logo

གུང་ཧོ་རྫོང་ས་གྲུ་བཞི་ཤང་གིས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་ལ་བཅོས་སྐྱོང་ལེགས་པོ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-06-18 ཀློག་གྲངས།:
       ཅན་བཅུའི་ཏང་འཛུགས་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཚུན་གུང་ཧོ་རྫོང་ས་གྲུ་བཞི་ཤང་གིས་འབྲས་བུའི་ཁྲིད་སྟོན་གྱི་ལྟེ་བའི་བླང་བྱར་དམ་འཛིན་ནན་མོ་བྱས་ཏེ། 1+2+Nགྱི་རྩ་འཛུགས་སྒྲོམ་གཞིར་བརྟེན་ནས་ཆེད་དོན་ལས་དོན་ཚན་ཁག9ཞིབ་ཚགས་སྒོས་བཙུགས་ནས། དེ་སྔའི་གཞི་རིམ་ཏང་འཛུགས་ལས་དོན་གྱི་བཀག་རྒྱ་གཏོར་ནས་ཏང་འཛུགས་སྐྱོང་དང་ཤང་སྡེ་བཅོས་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན། དམངས་ཚིས་ཞབས་ཞུ། ཐོན་ལས་འཕེལ་རྒྱས། རིག་གནས་དར་སྤེལ་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ། ཏང་འཛུགས་སྐྱོང་གི་ཐོན་ཁུངས་ཀྱི་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་གྲོང་གསེབ་དར་སྤེལ་གྱི་སྒུལ་ནུས། མང་ཚོགས་ཀྱི་མིག་མཐོང་ལག་ཟིན་གྱི་དམངས་ཚིས་དོན་བཟང་བཅས་སུ་འགྱུར་བར་བྱས།
       གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བདེ་སྐྱིད་རོགས་རེས་གླིང་དུ་ལོ་ན72ལ་སླེབས་པའི་རྒན་པ་ཀྲོའུ་ཧྲོང་ཆོན་དང་ཁོའི་གྲོགས་པོ་ཚོས་རྒྱུན་ལྡན་འཚོ་བའི་ཐད་ནས་ལབ་གླེང་བྱེད་ཞོར་དུ་ཟ་མ་ཟ་བཞིན་ཡོད་ལ། ཟ་མ་ཟ་བའི་དུས་ལ་སླེབས་དུས་བདེ་སྐྱིད་རོགས་རེས་གླིང་དུ་ཟ་མ་ཟ་བར་ཡོང་བའི་རྒན་པ་མང་པོ་གྲལ་བསྒྲིགས་ནས་ཡོད་པ་དང་། ཅན་བཅུའི་ཏང་འཛུགས་ཀྱིས་བསྐྲུན་པའི་རོགས་རེས་ཚན་ཁག་ལ་བརྟེན་ནས་ནགས་མཐའ་སྡེ་བས་རྒན་པར་བདག་སྐྱོང་བྱེད་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་དངོས་འབེབས་བྱས་ནས། སྡེ་བ་ཡོངས་ཀྱི་ལོ60ཡན་གྱི་རྒན་པ་རྣམས་ལ་རིན་མི་དགོས་པའི་གུང་ཟས་འདོན་སྤྲོད་བྱས།
       གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་སྡེ་མི་ཀྲོའུ་ཧྲོང་ཆོན་གྱིས་བཤད་རྒྱུར། ང་ཚོ་ཚང་མ་ཉིན་རྒྱུན་གནས་འདིར་ཟ་མ་ཟ་བར་ཡོང་གིན་ཡོད་ལ། གཟའ་འཁོར་རེར་ཐེངས་བཞི་ལ་ཟ་མ་མཁོ་སྤྲོད་བྱེད་ཀྱི་ཡོད། ཟས་སྣ་མང་པས་དངོས་གནས་བཟང་། ཚང་མའི་སེམས་པའང་དགའ་ཡོད་ཟེར།
       རོགས་རེས་ཚན་ཁག་གི་དགེ་མཚན་ལ་གཞིགས་ཏེ། ས་གྲུ་བཞི་ཤང་གིས་རྒན་པ་ཁེར་སྡོད་དང་བདག་མེད་རྒན་པ། གཞིས་སྲུང་རྒན་པ་སོགས་དཀའ་ངལ་ཆེ་བའི་མང་ཚོགས་ལ་དོ་སྣང་བྱས་ཏེ། རྒན་གསོ་ཁང་སོགས་སུ་དུས་རྒྱུན་དུ་དང་བླངས་བྱ་འགུལ་སྤེལ་ནས། དྲོད་ཁོལ་ལྡན་པའི་ཏང་འཛུགས་ཞབས་ཞུས་ཤང་སྡེའི་བདག་མེད་རྒན་པའི་ཉིན་རྒྱུན་གྱི་ཟ་མ་མཁོ་འདོན་དང་འཚོ་བར་བདག་སྐྱོང་བྱས་ནས། ཤང་སྡེའི་རྒན་གསོའི་ལས་དོན་གྱི་དཀའ་ཁག་ཐག་གཅོད་བྱས།
       གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཀྲི་ཆང་གིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་ལས་དོན་སྤེལ་བ་ནས་བཟུང་། ང་ཚོ་ནགས་མཐའ་སྡེ་བའི་རོགས་རེས་ཚན་ཁག་གིས་གཟའ་འཁོར་རེར་སྡེ་བ་ཡོངས་ཀྱི་ལོ60ཡན་གྱི་རྒན་པ་རྣམས་ལ་ཟས་རིན་མི་དགོས་པར་གུང་ཟས་ཐེངས་བཞི་ལ་འདོན་སྤྲོད་བྱེད་ཀྱི་ཡོད་ལ། ཉིན་རེར་ཆ་སྙོམས་ཀྱིས་འདིར་ཟ་མ་ཟ་རུ་ཡོང་བའི་རྒན་པ80ལྷག་ཙམ་ཡོད་པ་དང་། སྔོ་ཚལ་ཡོད་ཚད་ང་ཚོ་སྡེ་བའི་མང་ཚོགས་ཀྱིས་ཁྱེར་ཡོང་བ་ཡིན་ལ། གནས་འདིར་ཕན་ཚུན་རོགས་རེས་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད། རྒན་པ་རྣམས་ཀྱིས་འདིར་ཟ་མ་ཟས་ནས་དངོས་གནས་སེམས་པ་སྐྱིད་པོ་ཡོང་ཡོད་ཟེར།
       སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་མི་བཟང་པ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཉུང་བ་སོགས་ཀྱི་དངོས་ཡོད་དཀའ་གནད་ལ་དམིགས་ནས། ས་གྲུ་བཞི་ཤང་གིས་ཐོན་སྐྱེད་འཕེལ་རྒྱས་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། རང་འགུལ་ངང་ཡེས་ཞུན་ནོར་ལུག་གསོ་སྤེལ་མཉམ་ལས་ཁང་དང་འབྲེལ་མཐུད་བྱས་ནས་ཡུན་རིང་རོགས་སྐྱོར་མཉམ་ལས་བྱ་རྒྱུ་གཏན་འཁེལ་བྱས་ཏེ། མཉམ་ལས་ཁང་དང་ཁེ་ལས། ཞིང་ཁྱིམ་བཅས་ཀྱི་ཚོགས་པའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དེ་ཞིང་ཁྱིམ་གྱིས་ནོར་ལུག་གསོ་སྤེལ་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས།
       ཡེས་ཞུན་ནོར་ལུག་གསོ་སྤེལ་མཉམ་ལས་ཁང་གི་འགན་འཁུར་བ་ལྷ་མོ་སྒྲོལ་མས་བཤད་རྒྱུར། ང་ཚོ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དབར་གྲོས་མཐུན་ཡི་གེ་བཞག་པ་དང་། དང་པོ་ནི་སྡེ་མི་ཚོས་ངེད་གསོ་སྤེལ་ཁང་དུ་ཞོར་ལས་གཉེར་ནས་ཟླ་ཕོགས་ལེན་པ། གཉིས་པ་ནི་སྡེ་བའི་ནང་དུ་ཕྱིར་འཚོང་དཀའ་བའི་ནོར་ལུག་ཡོད་ཚེ་ང་ཚོས་རོགས་སྐྱོར་བྱས་ནས་ཕྱིར་འཚོང་བྱེད་པ། གསུམ་པ་ནི་ལོ་རེའི་ལོ་མཇུག་ཏུ་སྡེ་མི་ཚོར་ཁེ་སྤོགས་བགོ་བ་དང་། རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཞུགས་དང་ཚང་མ་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཟེར།
       གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་སྡེ་མི་ཀྲའོ་མིང་ཧེ་ཡིས་བཤད་རྒྱུར། སྔོན་ཆད་ཕྱི་རོལ་དུ་ཞོར་ལས་གཉེར་བ་ཡིན། ད་ལྟ་འདི་རུ་ཞོར་ལས་གཉེར་བཞིན་ཡོད་ལ། རང་ཁྱིམ་ལའང་བདག་སྐྱོང་བྱེད་ཐུབ་པས་ཕྱོགས་གང་ཅིའི་ཐད་ནས་བཟང་གི་ཟེར།
       རོགས་རེས་གླིང་གི་གུང་ཟས་ནས་གསོ་སྤེལ་ར་བའི་ཕྱུག་འགྱུར་བར་དང་། མི་སྡོད་ཁོར་ཡུག་གི་རྣམ་པ་བཟང་པོ་ནས་ཤེས་དཔལ་ཤང་སྲོལ་གྱི་བར། མང་ཚོགས་དང་འབྲེལ་འདྲིས་དམ་པའི་འགྱུར་ལྡོག་རེ་རེ་ཡིས་ས་གྲུ་བཞི་ཤང་གི་ཅན་བཅུའི་ཏང་འཛུགས་ཀྱི་བྱ་བའི་ཕན་འབྲས་བཟང་པོ་མཚོན་པ་རེད། ད་ལྟའི་ས་གྲུ་བཞི་ཤང་ནི་ཐོན་ལས་དར་བ་དང་ཁོར་ཡུག་མཛེས་པ། དམངས་སེམས་མཐུན་པའི་གནས་སྡོད་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཕྱོགས་སུ་བསྐྱོད་བཞིན་མཆིས།
       གུང་ཧོ་རྫོང་ས་གྲུ་བཞི་ཤང་གི་མགོ་གཙོ་གཞོན་པ་མཱ་ཁའེ་ཡིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྐུལ་འདེད་བཏང་བའི་ཚུན་ལ། ང་ཚོ་ས་གྲུ་བཞི་ཤང་གིས་དེ་སྔའི་གཞི་རིམ་བཅོས་སྐྱོང་བྱ་བའི་གནས་པའི་གནད་དོན་སེལ་བར་དམིགས་ཏེ། སྡེ་བ་སོ་སོའི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ནས་སྡེ་བ་གཅིག་ལ་ཁྱད་ལྡན་གཅིག་དང་སྡེ་བ་གཅིག་ལ་གཙོ་གནད་གཅིག་གི་མི་འདྲ་བའི་བྱ་བའི་བསམ་ཕྱོགས་ཁྱབ་གདལ་དུ་བཏང་ཞིང་། སྔོན་ལ་ཚོད་ལྟ་བྱེད་པ་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ། ས་ཁོངས་ཡོངས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་བྱ་བ་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། དམངས་བདེ་དམངས་ཕན་ཞབས་ཞུ་བཅས་ལྟེ་བའི་ཁྱབ་ཁོངས་ཆེན་མོ་གསུམ་ལ་དམིགས་ཏེ། གནད་འཁེལ་གྱིས་ནུས་ཤུགས་བཏོན་ནས། ཏང་འཛུགས་ལ་བརྟེན་ནས་སྐྱེ་ཁམས་ལེགས་པར་སྲུང་བ་དང་། ཐོན་ལས་དར་སྤེལ་དང་བཅོས་སྐྱོང་ལེགས་པོ་བཅས་ཡོང་བར་བྱས་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།