ་ནོར་ཐེབས་ཡོད་པའི་སྣང་ཚུལ་འདུག དེ་མ་ཟད། ནམ་ཞར་རྩོམ་རིག་ངག་ལ་ཁྱེར་ཏེ་ནད་མེད་འཁུན་འབྱིན་དང་། སྡུག་ཡུས་འདོན་པ། ཁེར་རྐྱང་གླེང་བ། འཁང་ར་བྱེད་པ། གང་དྲན་དྲན་ཡིག་ངོར་ཕབ་རྐྱང་བྱས་པས་བརྩམས་ཆོས་ལ་ལྗིད་ཚད་མེད་པར་ཝུ་བ་སོབ་སོབ་ལྟ་བུར་སྣང་།
རེ་རྐང་གླིང་། ཁྱེད་རང་གིས་དུས་རྒྱུན་འཚོ་བའི་ནང་དཔེ་ཀློག་དེ་གལ་ཆེན་པོར་ལྟ་གིན་འདུག དེས་ན་ཁྱེད་རང་གིས་དཔེ་ཀློག་གི་དགེ་མཚན་དང་ཉམས་མྱོང་སྐོར་ནས་ཅུང་ཙམ་བཤད་ན།
གསའ་ནག་པོ། དཔེ་ཀློག་ནི་དངོས་ནས་གལ་ཆེན་པོ་ཞིག་རེད། ཡིན་ནའང་། དཔེ་ཀློག་གི་གོམས་གཤིས་མི་འདྲ་བའི་དབང་གིས་མི་རེ་རེའི་དཔེ་ཀློག་བྱེད་སྟངས་མི་འདྲ། ང་རང་གི་ལྟ་སྟངས་ཤིག་ལ། མི་ཕལ་མོ་ཆེས་དཔེ་དེབ་ཅིག་མགོ་ནས་མཇུག་བར་ཡིག་འབྲུ་གཅིག་ཀྱང་མ་བསྐྱུར་པར་ཀློག་ཅིང་། རྟགས་འགོད་པ་དང་མཆན་འདེབས་པ། ཟིན་བྲིས་འབྲི་བ་སོགས་བྱེད། ལས་རིམ་དེ་ཚར་རྗེས་ལམ་སང་དཔེ་དེབ་གཞན་ལ་འཇུག་ཅིང་། སྨྱོ་ཧམ་ཆེན་པོས་དཔེ་དེབ་མང་པོ་ཞིག་བཀླགས་རྗེས་དེ་དག་ཏུ་བཀོད་པའི་རྟགས་དང་མཆན། ཟིན་བྲིས་སོགས་དཔེ་ཀློག་གི་གྲུབ་འབྲས་སུ་བསྒོམས། དཔེ་ཀློག་གི་བསམ་གཞིག་དང་བློ་སྐྱེད། ཤེས་རབ་སོགས་གཙིགས་སུ་མི་འཛིན་པར་བཀླགས་དེབ་ཀྱི་གྲངས་ཀ་ཇི་ལྟར་འཕེལ་ན་དེ་ལྟར་བློ་ཡིད་ཚིམ་མཁན་ཤིན་ཏུ་མང་།
       ངའི་ངོས་ནས་བཤད་ན། དེ་ལྟ་བུའི་དཔེ་དེབ་མང་པོ་ཀློག་ཐུབ་ཀྱི་མེད། ང་ནི་ཅུང་གདམ་གསེས་རང་བཞིན་གྱིས་ཧ་ཅང་བག་ཡངས་ངང་དཔེ་ཀློག་ལ་གཞུག་རྒྱུར་དགའ་པོ་ཡོད། དཔེ་ཀློག་དེ་འགན་འཁྲི་ཞིག་དང་དམིགས་ཡུལ་ཞིག་ཏུ་ནམ་ཡང་འཛིན་མི་འདོད། དེ་ནི་འཚོ་བའི་ཆ་ཤས་ཤིག་གམ། ཡང་ན་སེམས་ངལ་གསོ་སྟངས་ཤིག་ཏུ་ངོས་བཟུང་ན་འགྲིག་པར་འདོད། ང་ནི་དཔེ་དེབ་གཅིག་གི་ནང་ནས་ཟླ་གཅིག་གམ་གཉིས་རིང་སྡོད་རྒྱུར་དགའ་མཁན་དང་ཡང་ན་སྡོད་ཐུབ་མཁན་དེ་འདྲ་ཞིག་ཡིན། མཚམས་རེར་གཟའ་འཁོར་གཅིག་རིང་ཤོག་ལྷེབ་གཅིག་ཀྱང་ཀློག་མི་འདོད་པའི་སྐབས་ཀྱང་ཡོད་ངེས་ལ། ཡང་ལན་རེར་སྙན་ངག་ཚན་པ་གཅིག་བཀླགས་རྗེས་སྙན་ངག་དེ་གའི་འཇིག་རྟེན་དུ་འཕོས་ཏེ་ཉིན་བཅུ་གྲངས་ལ་དེ་ཁོ་ནར་བསམ་བློ་བཏང་སྟེ་སྡོད་པའི་སྐབས་ཀྱང་ཡོད། བརྒྱུད་རིམ་དེ་ནི་ང་ལ་མཚོན་ན་ཤིན་ཏུ་གལ་ཆེན་ཞིག་སྟེ། དེས་ང་ལ་ཟད་མི་ཤེས་པའི་མཛེས་སྡུག་ཅིག་གམ། བསམ་པའི་རྒྱགས་ཕྱེ་ཞིག་སྩོལ་ཐུབ་ཀྱིན་ཡོད། དེ་བས། ངས་དཔེ་ཀློག་ནི་རང་ཉིད་ཀྱི་དྲན་ཤེས་རྙིང་པ་དག་སླར་འཚོལ་བའམ། ཡང་ན་དྲན་ཤེས་གསར་པ་དག་ཚུར་བསྡུ་བའི་ཐབས་ཤིག་ཏུ་སེམས་བཞིན་ཡོད་ལ། དཔེ་ཀློག་ནི་རང་ཉིད་ཀྱི་འཚོ་བའི་ཤེས་རབ་དང་ཚེ་སྲོག་གི་མྱོང་རྟོགས་འཕེལ་བྱེད་ཅིག་ཏུའང་བསམས་ཡོད། ཤོག་ལྷེབ་ག་ཚོད་བལྟས་ཡོད་མེད་དེ་གཙོ་བོ་མིན་པར། དེའི་ཁྲོད་ནས་བསམ་གཞིག་དང་མྱོང་བ་གང་འདྲ་ཞིག་རྙེད་ཡོད་མེད་དེ་ཤིན་ཏུ་གལ་ཆེན་པོར་རྩི་བཞིན་ཡོད། དེ་བས། ང་ལ་མཚོན་ན་དཔེ་ཀློག་ནི་དཔེ་ཀློག་ཙམ་གྱི་ངོས་སུ་སྡོད་མི་བསམས། ཐ་ན་ཤེས་བྱ་གསོག་འཇོག་གི་ཆེད་དུའང་བྱ་མི་བསམས།
       དེ་ཡང་། བོད་ལྗོངས་སློབ་ཆེན་དུ་ཡོད་དུས་ཤིག་ལ། ངས་གྲོགས་པོ་ཞིག་ལ་ཀུ་རེ་བརྩེས་མྱོང་། དེ་དུས་ངས་ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་གྱི་དཔེ་དེབ་ཅིག་ལ་ལྟ་བཞིན་ཡོད། དཔེ་དེབ་དེའི་ནང་གི“མི་སུ་ཡིན་རུང་སྐྱེས་མ་ཐག་པ་ནས་མཚན་ཉིད་རིག་པ་བ་ཡིན”ཞེས་པའི་སྐད་ཆ་དེས་ང་རང་རྦད་དེ་ཧ་ལས་སུ་བཅུག ངས་གྲོགས་པོར“ད་ནས་བཟུང་ངས་མཚན་ཉིད་རིག་པའི་དཔེ་དེབ་ལ་མི་ལྟ། ཕྱི་རོལ་ཡུལ་ལ་མཚན་ཉིད་རིག་པའི་ལྟ་གྲུབ་འཚོལ་ཏུ་འགྲོ་རྒྱུ་ཡིན། ངའང་མཚན་ཉིད་རིག་པ་ཞིག་ཡིན་ཆོག་གི་འདུག”ཅེས་ལབ་སྟེ་སློབ་གྲྭའི་ཕྱི་རོལ་ཏུ་ཕྱིན། སྐྱིད་ཆུའི་འགྲམ་ངོགས་སུ་བསྡད་དེ་འཇིག་རྟེན་འདིའི་རྣམ་འགྱུར་མཐའ་དག་ལ་གཟབ་ནན་གྱིས་བལྟས། གློ་བུར་སྟོན་རླུང་ཟ་ཟི་ཞིག་ལྡང་སྟེ་སྡོང་ལོ་སེར་པོ་ཞིག་ཆུ་ལ་ལྷུངས། ལྷོད་ཀྱིས་རྒྱང་ལ་བཞུར། རླབས་གཉེར་ལས་འཕྲོས་ཡོང་བའི་ཉི་འོད་ཀྱིས་ང་ཡི་མིག་གཙེས། ཉམས་སྣང་དེས། ང་ལ་ཧིག་ལཱ་ཁིར་ཐི(赫拉克利特)ཡི་ཚེ་སྲོག་འཁོར་སྐྱོད་དང་། འགྱུར་སླ་སྨྲ་བའི་རིག་པ་དེར་ངེས་ཤེས་འདྲོངས་སུ་བཅུག ཡིན་ནའང་ངས་དེ་རིག་པ་ཡ་མཚན་ཞིག་རེད་མ་བསམས། ལོ་ངོ་ཉིས་སྟོང་གི་སྔོ་རོལ་དུ་དེ་ཉིད་མཚན་ཉིད་རིག་པའི་ལྟ་གྲུབ་གལ་ཆེན་ཞིག་ཏུ་ངེས་ཀྱང་ད་ལྟ་བསམས་ན་དེ་ནི་སྤྱིར་བཏང་གི་རྒྱུན་ཤེས་ཤིག་རེད། འོན་ཀྱང་། གློ་བུར་བའི་སྣང་བརྙན་དེས་ང་ལ་བྱིན་པའི་ཚོར་འདུ་དེ་རྒྱུན་ཤེས་ཤིག་མ་རེད། དེ་ནི་རྩོམ་རིག་གི་འགུལ་སྐྱོད་ཅིག་གམ་ཡང་ན་སྒྱུ་རྩལ་གྱི་མཛེས་རྟོག་ཅིག་རེད། ངས་དེ་མུར་མཛེས་རིག་གི་གཞུང་དུ“མཛེས་པ་ནི་སྐད་ཅིག་དེ་ཉིད་ཡིན”ཞེས་པའི་སྐད་ཆ་དེ་ཡིད་ལ་དྲན་ཞིང་། ཡུད་ཙམ་གྱི་རྗེས་སུ་སླར་ཡང་རྩོམ་རིག་གིས་དེ་ཉིད་རྟག་བརྟན་གྱི་མཛེས་པར་བསྒྱུར་ནུས་པའི་བློ་སྐྱེད་དང་ཡིད་ཆེས་གསར་དུ་རྙེད། 
       འོ་རེད། གོང་གི་དེ་ལྟ་བུའི་གཏམ་རྒྱུད་མང་པོ་ཡོད། དེ་ཉིད་དམིགས་བསལ་ཞིག་ཡིན་ཟེར་བ་མིན། ང་ལ་མཚོན་ན་དཔེ་ཀློག་གི་དོན་སྙིང་ནི་ཏག་ཏག་དེ་འདྲ་ཞིག་ཏུ་མཐོང་བཞིན་ཡོད་ཅེས་པ་དེའོ། །
རེ་རྐང་གླིང་། ཁྱེད་རང་བྷོར་ཧེ་ཟི(博尔赫斯)དང་པཱལ•ཁེ་ལན(保罗•策兰)སོགས་ལ་ཤིན་ཏུ་དགའ་པོ་ཡོད་ཟེར། དེར་དགའ་བའི་རྒྱུ་མཚན་དང་དེས་ཁྱོད་ལ་ཐེབས་པའི་བློ་སྐྱེད་སྐོར་བཤད་ན།
གསའ་ནག་པོ། བྷོར་ཧེ་ཟི་དང་པཱལ•ཁེ་ལན་སོགས་ནི་ངས་ནམ་ཡང་སྙན་ངག་གི་དེད་དཔོན་དུ་བཀུར་བཞིན་ཡོད། ཁོང་ཅག་གི་སྙན་ངག་བཀླགས་པས་ད་གཟོད་སྙན་ངག་ནི་སྒྱུ་རྩལ་མྱོང་རོལ་གྱི་ཚད་རིམ་ཆེས་མཐོ་ཤོས་དང་། རྩོམ་རིག་གི་རང་བཞིན་ཆེས་མངོན་པར་གསལ་ཤོས་དེ་ཡིན་པའི་གདེང་རྙེད། བྷོར་ཧེ་ཟི་ལྟར་ན་སྙན་ངག་ནི་དྲན་ཤེས་ཀྱིས་བསྐྱེད་དེ། སྙན་ངག་གི་ནུས་པ་ཆེ་ཤོས་ནི་དྲན་ཤེས་ཀྱི་ནང་དུ་དྲན་ཤེས་བླུགས་ཏེ་དུས་ཚོད་ཀྱི་བར་སྟོང་སྣ་ཚོགས་ལ་གོམ་བགྲོད་བྱས་ཆོག་པ་དེ་ཡིན་པར་གསུངས། པཱལ•ཁེ་ལན་ལྟར་ན། སྙན་ངག་གིས་ཐ་སྙད་རང་སྟེང་གི་གོ་དོན་དང་དེས་བསྐྲུན་པའི་བཀག་རྒྱ་གཏོར་ཏེ་ཆོས་གང་ཞིག་གི་ལྐོག་གྱུར་རང་བཞིན་དང་། སྣང་མིན་གྱི་ཆ་དག་སྔོག་འདོན་བྱ་དགོས་པར་འདོད། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། སྙན་ངག་གིས་མཚན་ཉིད་རིག་པར་ཚ་འདྲི་བཏང་སྟེ་དངོས་པོའི་གནས་ལུགས་དང་བདེན་གྲུབ་ལ་ཚོད་བགམ་བྱས་ཆོག་པར་དགོངས་ཡོད། དེ་བས། ནུབ་ཕྱོགས་ཀྱི་སྙན་གཞུང་སྨྲ་བ་ཁ་ཅིག་གིས“མཚན་ཉིད་རིག་པའི་གོམ་མཚམས་བཞག་ཟིན་པའི་གནས་དེར། ད་གཟོད་སྙན་ངག་སླེབ་དགོས”ཞེས་པའི་སྡོམ་ཚིག་དེ་པཱལ•ཁེ་ལན་གྱི་སྙན་ངག་ལ་སྦྱར་ཡོད་པའོ། །
       བྷོར་ཧེ་ཟི་དང་པཱལ•ཁེ་ལན་སོགས་ཀྱི་སྙན་ངག་བརྩམས་ཆོས་དང་སྙན་ངག་གི་ལྟ་གྲུབ་དེས་ངའི་སྙན་ངག་གི་ངོས་འཛིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། སྔོན་མར་ཉིན་ཐོ་ལྟ་བུའི་སྙན་ངག་འབྲིར་གོམས་པའི་ང་ལ་ཧར་སད་ཆེན་པོ་བྱུང་། སྙན་ངག་གི་བློ་སྦྱོང་དང་གོ་རྟོགས་ཀྱང་ཅུང་ཙམ་གོང་དུ་འཕེལ། ད་ལྟ་ངས་སྙན་ངག་འབྲི་བ་དེ་ཧ་ཅང་གཟབ་ནན་ཞིག་ཏུ་ལྟ་བཞིན་ཡོད་ལ། སྙན་ངག་བརྒྱུད་ནས་བག་ཆགས་ཀྱི་ཟབ་སར་བསྐུངས་པའི་རང་ཉིད་གཞན་དེ་དང་ཁ་བརྡའང་བྱེད་ཐུབ་ཀྱི་ཡོད། དེའི་ཕྱིར། སྙན་ངག་ནི་ཚིག་གི་སྡེབ་སྒྲིག་ཙམ་མིན་པར་ཤིན་ཏུ་ཚད་མཐོ་བའི་སྒྱུ་རྩལ་གྱི་བཟོ་བཀོད་རྒྱ་ཆེན་པོ་ཞིག་ལ་ངོས་འཛིན་གྱིན་ཡོད། གཞན་ཁོང་གཉིས་མ་ཡིན་པའི་ང་ལ་ཤུགས་རྐྱེན་ཐེབས་མཁན་གྱི་སྙན་ངག་པའང་མང་པོ་ཡོད་དེ། དཔེར་ན། མཱན་དེལ་སི་ཏན།(曼德尔施塔姆)དང་། སི་ཏེ་བེན་སི།(史蒂文斯) ཕའེ་སོ་ཨཱ།(佩索阿) ཝེལ་ཁེ།(里尔克) ཏོ་མ་སི• ཏྲན་སི་ཏྲོ་མེར།(特朗斯特罗姆) པཱ་སི་ཏེར་ནག(帕斯捷尔纳克)སོགས་མང་པོ་ཡོད་ཅིང་། འདིར་མཚན་ཙམ་བགྲང་བ་ཡིན།
རེ་རྐང་གླིང་། ཁྱེད་ཀྱིས་སྙན་ངག་ཅེས་པ་དེ་གང་འདྲ་ཞིག་ཏུ་ངོས་འཛིན་གྱིན་ཡོད། སྙན་ངག་པ་ཞེས་པ་དེ་ཡང་སྙིང་གང་འདྲ་ཞིག་ཏུ་ངོས་འཛིན་གྱིན་ཡོད། དེའི་སྐོར་ནས་ཅུང་ཟད་གླེང་རོགས།
གསའ་ནག་པོ། རེད་ལགས། དྲི་བ་འདི་ཅུང་དཀའ་མོ་ཞིག་རེད། ཡིན་ནའང་། རང་གི་ལྟ་སྟངས་ཀྱི་ངོས་ནས་བཤད་ན། ངས་སྙན་ངག་ཅེས་པ་དེ་ཡུལ་དང་ཡུལ་ཅན་གྱི་རྣམ་འགྱུར་ཕྲ་མོ་དག་ཚིག་དང་ཐ་སྙད་ཀྱི་ལམ་ནས་མཚོན་པར་བྱས་ཏེ། དེས་བསམ་གཞིག་སྟེར་བ། གསང་བ་སྔོག་པ། མཛེས་རྟོག་བསྐྱེད་པ། བར་སྟོང་བསྐྲུན་ནུས་པ་ཞིག་ཏུ་འདོད། སྙན་ངག་ནི་ཚིག་གི་སྐྱེད་འབྲས་ཡིན་པ་གཞིར་བཞག་ཐོག་དེས་ཚིག་གིས་མཚོན་མི་བཏུབ་པ་མང་པོ་ཞིག་ཡིད་བརྙན་དང་གཟུགས་ཁམས་ཀྱི་རྣམ་པས་བཞེངས་བཀོད་བྱ་ཐུབ་པ་ཞིག་ཡིན་དགོས་སྙམ། སྙན་ངག་ནི་བྱ་དངོས་ཀྱི་འགྲེལ་བརྗོད་མིན་པར། བྱ་དངོས་ཀྱི་མྱོང་བ་དང་། མྱོང་བ་དེས་བསྐྲུན་པའི་བློ་སྐྱེད་དང་གོ་རྟོགས། འཆར་སྣང་སོགས་ཡིན་པར་འདོད། དེ་བཞིན་དུ། སྙན་ངག་གིས་དོན་དག་གསལ་བོ་ཞིག་གམ་ཚོར་འདུ་དམར་རྗེན་ཞིག་ཐད་ཀར་དུ་བརྗོད་པ་དེ་སྐྱོན་དུ་བརྩི། སྙན་ངག་གིས་སྙན་ཚིག་ཡག་པོ་ཞིག་ལ་ཞབས་འདེགས་ཞུ་བའམ། ཀློག་པ་པོ་ཕལ་བ་ལ་མིག་ཆུ་སློང་བ་དེའང་གཙོར་མི་འཛིན།
       སྙན་ངག་ནི་རྩོམ་རིག་གི་མཐོ་སར་འགྲེངས་ཏེ། སྒྲུང་གཏམ་དང་ལྷུག་རྩོམ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་གོ་བབ་དེ་སྲུང་འཛིན་བྱ་དགོས་པར་འདོད། འོ་ན་སྙན་ངག་གི་གོ་བབ་དེ་ཇི་ལྟར་སྲུང་འཛིན་བྱ་དགོས་ཟེར་ན། གོང་དུ་བརྗོད་པ་བཞིན་སྙན་ངག་གིས་མིའི་དབང་ཤེས་དང་ཚོར་ཤེས་ཀྱི་ལོངས་སྤྱོད་དུ་གྱུར་པའི་མཛེས་པ་མཐའ་དག་ཧྲག་བསྡུས་ཀྱིས་ཚིག་དང་ཐ་སྙད་ཀྱི་འཆིང་རྒྱ་ལས་གྲོལ་ཏེ། སྒྱུ་རྩལ་མཛེས་རྟོག་གི་བར་སྟོང་རྒྱ་ཆེན་པོ་ཞིག་ཏུ་བསྡུ་ཐུབ་དགོས། ཡང་ན་སྙན་ངག་གིས་ཐ་སྙད་ཀྱི་སྨྲ་ལྕེ་གཡར་ཏེ་ཐ་སྙད་ལ་དཔྱོད་པ་མ་ཞུགས་སྔོན་གྱི་མིའི་ཤེས་པ་དང་སྣང་བ།  དྲན་པ་སོགས་བསྔོག་དགོས་པ་ཡིན། དེ་བས། སྙན་ངག་ནི་ཐ་སྙད་ཀྱི་ར་བ་ལས་མཆོངས་བརྒལ་བྱེད་ཐུབ་ཅིང་། དེས་ཐ་སྙད་རང་སྟེང་ལ་ཆགས་འཛིན(依赖)བྱ་མི་དགོས་པར་རང་སྟོབས་ཀྱིས་སྨྲ་བརྗོད་ལས་འདས་པའི་རྣམ་པར་རྟོག་པ་མང་པོ་ཞིག་བསྐྱེད་ཐུབ་པ་ཡིན། དེ་ཡང་གོ་བདེ་བར་སྤྲོས་ན། སྙན་ངག་ནི་ཚིག་དང་སྐད་ཆའི་སྒྱུ་རྩལ་ཙམ་མིན་པར། མིའི་ཀུན་རྟོག་ལས་འཁྲུངས་པའི་ཡུལ་དུས་ཀྱི་བར་སྟོང་རྒྱ་ཆེན་པོ་ཞིག་གི་ཁམས་དང་བཀོད་པ་དེ་ཡིན་པར་འདོད།
       མདོར་དྲིལ་ཏེ་བརྗོད་ན། སྙན་ངག་གིས་སྨྲ་བསམ་བརྗོད་མེད་དང་། སྣང་སྟོང་འཛིན་མེད་ཀྱི་ཆོས་དག་རྩལ་དུ་འདོན། དེའང་ཐ་སྙད་རང་སྟེང་ནས་རྩལ་དུ་གདོན་པ་མིན་པར། ཐ་སྙད་སྨྲ་མཁན་གྱི་གང་ཟག་སྟེ། སྙན་ངག་པའི་ཤེས་རབ་ཀྱིས་དེ་ཉིད་རྩལ་དུ་འདོན་པ་ཡིན། རྩལ་དུ་བཏོན་ཟིན་པ་དེའང་ཕྱི་དངོས་པོའི་གཟུགས་སུ་མངོན་པ་དེ་འདྲ་མིན་པར། ཀློག་པ་པོའི་སྒྱུ་རྩལ་མྱོང་རོལ་གྱི་བློ་དང་དྲན་ཤེས་ཀྱིས་ད་གཟོད་འཛིན་ཐུབ་པའམ་མྱོང་ཐུབ་པ་དེ་འདྲ་ཞིག་ཡིན་དགོས། གོང་འཕྲོས་འདི་དག་ནི་ངའི་སྙན་ངག་གི་ངོས་འཛིན་དང་ལངས་ཕྱོགས་ཀྱི་ངོས་ནས་བརྗོད་པའི་སྙན་ངག་ལ་སྦྱར་བ་ཡིན་གྱི་སྙན་ངག་ཏུ་བསྙད་པ་ཡོད་དོ་ཅོག་ལ་སྦྱར་བ་ནི་མིན་ནོ། །དེའི་རྐྱེན་གྱིས། བརྗོད་སྟངས་འདི་ལ་མི་འཐད་པའི་རྣམ་འགྱུར་ཡོད་ཆོག་ལ། དེ་ལས་གཞན་པའི་ངོས་འཛིན་དང་ལྟ་ཚུལ་ཡང་ཡོད་ཆོག
       དེ་བཞིན་དུ། སྙན་ངག་པ་ཅེས་པའང་དེ་ལས་མ་འདས། མཐའ་གཅིག་ཏུ་འདི་འདྲ་ཞིག་ཡིན་ཞེས་སྡོམ་ཚིག་འགོད་ཁག་པོ་རེད་དེ། ཡིན་ཡང་ང་རང་གིས་བསམས་ན། སྙན་ངག་པ་ཅེས་པ་ནི་རྣམ་འགྱུར་སྐྱེན་ཞིང་ཤེས་རབ་རྣོ་བ། རྒྱུད་ན་སྙིང་རྗེ་དང་སྐྱོ་གར་སྙིང་སྟོབས་ཡོད་པ། འཚོ་བ་དང་ཚེ་སྲོག་ལ་མྱོང་རྟོགས་དམིགས་བསལ་ཡོད་མཁན་ཞིག་ཏུ་འདོད། གཞན་ཐ་སྙད་གསར་གཏོད་དང་མཛེས་རྟོག་གསར་བཞེངས་བྱ་ཐུབ་མཁན་ཞིག་ཀྱང་ཡིན་དགོས། གཤིས་ཀའི་ངོས་ནས་ཀྱང་རང་ཉིད་ཀྱི་སྒེར་གཤིས་ཡོད་པ། ཕུགས་བསམ་དང་རྒྱབ་འགལ་དུ་མི་འགྲོ་བ། ནམ་ཡང་རང་དབང་དང་རང་སྤོབས་ཀྱིས་འཚོ་བཏུབ་མཁན་ཞིག་ཡིན་དགོས། འོན་ཀྱང་། དེང་སྐབས་རང་རེའི་ཁོར་ཡུག་ཏུ་སྙན་ངག་པ་ནི་བསམ་བློའི་གོ་རྟོགས་དམའ་ཞིང་ཡོན་ཏན་གྱི་ཆུ་ཚད་ཞན་པ། ནམ་ཡང་སྡུག་གླུ་གཏོང་མཁན་གྱི་སྨྱོན་པ་ལྟ་བུར་བརྩི། དེ་ཡང་ཕྱོགས་ངེས་ཅན་ཞིག་ནས་བཤད་ན་རང་རེའི་སྙན་ངག་པ་དག་གི་ཤེས་བྱའི་ཆུ་ཚད་དང་སྙན་ངག་གི་བློ་སྦྱོང་ཞན་པས་ཡིན་ལ། སྤྱི་ཚོགས་ཧྲིལ་བོས་སྙན་ངག་པ་ལ་དོ་སྣང་དང་མཐོང་ཆེན་མ་བྱས་པས་ཀྱང་ཡིན་སྲིད།
       ཕྱི་གླིང་སོགས་སུ་སྙན་ངག་པར་གདེང་འཇོག་མཐོན་པོ་བྱེད་ཅིང་གོ་བབ་ཀྱང་མཐོན་པོ་ཡོད་དེ། རླབས་ཆེན་གྱི་སྙན་ངག་པ་ཧོལ་ཏི་ལེན(荷尔德林)དང་། ཨོ་དྷིན།(奥登) ཨོ་ཁི་ཏ་བིའོ•ཕཱ་ཟི།(奥克塔维奥•帕斯) ཨེ་ལིའོ་ཐི།(艾略特) བྷོར་ཧེ་ཟི་སོགས་ནི་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཆེ་བའི་སྙན་ངག་པ་ཡིན་པར་མ་ཟད་རིག་ཚན་གཞན་ལའང་མཁྱེན་རྒྱ་ཤིན་ཏུ་ཡངས་པས། ཁོང་ཅག་ལ་རྩོམ་པ་པོའི་ཁྲོད་ཀྱི་རྩོམ་པ་པོ་དང་། སྙན་ངག་པའི་ཁྲོད་ཀྱི་སྙན་ངག་པ་ཞེས་པའི་མཚན་སྙན་བསྩལ་ཡོད། དེ་བས། ངས་ནམ་ཡང་ངེས་དོན་གྱི་སྙན་ངག་པ་ཞིག་ཡིན་ཚེ། དེའི་བསམ་བློ་དང་ཤེས་ཡོན། རྣམ་དཔྱོད་ཀྱི་སྟོབས་ནི་མཁས་པ་དང་། བསམ་བློ་བ། མཚན་ཉིད་རིག་པ་བ་དག་གི་གོང་རོལ་ཏུ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
རེ་རྐང་གླིང་། བལྟས་ཚོད་ཀྱིས་ཁྱེད་རང་ཕ་ཡུལ་དུ་ས་ཞིང་རྨོ་འདེབས་སོགས་ཀྱི་ལས་ཀར་གོམས་ནས་ཡོད་ཅིང་། གྲོང་ཁྱེར་གྱི་འཚོ་བར་ཡང་ཞུགས་མཁས་པོ་འདུག དེ་བས་ངལ་རྩོལ་གྱི་ཉམས་མྱོང་དེ་དག་རྩོམ་རིག་གི་ཁྲོད་དུ་བཀོལ་ཐུབ་ཀྱིན་ཡོད་དམ། ཡང་ན་གྲོང་ཁྱེར་དང་ཞིང་གྲོང་གི་སེམས་ཚོར་སྐོར་རྩོམ་འབྲིའི་སྐབས་སུ་ཇི་ལྟར་སྙོམས་སྒྲིག་བྱས་པ་ཡིན།
གསའ་ནག་པོ། དེ་བདེན། ལོ་བཅོ་ལྔར་སོན་པ་ནས་བཟུང་ཨ་ཕ་ལགས་ཀྱི་མཛུབ་སྟོན་འོག་འདྲུད་འཐེན་འཁོར་ལོ་བསྐོར་ཏེ། ས་ཞིང་རྨོ་བ་དང་སྤོ་ཐོ་འདྲུད་པ། ས་རྡོ་སྐྱེལ་བ་སོགས་ཀྱི་ལས་ཀ་བྱས་མྱོང་བས། ང་ལ་མཚོན་ན་དེ་ནི་གོམས་གཤིས་ཤིག་ཏུ་ཆགས་ཡོད། དེ་དུས་གཙོ་བོ་ཕ་མའི་བཀའ་ཟློག་མ་ཐུབ་པས་ཡིན་མོད། ཕྱིས་སུ་རྩོམ་རིག་དང་ཉེ་བར་འདྲིས་པ་ནས་བཟུང་ང་ནི་ལས་ཀ་དེ་དག་ལ་རང་བཞིན་གྱིས་དགའ་མཁན་ཞིག་ཏུ་གྱུར། དེའི་རྒྱུ་མཚན་ནི། བརྒྱུད་རིམ་དེའི་ཁྲོད་ནས་ངས་རང་ཉིད་ཀྱི་བྱིས་དུས་སླར་རྙེད་ཅིང་། སོག་མ་དང་ས་འདམ་གྱི་དྲི་མས་ངའི་དྲན་ཤེས་ཀྱི་གཏིང་རིམ་དུ་ལུས་པའི་བག་ཆགས་ཀྱང་ཇེ་གསལ་དུ་བཏང་།
       སློབ་ཆེན་འགྲིམས་པ་ནས་བཟུང་སྟེ། ཡུལ་ལ་ལོག་ཐེངས་ཉུང་ཞིང་ཕ་ཡུལ་ཞེས་པ་དེའང་རིམ་གྱིས་དྲན་ཤེས་ཀྱི་ཀློང་ལ་འཐིམས། ཡུལ་ལ་ལོག་པའི་གོ་སྐབས་རེ་བྱུང་ཚེ། ང་ནི་ཞིང་ཁར་འགྲོ་རྒྱུར་དགའ་ཞིང་ཕ་མ་དང་ལྷན་དུ་སོ་ནམ་གྱི་ལས་མཐའ་དག་ལ་ཧུར་ཐག་གིས་གཞུག་རྒྱུར་དགའ། ང་ལ་མཚོན་ན། དེ་ནི་སྙན་ངག་གི་སེམས་ཁམས་ཤིག་དང་དེས་བསྐྲུན་པའི་མཛེས་སྡུག་ཅིག་ཡིན་མོད། ཕ་མ་གཉིས་ནས་དེ་ཤེས་ཀྱིན་མེད། ཁོང་གཉིས་ནས་རང་གི་བུས་བསམ་ཤེས་འདུག ཡ་རབས་ཆགས་འདུག ཕ་མའི་ངལ་བ་སེལ་ཤེས་ཀྱིན་འདུག་སྙམ་གྱིན་ཡོད། དྲང་མོར་ལབ་ན་ང་བུ་མ་རབས་ཤིག་མིན། ང་ནི་ཁ་ལེན་ཚིག་བརྩི་བྱེད་མཁན་གྱི་བུ་ཡ་རབས་ཤིག་ཡིན། སྡེ་མི་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེང་ས་ཞིག་ཡིན།(ཧེ་ཧེ། ངན་པའི་རང་བསྟོད་རེད། དགོད་སྒྲ་དང་བཅས།)གང་ལྟར། སྙན་ངག་གིས་ངའི་འཚོ་བ་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་སོང་། ངའི་མིག་ནང་གི་འཇིག་རྟེན་དེའང་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་སོང་། དེ་བས། ཕྱིས་སུ་ཞིང་གྲོང་དང་འབྲེལ་བའི་སྙན་ངག་སོགས་འབྲི་དུས་ང་ལ་དམིགས་བསལ་གྱི་མྱོང་བ་ཞིག་དང་། མཛེས་པ་ཞིག སྣང་བརྙན་ཞིག་བློ་ངོར་འཆར་རྒྱུ་འདུག དེ་ནི་ཞིང་གྲོང་གི་འཚོ་བས་ང་ལ་གནང་བའི་ལེགས་སྐྱེས་ཡིན།
       གྲོང་ཁྱེར་གྱི་འཚོ་བ་ནི་སློབ་ཆེན་ནས་བཟུང་སྟེ་རོལ་མགོ་ཚུགས་ཤིང་། དེའི་བག་ཆགས་ལ་གོམས་པ་ནི་ཕྱི་གླིང་གི་བརྩམས་ཆོས་མང་པོར་བལྟས་པའི་རྐྱེན་གྱིས་ཡིན། དཔེར་ན། བྷོ་དྷི་ལེར(波德莱尔) ཕ་རི་སུ(巴黎)རུ་སྡོད་པ་དང་། མཱན་དེལ་སི་ཏན་ལགས་སིང་ཁི་ཐི(圣彼得堡)རུ་སྡོད་པ། བྷོར་ཧེ་ཟི་ལགས་པོ་བེ་ནོ་སི་ཨེ་ལི་སི(布宜诺斯艾利斯)རུ་སྡོད་པ། ཁབ་ཁཱ་ལགས་ཕོར་གྷི(布拉格)རུ་སྡོད་པ་སོགས་ཀྱིས་ང་ལ་རྩོམ་རིག་དང་གྲོང་ཁྱེར་བར་གྱི་འབྲེལ་བར་ངེས་ཤེས་ཟབ་མོ་སྐྱེ་རུ་བཅུག དེ་སྔོན་ང་ཡང་ཚའོ་སྡེ་བ་ཞེས་པའི་ཟི་ལིང་གྲོང་ཁྱེར་གྱི་འདུ་འཛི་ཤིན་ཏུ་རྒོད་སའི་སྡོད་ཁུལ་ཞིག་ཏུ་བསྡད་མྱོང་ལ། ད་ལྟ་ལྷ་ས་གྲོང་ཁྱེར་གྱི་ཀརྨ་དགོན་གསར་ཞེས་པའི་སྡོད་ཁུལ་ཞིག་ཏུ་འཚོ་བ་སྐྱེལ་ཀྱིན་ཡོད། ངས་གྲོང་ཁྱེར་གྱི་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་འོག་ནས་སྙན་ངག་བྲིས་མྱོང་ལ། མིའི་ཚུལ་འཆོས་དང་སྤྲེལ་ལད། རྨོངས་འཐོམ་གྱི་ཁྲོད་ནས་ཚེ་སྲོག་གི་དོན་སྙིང་ལ་བསྐྱར་དུ་མནོ་བསམ་ཡང་བཏང་མྱོང་། མཚམས་རེར་མཱ་གྷི་ལི་ཐྲི(玛格丽特)ལྟ་བུའི་མཛེས་མ་དང་གདོང་ཐུག་བྱུང་མྱོང་ལ། ལན་རེར་བྷོ་དྷི་ལེར་ལྟ་བུའི་སྙན་ངག་པར་ཡང་གདོང་ག་བརྒྱབ་མྱོང་། གྲོང་ཁྱེར་དུ་སྡོད་དུས་ང་ནི་བྷོ་དྷི་ལེར་དང་རམ་བྷོ(兰波)ལྟ་བུ་ཡིན་ལ། ཞིང་གྲོང་དུ་སླེབ་དུས་ང་ནི་ཝན་གྷོ(梵高)དང་ཧའེ་ཙི(海子)ལྟ་བུ་ཞིག་ཡིན། ཞིང་གྲོང་ནི་ངའི་བྱིས་དུས་དང་དྲན་ཤེས་ཀྱི་ནང་དུ་ཡོད་པའི་སྣུམ་ཚོན་རི་མོ་ལྟ་བུ་ཞིག་ཡིན་ཞིང་། གྲོང་ཁྱེར་ནི་ངས་ད་ལྟ་གདོང་གཏད་དང་གཏོད་བཞིན་པའི་འཚོ་བའི་སྐྱ་རིས་ཡིན། གཅིག་ནི་ལྷ་སྒྲུང་དང་། གཅིག་ཤོས་དེ་འཚོ་བ་དངོས་ཡིན་པར་འདོད། དྲི་བ་དེ་འདི་ཙམ་གྱིས་འཐུས་པར་བྱ།
རེ་རྐང་གླིང་། ཁྱེད་རང་གི་སྐྱེས་ཡུལ་ཨ་མདོ་ཡིན་ནའང་། ཁྱེད་ད་ལྟ་ལྷ་ས་རུ་གཞི་སྡོད་བྱས་འདུག་པ་འདི་ལ་དམིགས་བསལ་གྱི་བསམ་ཚུལ་འདྲ་ཡོད་དམ། ཨམ་སྐད་དང་དབུས་སྐད་ཀྱི་ཁྱད་པར་ལས་རང་ལ་བརྗོད་པ་དང་བརྡ་སྤྲོད་ཐད་སྔོན་དང་མི་འདྲ་བའི་ངེས་ཤེས་འདྲ་འདྲོངས་མྱོང་ངམ།
གསའ་ནག་པོ། ང་ནི2021ལོར་བོད་ལྗོངས་སློབ་ཆེན་དུ་ཞུགས་ཤིང་ལོ་གསུམ་ལ་སློབ་གཉེར་བྱས། དེ་གར་སྙན་ངག་པ་རྒན་ན་རོ་ལགས་དང་དགེ་སློབ་ཀྱི་འབྲེལ་བ་ཆགས་པ་དེས་ངའི་རྩོམ་རིག་དང་དཔེ་ཀློག བསམ་གཞིག་ཐད་ཤུགས་རྐྱེན་ཆེན་པོ་ཐེབས། ད་ལྟ་བསམས་ན། དབུས་སྡོད་ཀྱི་ལོ་གསུམ་དེ་དངོས་ནས་སྐྱིད་པོ་བྱུང་། ལྷ་སའི་ཉི་འོད་དང་ལྷན་དུ་ཞོགས་ཀར་ཇ་མངར་མོ། ཉིན་གུང་ཀོག་ཧྥེ། མཚན་ལ་སྦི་རག་འཐུང་སྟེ་བསྐྱལ་པ་ཡིན། ལྷ་སའི་བག་ལྷོད་པའི་འཚོ་བ་དེས་ང་ལ་བདེ་སྣང་ཁྱད་པར་བ་སྟེར་ཞིང་རང་ཉིད་ཀྱང་གནས་འདིའི་བདག་པོ་ཡིན་པའི་ང་རྒྱལ་ཞིག་གཏིང་ནས་སྐྱེས་ཡོང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས། ང་རང་ལྷ་ས་ཞེས་པའི་གྲོང་ཁྱེར་འདི་ལ་སྨྲར་མི་བཏུབ་པའི་འདང་བརྩེ་ཟབ་མོ་ཞིག་ཆགས་ཤིང་། སྙིང་ཉེ་བའི་ཚོར་བ་ནི་ས་དང་རླུང་། ཆུ། མཁའ་དབུགས་སོགས་ལའང་དམིགས་བསལ་གྱི་དྲི་མ་ཞིག་ཡོད་སྣང་འཆར་བ་དེ་རེད། མཚམས་རེར་མགོ་བོ་གནམ་ལ་འཁོར་ཏེ་མིག་ཟུང་ག་ལེར་བཙུམ་ཞོར་དབུགས་ཙམ་རྔུབ་པ་ལའང་བདེ་སྐྱིད་ལྷག་མ་ཞིག་ཡོད་པའི་ཚོར་སྣང་འབྱུང་།
       ན་ནིང་སྟེ། 2024ལོར་ང་གཞི་ནས་སློབ་ཐོན་བྱུང་། གནས་འདི་དང་གྱེས། ལོ་གཅིག་རིང་ལ་ཕ་ཡུལ་དུ་བསྡད། གསོག་གསོབ་དང་། འཆལ་འཆོལ་གྱི་ལས་དག་ལ་གདོང་གཏད། གཞུང་ཞབས་པའི་ཡིག་ཚད་ཀྱི་ཤེས་བྱ་དག་སྦྱོང་ཁུལ་བྱས། ཡུན་ཐུང་ནང་རང་ཉིད་ཀྱི་ཕུགས་འདུན་དང་རྒྱབ་འགལ་དུ་ཕྱིན། ཉིན་མཚན་དེ་དག་ཏུ་ང་རང་གསའ་ནག་པོ་ནས་སྙིང་ལྕགས་བཀྲ་ཤིས་སུ་གྱུར། རྗེས་སུ། ཡིག་ཚད་ནི་མ་ལོན། འཚོ་བའི་རེ་འདུན་ནི་མ་འགྲུབ། ཕ་མ་སེམས་ཁྲལ་ལ་གཏད། ངག་བསྡམས། ཁུ་སིམ་དུ་ལུས། དེ་ནས་སླར་ཡང་རྩོམ་རིག་ལ་བསྙེན། སྙན་ངག་ལ་བསྙེན། གསེར་མདོག་གིས་འཚེར་བའི་ཉི་འོད་ལ་བསྙེན། མཐར་ནང་སེམས་ཀྱི་ནམ་མཁའ་འོད་ཀྱིས་ཁྱབ། རྡོག་ལམ་ཡང་འོད་ཀྱིས་ཁྱབ། དེ་ལྟར། ད་ལོའི་ཟླ་དྲུག་པར་སླར་ཡང་ལྷ་སར་ལོག་རྒྱུ་བྱུང་། དེ་ནི་ཕ་ཡུལ་དང་ཡུན་རིང་གྱེས་པའི་མི་ཞིག་སླར་ཡང་ཕ་ཡུལ་དུ་ལོག་པ་ལྟར། ལྷ་སར་སླེབས་ཉིན་ནས་བཟུང་དེ་སྔོན་གྱི་སྐྱོ་གདུང་དང་རེ་ཆད། སེམས་ཁྲལ་སོགས་སྨུག་པ་དྭངས་པ་ལྟར་ཡལ། ང་རང་སློབ་མ་ཞིག་ནས་འདི་གའི་སྡོད་དམངས་ཤིག་ཏུ་གྱུར། འདི་གར་ཁང་པ་གླས། གན་རྒྱ་བཞག དེ་ནས་རང་ཉིད་ལ་དབང་བའི་འཚོ་བ་ཞིག་བསྐྱལ་མགོ་བརྩམས། ད་ནི་ཟླ་བ་ལྔ་ལྷག་འགྲོ་བཞིན་འདུག
       སྤྱིར་བཏང་། ཨམ་སྐད་དང་ལྷ་སའི་སྐད་ལ་ཧེ་བག་ཅུང་ཙམ་འདུག་སྙམ། ལྷག་ཏུ་བོད་ཡིག་གིས་རྩོམ་འབྲི་མཁན་ཞིག་ལ་མཚོན་ན་ལྷ་སའི་སྐད་དེ་ཤིན་ཏུ་གལ་ཆེན་པོ་རེད་སྙམ། རྒྱུ་མཚན་ལྷ་སའི་སྐད་དེ་ལྟོས་བཅས་ཀྱིས་ཡིག་སྐད་དང་ཅུང་ཐག་ཉེ་བོ་ཡོད་པར་མ་ཟད། ལྷ་སའི་སྐད་ཀྱིས་དབྱིན་ཇི་དང་རྒྱ་གར་སོགས་ནས་ཚུར་དར་བའི་ཐ་སྙད་བསྡུ་ལེན་དང་། བོད་རང་གི་གནའ་རབས་ཀྱི་སྐད་དོད་མང་པོ་རྒྱུན་འཛིན་བྱས་འདུག་པས་ཕུན་སུམ་ཚོགས་པོ་ཞིག་རེད་སྙམ། དེ་ལས་གཞན་སྐད་ཆ་རང་སྟེང་ནའང་མཛེས་པ་དམིགས་བསལ་ཞིག་འདུག་སྟེ། ཞེ་ས་མང་བའི་སྐད་ཆ་དེ་དག་ལ་རང་བཞིན་གྱིས་མཛེས་ཉམས་ཞིག་ཐོན་འོང་གིན་འདུག ང་རང་ཉིད་ལ་མཚོན་ནའང་ལྷ་སའི་སྐད་ཀྱི་བརྗོད་པ་སྤེལ་སྟངས་ཀྱིས་ངའི་གསར་རྩོམ་ལ་ཤུགས་རྐྱེན་ཅུང་ཟད་ཐེབས་ཡོད་སྙམ། ཆེས་མ་མཐའ་ཡང་ཚིག་གི་ཉམས་འདོན་སྟངས་ཐད་འགྱུར་བ་ཆེན་པོ་བྱུང་འདུག ཐ་སྙད་བཀོལ་སྤྱོད་ཀྱི་ཐད་ཡིན་ན་འདྲ། སྐད་ཆའི་ཉམས་འགྱུར་ཡིན་ནའང་འདྲ། ལྷ་སའི་སྐད་ནི་འཇམ་ཞིང་མཉེན་པ། ལྡེམ་ཤུགས་ཡོད་པ་དེ་འདྲ་ཞིག་རེད་འདོད། ལྷ་སའི་སྐད་ལ་ཅུང་གོམས་པ་དེས་རང་ཉིད་ཀྱི་གསར་རྩོམ་ལས་གཞན་དཔེ་ཀློག་གི་ཕྱོགས་ལའང་འགྱུར་བ་ཐེབས་ཡོད་དེ། ལྷ་སའི་ཕྱོགས་ཀྱི་རྩོམ་པ་པོ་དག་གི་རྩོམ་ཀློག་དུས་འཇུག་བདེ་བ། ཀློག་སྤྲོ་བ། མཛེས་པའི་ཉམས་དང་ལྡན་པ་སོགས་ཀྱིས་བསླུ་བྲིད་ཡང་ཡང་ཐེབས་ཡོང་བ་དེ་འདྲ་རེད། དེའི་ཕན་གྱི་མང་པོ་ཞིག་ང་ཡིས་ལབ་ཤེས་ཀྱི་མི་འདུག་ལགས།
རེ་རྐང་གླིང་། བོད་ཀྱི“དེང་རབས”རྩོམ་རིག་ལ་རང་མི་རིགས་ཀྱི་ཁྱད་ཆོས་མི་འདུག་ཟེར་མཁན་ཡང་འདུག དེར་ཁྱེད་ལ་ལྟ་ཚུལ་ག་འདྲ་ཡོད།
གསའ་ནག་པོ། ངས་བསམས་ན་རྩོམ་རིག་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་མེད་རྩོད་པ་ནི་དགོས་མེད་ཅིག་རེད་སྙམ། དེའི་རྒྱུ་མཚན་གང་ཡིན་ཟེར་ན། རྩོམ་རིག་གང་ཞིག་མི་རིགས་སམ་རྒྱལ་ཁབ་གང་གི་རྩོམ་རིག་ཡིན་མིན་དེ་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་གཞུང་ལུགས་ལྟར་ན། གཙོ་ཆེར་རྩོམ་པ་པོ་གང་དེ་རང་ཉིད་ཁོངས་གཏོགས་ཀྱི་རྒྱལ་ཁབ་གང་དེའི་རྒྱལ་ཁོངས་དང་ཡ་མ་བྲལ་བར་རྒྱལ་ཁབ་དེའི་སྤྱི་སྤྱོད་སྐད་ཡིག་གམ་མི་རིགས་རང་མཚན་པའི་སྐད་ཡིག་སྤྱད་དེ་གསར་རྩོམ་བྱེད་པ་ཞིག་ལ་བསྙད་ཀྱིན་ཡོད་པས། བོད་ཀྱི་རྩོམ་རིག་ཡིན་པ་གང་ཞིག་དེ་ལ་མ་གཞི་ནས་བོད་ཀྱི་ཁྱད་ཆོས་ཡོད་པ་གཏན་འཁེལ་རེད། དེ་གྲུབ་བྱེད་ཀྱི་སྐད་དང་ཡི་གེ་ཁོ་ནས་ཀྱང་དེར་འབྲེལ་གྱི་རིག་གནས་དང་སེམས་ཁམས། གོམས་སྲོལ་མང་པོ་ཞིག་མཚོན་ཐུབ་ཀྱི་ཡོད་པ་རེད།
       སྤྱིར་བཏང་རྩོམ་རིག་གིས་མི་བྱེ་བྲག་པ་དང་མི་རང་མཚན་པའི་འཚོ་བ་བྲིས་པ་བརྒྱུད་དེ་མི་དེའི་འཚོ་སྡོད་ཀྱི་ཁོར་ཡུག་དང་འབྲེལ་བའི་རིག་གནས་ཀྱི་ཆ་ལག་མང་པོ་ཞིག་ཞར་ཞོར་ནས་བསྔོག་ཐུབ་ཀྱིན་ཡོད་པ་དེ་འདྲ་རེད། དེ་བཞིན་དུ། བོད་ཀྱི་རྩོམ་པ་པོ་ཞིག་གིས་བྲིས་པའི་བརྩམས་ཆོས་ཡིན་ཚེ་དེ་ལ་མ་གཞི་ནས་བོད་པ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སེམས་ཁམས་ཤིག་དང་མཛེས་རྟོག་བསམ་བློ་ཞིག་རང་བཞིན་གྱིས་ཐོན་འོང་གི་རེད། དེ་མིན་ཆེད་དུ་དེ་ལ་དམིགས་པ་ཡིན་ན་རྩོམ་རིག་གི་གཞི་རྩའི་དོན་སྙིང་ཤོར་བ་རེད། རྩོམ་རིག་གིས་རྩོམ་རིག་གི་སྒྱུ་རྩལ་འཚོལ་སྙེག་བོར་ཏེ། རིག་གནས་དང་དམངས་སྲོལ་སོགས་ལ་ཞབས་འདེགས་ཞུ་དགོས་ཟེར་ན། དེ་ནི་རྩོམ་རིག་རང་སྟེང་གི་ངོ་བོ་དང་ཁྱད་ཆོས་མ་རྟོགས་པའི་སྐྱོན་རེད།
       ད་དུང་ཚད་མཐོ་ས་ཞིག་ནས་བཤད་ན། རྩོམ་རིག་དང་སྒྱུ་རྩལ། ཆོས་ལུགས། མཚན་ཉིད་རིག་པ་སོགས་ནི་མིའི་རིགས་ཐུན་མོང་གི་མྱོང་རྟོགས་འཕེལ་བྱེད་དང་བསམ་པའི་དཔལ་ཡོན་སྐྲུན་བྱེད་ཡིན་པ་ལས་མི་རིགས་ཤིག་གི་རིག་གནས་དང་དམངས་སྲོལ་ལ་ཞབས་འདེགས་ཞུ་སྤྱད་མིན། དེ་བས། ནུབ་ཕྱོགས་ཀྱི་རྩོམ་རིག་སྨྲ་བ་མང་པོ་ཞིག་གིས་གུ་དོག་པའི་རྩོམ་རིག་གི་མི་རིགས་རང་བཞིན་ལ་དགག་རྒྱག་བྱེད་ཅིང་། ཁཱབ་ཁ་དང་བྷོར་ཧེ་ཟི་སོགས་རླབས་ཆེན་གྱི་རྩོམ་མཁན་དུ་བགྲང་དོན་ཡང་ཁོང་ཅག་གི་བརྩམས་ཆོས་ཀྱིས་མིའི་རིགས་ཐུན་མོང་གི་བསམ་བློའི་དགོས་མཁོ་དང་། འཚོ་བའི་དཀའ་སྡུག ལས་དབང་བཅས་མཚོན་ཡོད་པས་ཡིན། རྩོམ་རིག་ནི་མིའི་རིག་པ་ཡིན་ཞེས་པའི་གནད་ཀྱང་འདི་ལ་ཐུག་ཡོད་དོ། །དཔེར་ན། ཁབ་ཁཱས«གཟུགས་འགྱུར་ཟིན་ཐོ»རུ་མི་སྣ་གཅོ་བོ་གྷི་རེ་གྷོར་འབྲི་བཞེངས་བྱས་པ་ལ་བརྟེན་ནས་མི་གཤིས་ཀྱི་དགེ་སྡིག་གླེང་ཡོད་པ་རེད། མིའི་འཚོ་སྡོད་ཀྱི་དཀའ་ངལ་བྲིས་ཡོད་པ་རེད། མིའི་རིགས་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ཞིག་ལ་བསམ་གཞིག་བགྱིས་ཡོད་པ་རེད། དེ་བཞིན་དུ། བྷོར་ཧེ་ཟིས་ཀྱང་རྩོམ་རིག་གིས་མིའི་དྲན་ཤེས་ཇེ་གསལ་དང་དྲན་ཤེས་ཀྱི་ཁྲོད་ནས་མིའི་བག་ཉལ་གྱི་ཤེས་པ་མང་པོ་སྔོག་འདོན་བྱ་དགོས་པར་གསུངས། ཁོང་གི་སྒྲུང་གཏམ་གྱི་ཁྲོད་དུ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་མི་སྣ་བྱུང་ཡོད་ཅིང་། སྙན་ངག་ཏུའང་གནའ་བོའི་གྷི་རིག་དང་རོམ་གྱི་ལྷ་སྒྲུང་ནང་གི་མི་སྣ་བྱུང་ཡོད་པ་རེད། ཁོང་ལ་མཚོན་ན། དེ་དག་གིས་མིའི་རིགས་ཐུན་མོང་གིས་གདོང་གཏོད་དགོས་པའི་འཚོ་བ་དང་ཚེ་སྲོག་གི་གནད་མང་པོ་གསེད་བཀྲོལ་བྱེད་ཐུབ་པར་དགོངས་སོ། །དེ་ལྟ་བུའི་དཔེ་མཚོན་ནི་ཤིན་ཏུ་མང་སྟེ། ད་འདི་ཙམ་གྱིས་འཐུས་པར་བྱ།
རེ་རྐང་གླིང་། མཇུག་ཏུ་ཁྱེད་ཀྱི་ཁ་སང་དེ་རིང་གི་འཚོ་བ་དང་དཔེ་ཀློག གསར་རྩོམ་སོགས་ཀྱི་གནས་སྟངས་སྐོར་རགས་ཙམ་གླེང་ན།
གསའ་ནག་པོ། ཁ་སང་དེ་རིང་ངས་ལྷ་སའི་ཀརྨ་དགོན་གསར་ཞེས་པའི་གནས་འདིར་ཁང་པ་ཞིག་གླས་ནས་བསྡད་ཡོད། ཁང་པའི་ནང་ཉི་འོད་འཕྲོ་ཞིང་མཐོངས་ཡངས་པས་བདེ་སྣང་ཟད་མི་ཤེས་པ་ཞིག་འདུག ཟླ་རེའི་ཁང་རིན་སྤྲོད་བྱེད་དུ་ཡིག་སྒྱུར་དང་ཞུ་དག་གི་ལས་ཀ་རེ་བྱེད་ཀྱིན་ཡོད། དེའི་ཕན་གྱི་དུས་ཚོད་ཕལ་མོ་ཆེ་དཔེ་ཀློག་དང་རྩོམ་འབྲི་ལ་བསྟིམས་ཡོད། དཔེ་ཀློག་གི་ངོས་ནས། ཉེ་ཆར་གྲོགས་པོ་ཞིག་གི་མཐུན་རྐྱེན་འོག་སྙན་གཞུང་སྨྲ་བ་བྷི་ལོམ(布鲁姆)ལགས་ཀྱི«བྷི་ལོམ་གྱི་རྩོམ་རིག་རེག་ཟིག»ལ་མཇལ་བ་ཡིན། དེ་ལས་གཞན་ཕའེ་སོ་ཨཱ་ལགས་ཀྱི་ཐོལ་རྩོམ«དངངས་སྐྲག་ཟིན་ཐོ»དང་། ལཱ་ཐི་བེ་གྷི་བེ་ཐྲི་གྷིམ་སི་ཌན(维特根斯坦)གྱི་རྣམ་ཐར། གྷོས་ཡུང་ཨི་ཕོའར་ནེར(阿波利奈尔)གྱི་སྙན་དེབ་སོགས་དེབ་གསར་སྐོར་ཞིག་དང་། དེ་མིན་བྷོར་ཧེ་ཟིའི་སྙན་དེབ«གཏིང་ཟབ་པའི་རྒྱ་སེ་མེ་ཏོག»དང་པའེ་ཏའོ(北岛)ཡི་སྙན་ངག་དཔྱད་དེབ«དུས་ཚོད་ཀྱི་རྒྱ་སེ་མེ་ཏོག»སོགས་སྔོན་མར་མཇལ་མྱོང་བའི་དེབ་རྙིང་སྐོར་ཞིག་བསྐྱར་དུ་ཀློག་གིན་ཡོད།
       གསར་རྩོམ་གྱི་ངོས་ནས། ལྷ་སར་སླེབས་པ་ནས་ད་ལྟའི་བར་སྙན་ངག་གསུམ་མ་གཏོགས་འབྲི་མ་ཐུབ། དུས་རྟག་ཏུ་སྙན་ངག་གསར་རྩོམ་ལ་བསམ་བློ་གཏོང་གིན་ཡོད་ནའང་སྙན་ངག་གི་གྲངས་ཀ་ཇེ་ཉུང་རེད། ཕལ་ཆེར་ཟླ་གཅིག་ལ་སྙན་ངག་ཚན་པ་གཅིག་མ་གཏོགས་འབྲི་ཐུབ་ཀྱི་མེད་པའི་ཚོད་ལ་བསླེབས་འདུག ཡིན་ནའང་། ངས་དེ་སྐྱོན་ཅིག་ཏུ་མཐོང་གི་མེད། སྙན་ངག་འབྲི་རྒྱུ་དེ་ལས་སླ་མོ་ཞིག་མ་རེད། བྷོར་ཧེ་ཟི་ལྟར་ན། སྙན་ངག་ཅིག་འབྲི་བའི་བརྒྱུད་རིམ་ནི་གསང་བའི་ཕོ་བྲང་ཞིག་ཏུ་རིན་ཆེན་གཏེར་ཁ་སྔོག་པ་དང་འདྲ་སྟེ། ཁོ་ལ་མཚོན་ན“ཁོས་སྙན་ངག་བཙལ་བ་ནི་མིན་པར་སྙན་ངག་གིས་ཁོ་རང་བཙལ་བ་རེད”ཅེས་གསུངས་ཡོད། དེང་སྐབས་ངས་ཀྱང་བྷོར་ཧེ་ཟི་ནང་བཞིན་སྙན་ངག་གིས་ང་རང་ཚུར་བཙལ་བར་རེ་སྒུག་བྱས་ཡོད། དྲང་མོར་ལབ་ན། སྙན་ངག་མང་པོ་འབྲི་དགོས་པ་མ་རེད། རླབས་ཆེན་གྱི་སྙན་ངག་པ་ཏོ་མ་སི•ཏྲན་སི་ཏྲོ་མེར་ལྟ་བུར་མཚོན་ནའང་མི་ཚེ་གང་བོར་སྙན་ངག་ཉིས་བརྒྱ་ལོངས་ཙམ་མ་གཏོགས་བྲིས་ཡོད་པ་མ་རེད། དེ་བས། ཚིག་སྦྱོར་སྤེལ་ཤེས་པ་ཙམ་གྱིས་སྙན་ངག་འབྲི་བ་དང་། བརྗོད་འདོད་ཀྱི་གཏམ་ཡོད་པ་ཙམ་གྱིས་གང་བྱུང་ལ་སྙན་ངག་འབྲི་བ་ནི་དོན་གྱིས་སྙན་ངག་ཅེས་པའི་སྒྱུ་རྩལ་གྱི་ཕོ་བྲང་དེ་ཉིད་ཡི་གེའི་གད་སྙིགས་བླུགས་སའི་སྙིགས་ཟོམ་ཞིག་ཏུ་བསྒྱུར་པ་དང་ཀུན་ནས་མཚུངས་སོ། །དེ་ནི་སྙན་ངག་ལ་རྡོག་རྫིས་དང་དམའ་ཕབ་པ་རང་རེད་སྙམ།
       ཉེ་ཆར་ང་ལ་རྩོམ་འཕྲོར་ལུས་ཡོད་པའི་སྙན་ངག་ཚན་པ་གཉིས་ཡོད། ཚིག་རྐང་འགའ་བྲིས་རྗེས་མུ་རུ་འབྲི་མ་ཐུབ་པར་བསྐྱུར་ཡོད། ངས་དེ་ཨུ་ཚུགས་ཀྱིས་འབྲི་མི་འདོད། ནམ་ཞིག་གློ་བུར་བའི་ཚོར་སྣང་དང་དྲན་ཤེས། སད་རྟོག་ཅིག་གིས་སྙན་ངག་དེ་གཉིས་ཀྱི་གསང་བའི་སྒོ་མོ་དབྱེ་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད། མདོར་ན། ང་ནི་སྙན་ངག་གིས་གཞིས་ཆགས་ཤིང་། སྙན་ངག་གི་དོན་སྙིང་གིས་གསོན་ཡོད་མཁན་ཞིག་ཡིན། དྲང་མོར་བཤད་ན། ད་ལྟའི་འཚོ་བ་ཤིན་ཏུ་ནས་བདེ་སྐྱིད་དང་ལྡན་པ་ཞིག་རེད། སྐབས་འདིར། ངས་ཧོལ་ཏི་ལེན་གྱི“སྙན་ངག་གི་དོན་སྙིང་གིས་ས་ཆེན་པོའི་སྟེང་དུ་གཞིས་ཆགས་པ”ཞེས་པའི་སྐད་ཆ་དེར་ངེས་ཤེས་གསར་དུ་རྙེད་བྱུང་། འདིའི་སྐབས་ཀྱི་སྙན་ངག་གི་དོན་སྙིང་ནི་དོན་གྱིས་བདེ་སྐྱིད་ལ་གོ་དགོས་པར་འདུག དེ་བས། ད་ཆ་ངས་རང་ཉིད་ནི་བདེ་སྐྱིད་དང་ལྡན་པའི་སྙན་ངག་པ་དེ་རེད་སྙམ། ཀུན་ལ་ཐུགས་རྗེ་ཆེ།
འབྲེལ་ཡོད་འོས་སྦྱོར།