logo

“ཅན་བཅུའི”ཏང་འཛུགས་ཀྱི་བསིལ་རླུང“ལི་སྡོང་མེ་ཏོག་ལུང་བར”ལྡང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-21 ཀློག་གྲངས།:
       ཟླ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ལི་སྡོང་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་དྲི་ཞིམ་ཐུལ་ལེ་ཡོད། “ལི་སྡོང་མེ་ཏོག་ལུང་བ”ཞེས་གྲགས་པ་རྒྱས་པའི་ར་ཆག་སྐེ་སྡེ་བར་ལོ་ངོ་བརྒྱ་ལྷག་འགོར་བའི་ལི་སྡོང་བརྒྱ་ལྷག་གི་མེ་ཏོག་ཁྲ་ཆིལ་ལེར་བཞད་པས། ཡུལ་སྐོར་བ་མང་པོས་ཁ་པར་དང་པར་ཆས་ཀྱིས་ལི་སྡོང་མེ་ཏོག་གསེང་ན་ཉམས་ཡག་པོ་བཏོད་ནས་པར་ལེན་བཞིན་འདུག་ཅིང་། ཞིང་གྲོང་གི་དུ་ཁུང་ལས་ཐོན་པའི་དུ་བ་ལྷོག་ལྷོག་ཏུ་འཕྱུར་བའི་མོད་ལ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་ནས་ཟས་ཀྱི་དྲི་ཞིམ་ཐུལ་བྱུང་།
       འདས་ཟིན་པའི་ཁེར་ལས་ཁེར་རྩོལ་དང་ཕན་འབྲས་ཆུང་བ་ནས་ད་ལྟའི་དཔུང་སྒྲིལ་འཕེལ་རྒྱས་དང་ལས་རྣམ་ཕུན་སུམ་ཚོགས་པའི་བར། སྡེ་བའི་ཐུན་མོང་དང་སྡེ་དམངས་ཀྱི་ཡོང་སྒོ་དུས་མཉམ་ངང་གོང་འཕར་བྱུང་ཞིང་། སྡེ་དམངས་ཀྱིས་ལོ་རེར་ས་ཞིང་འཁོར་སྐྱོད་ཡོང་འབབ་གཏན་འཇགས་ངང་ཐོབ་ནས་སྡེ་དམངས་རྣམས་ཀྱིས“ཅན་བཅུའི”ཏང་འཛུགས་ཀྱིས་སྐྱེལ་ཡོང་བའི་འགྱུར་ལྡོག་དངོས་གནས་མཐོང་ཡོད།
       ད་ལྟ། སྡེ་བའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསར་བ་ཡོད་པ་མ་ཟད་སྡེ་བའི་རྣམ་པའང“ཅན་བཅུའི”ཏང་འཛུགས་ཀྱི་སྐུལ་འདེད་འོག་འགྱུར་ལྡོག་གསར་པ་བྱུང་ཡོད། “ཅན་བཅུའི”ཏང་འཛུགས་ཀྱི་སྣེ་ཁྲིད་འོག སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོ་ཆུང་དང་མཛེས་པའི་ཁྱིམ་གཞིས་སྲུང་སྐྱོང་ཚོ་ཆུང་གིས་རང་རྟོགས་ངང་གཤམ་སྐྱོད་བྱས་ཏེ། ཁང་པའི་མདུན་རྒྱབ་ཀྱི་རྙིགས་དངོས་གཙང་སེལ་བྱས་པ་ནས་གཏོར་སྐྱོན་བྱུང་བའི་ལམ་དང་གློག་ཉམས་གསོ་བྱས་པ། འགག་པའི་ལུང་རྐ་བཤངས་པ་ནས་རྙིགས་དངོས་གང་བྱུང་དུ་སྤུང་བ་བཅོས་སྐྱོང་བྱས་པའི་བར་ཏང་ཡོན་གྱིས་སྡེ་དམངས་ལ་སྣེ་ཁྲིད་ནས“ཡིད་སེམས་དྲོ་བའི་དོན་ཆུང”རེ་རེ་བཞིན་སྒྲུབ་སྟེ་སྡེ་བའི་རྣམ་པ་གསར་པ་ངོམ་པར་བྱས་ཡོད། ཁེར་སྡོད་ལོ་ལོན་ཚེ་རིང་རྒྱལ་དགོང་ལོ་ཤིན་ཏུ་མཐོ་བས་ཁྱིམ་གྱི་དངོས་པོ་གང་བྱུང་དུ་སྤུང་བ་དང་ར་སྐོར་ནང་རྫབ་རྫོབ་ཡིན་པའི་ཁར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོ་ཆུང་དུས་དང་པོར་སྒོ་ཁར་ཡོང་ནས་ལོ་ལོན་ལ་གཙང་སྦྲ་དང་ར་སྐོར་གྲལ་དག་བྱེད་རོགས་བྱས་ཤིང་། ལི་སྡོང་བཙུགས་པ་དང་མེ་ཏོག་བཏབ་ནས་ར་སྐོར་གསར་པར་བསྒྱུར།
       དུས་མཚུངས་སུ། ཚོ་ཆུང་གཉིས་མཐུན་འདྲེས་ངང་སྟོབས་ཤུགས་ཕུལ་ཐོག ཁོར་ཡུག་བཅོས་སྐྱོང་གི“དམར་ནག་རིམ་ཐོ”དར་སྤེལ་བཏང་ནས་ཟླ་རེར“མཛེས་པའི་ར་སྐོར”དཔྱད་བསྡུར་ཐེངས་ཤིག་སྤེལ་བ་དང་། སྡེ་བ་དང་སྡེ་ཁུལ་བར་ཕན་ཚུན་དཔྱད་རེས་བྱས་ཏེ། “ཕྱི་ངོས”ན་འོད་ཡོད་པ་དང“ནང་ངོས”ན་གདེང་ཚོད་ཡོད་པར་བྱས། སྔོན་མར་གང་བྱུང་དུ་དངོས་པོ་སྤུང་བ་དང་དེར་འདྲི་མཁན་མེད་པ་ནས་ད་ལྟའི་ཚོ་ཆུང་གི་མི་སྣ་རེས་སྐོར་བྱས་ནས་གཙང་སེལ་བྱས་པའི་བར་སྡེ་བའི་རྣམ་པ་གསར་པར་བསྒྱུར་ཞིང་། ལི་སྡོང་མེ་ཏོག་བཞད་དུས་ལྷག་ཏུ་མཛེས་སྡུག་ལྡན་པ་ཡིན། སྡེ་དམངས་རྣམས་ཀྱིས“ད་ལྟ་སྡེ་བ་གཙང་ཞིང་དག་ལ། སྡེ་འདབས་ནས་ལི་སྡོང་མེ་ཏོག་ལ་བལྟས་ན་ཡིད་སེམས་སྤྲོ་ལྷང་ངེར་འགྲོ་བ་སྨྲས་མེད་རེད”ཅེས་བརྗོད།
       “ཅན་བཅུའི”ཏང་འཛུགས་ཀྱིས“ཁུག་མ”ཕྱུག་ཏུ་བཅུག་པར་མ་ཟད“ཀླད་པའང”གསལ་བོར་བཏང་། བསམ་པའི་རིག་གནས་ཚོ་ཆུང་གིས་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་རུ་ཁག་རྩ་འཛུགས་བྱས་ནས། ཏང་གི་གཞུང་ལུགས་དང་སྲིད་ཇུས་གཏིང་ཟབ་ངང་དྲིལ་སྒྲོག་བྱས་ཏེ། སྲིད་ཇུས་ཀྱི་བསིལ་རླུང་དུད་ཁྱིམ་ཁྲི་སྟོང་ནང་ལྡང་བར་བྱས། “དཔྱིད་རླུང”འདིས་མང་ཚོགས་ཀྱི་བསམ་བློའི་སྒོ་ཆེན་ཕྱེས་པ་མ་ཟད། ཁྱིམ་མཚེས་བར་གྱི་ལོ་ངོ་དུ་མའི་འགལ་ཟླའང་སེལ་བ་རེད།
       བཀྲ་ཤིས་དང་ཀྲང་ཆཱིང་ཁྱིམ་ཚང་གཉིས་ལ་རྒན་རབས་པའི་བར་གོ་འཛོལ་ཞིག་བྱུང་བས་ལོ་དུ་མང་ལ་འཁོན་སེམས་བཅངས་ནས་རྒྱང་ཐག་བཅད། སྡེ་བའི་འགལ་བ་དང་རྩོད་གཞི་འདུམ་སྒྲིག་ཚོ་ཆུང་གིས་ཤེས་རྗེས་སྟབས་བདེའི་ངང་གནས་ལུགས་ཆེན་པོ་བཤད་པ་མ་ཡིན་པར། “རྐུབ་སྟེགས་དོན་གྲོས་ཚོགས་འདུའི”རྐྱེན་སྲོལ་སྤྱད་ནས་སྡེ་བའི་མཚན་སྙན་གྲགས་མཐོ་བའི་ཏང་ཡོན་རྒན་པ་དང་ས་གནས་མཁས་མཛངས་ཅན་ལ་མཉམ་འབྲེལ་བྱས་ནས་ཐེངས་དུ་མར་སྒོ་ཁར་འདུམ་སྒྲིག་བྱས། འགལ་བ་མྱུར་དུ་སེལ་ཆེད། ཚོགས་གཙོ་གཅོད་པ་རྒྱལ་བཀྲ་ཤིས་ཚང་གི་ཐབ་མགོ་ནས་ཉིན་གང་བོར་འདུག་སྲིད་ཅིང་། ཐེངས་དུ་མའི་འདུམ་སྒྲིག་བརྒྱུད་ཁྱིམ་ཚང་གཉིས་མཇུག་མཐར་འདས་པའི་འཁོན་སེམས་ཕར་བཞག་ནས་སྡེ་བའི་ཁྱིམ་མཚེས་བར་འཆམ་མཐུན་གྱི་མིག་དཔེ་རུ་གྱུར་ཡོད།
       ད་ལྟ་ར་ཆག་སྐེ་སྡེ་བར། ཕན་ཚུན་རོགས་རེས་ཚོ་ཆུང་གིས་རྒྱུན་རྣམ་ཅན་དུ་ལོ་ལོན་ལ་རྒན་གསོ་དཔང་གཅོད་ཀྱི་འགྲོ་ལུགས་སྒྲུབ་པ་དང་དཀའ་ངལ་མང་ཚོགས་ལ་རོགས་དངུལ་ཡར་ཞུ་བྱེད་རོགས་བྱས་པ། དྲིལ་སྒྲོག་གསར་འགོད་ཚོ་ཆུང་གིས་སྲིད་ཇུས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་དཔལ་ཡོན་གྱི་སྲོལ་གསར་བརྒྱུད་སྒྲོག་བྱས། ཆེད་དོན་བྱ་བའི་ཚོ་ཆུང་སོ་སོས་རང་རང་གི་འགན་འཁྲི་སྒྲུབ་པ་དང་མཐུན་འདྲེས་ངང་སྟོབས་ཤུགས་ཕུལ་ནས། ཡུལ་མི་རྣམས་དོན་དག་ལ་འཕྲད་ན“བཞུགས་ཏེ་གྲོས་བྱས་ནས་སྒྲུབ་པ”དང་། “ཅན་བཅུའི”ཏང་འཛུགས་ཀྱིས་སྐྱེལ་ཡོང་བའི་དཔལ་ཡོན་སྲོལ་གསར་དེ་ལི་སྡོང་མེ་ཏོག་གི་དྲི་བསུང་ནང་བཞིན་ཁ་རོག་གེར་ར་ཆག་སྐེ་སྡེ་བའི་ཟུར་སོ་སོར་ཁྱབ་ཡོད།
འབྲེལ་ཡོད་འོས་སྦྱོར།