ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བསྡུས།
གེ་སར་འཁྲུངས་ཡུལ་གྱི་རྒྱབ་རི་རྒོད་པོ་ལྷ་རྩེའི་མདུན་ལ་བྲག་གཉིས་མདའ་སྒྲོལ་གཤིབ་འདྲ།
ཨོ་རྒྱན་པདྨའི་ཚེ་ཆུ་དང་ཨོ་རྒྱན་པདྨའི་ཕུག་པ།
ཨ་ཕྱུག་གེ་སར་ལྷ་ཁང་།
གེ་སར་ལྷ་ཁང་ནང་གི་གླིང་གེ་སར་རྒྱལ་པོའི་འདྲ་སྐུ།
གེ་སར་ལྷ་ཁང་ནང་གི་གླིང་གེ་སར་རྒྱལ་པོའི་འདྲ་སྐུ།
གེ་སར་ལྷ་ཁང་ནང་གི་གླིང་གེ་སར་རྒྱལ་པོའི་འདྲ་སྐུ།
གེ་སར་ལྷ་ཁང་ནང་གི་གླིང་གེ་སར་རྒྱལ་པོའི་འདྲ་སྐུ།
དཀར་མཛེས་ཁུལ་ཏང་ཨུ་སྲིད་གཞུང་གི་ཚོགས་ཆེན་བཅུ་དགུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་སྟོན་གལ་ཆེའི་དགོངས་དོན་རབས་དང་རིམ་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དོན་དངོས་དང་བསྟུན་ནས་ཁམས་པའི་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་ཞེས་པའི་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཁྱོན་ཡོངས་ནས་ཁམས་པའི་རིག་གནས་འཕེལ་ཡུལ་གྱི་ཐུན་མིན་དགེ་མཚན་མངོན་སུམ་དུ་སྟོན་པ་དང་། ཟབ་རྒྱས་ཀྱིས་ཁམས་པའི་རིག་གནས་ཀྱི་སྙིང་ནོར་སྔོག་འདོན་བྱེད་པ། ཤུགས་ཆེན་པོས་ཁམས་པའི་རིག་གནས་ཉམས་པ་སླར་གསོ། ཉམས་ཕན་འཚོ་སྐྱོང་། མ་ཉམས་གོང་འཕེལ་ཇེ་ལེགས་སུ་གཏོང་བར་དམིགས་ཏེ། ད་ལམ་སྤྱི་ལོ2019ལོའི་ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས14བར། ཁམས་ཡུལ་འགྲུལ་སྐྱོད---གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བསྡུས་ཞེས་པའི་བྱེད་སྒོ། རྒྱལ་ཡོངས་གེ་སར་རིག་གནས་མྱུར་སྐྱོབ་གཞུང་ལས་ཁང་གིས་མཛུབ་སྟོན་དང་། དཀར་མཛེས་ཁུལ་ཨུ་སྲིད་གཞུང་གིས་གཙོར་གཉེར། དཀར་མཛེས་ཁུལ་ཁམས་པ་རིག་གནས་ཁང་དང་། སྡེ་དགེ་རྫོང་ཏང་ཨུ་སྲིད་གཞུང་གིས་ཆེད་གཉེར་བྱས་པར། པེ་ཅིང་དང་། ལྗོངས། ཞིང་ཆེན་ཁག་ལྔ་ནས་ཕེབས་པའི་གེ་སར་རིག་གནས་ཆེད་གཉེར་ཞིབ་འཇུག་པ30ཙམ་དཀར་མཛེས་ཁུལ་དང་། མཚོ་སྔོན་ཞིང་ཆེན་རྨ་རྫ་འབྲི་སོགས་ཀྱི་ཆུ་ཕུག་གེ་སར་རིག་གནས་རྗེས་ཤུལ་འཚོལ་དུ་དངོས་སུ་ཕེབས་བཞིན་པའོ།།
དེའང་སྡེ་དགེའི་ཁྲི་རབས་ཀྱི་ཐོག་མ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྔོན་གླིང་གི་ཆབ་འབངས་རྫོང་ཆེན་བཅོ་བརྒྱད་པོ་མངའ་འོག་ཏུ་བསྡུས་པ་སྟེ་སེང་ཆེན་ནོར་བུ་དགྲ་འདུལ་ནི་སྔོན་གླིང་ཚང་རྒྱལ་པོ་དང་ཕྱིས་སྡེ་དགེ་རྒྱལ་པོའི་ཁོངས་ཨ་ཕྱུག་གི་ས་ཆ་ལ།ཕ་ཡབ་གླིང་སྡེའི་རྒྱལ་པོ་གསུམ་གྱི་ཡ་གྱལ་སེང་བློན་རྒྱལ་པོ་དང་། མ་ཡུམ་འགོག་བཟའ་ཀླུ་ཡི་བུ་མོ་རྨ་བྱ་མཛེས་ལྡན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ1038ལོ་ལ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་ཕག་སྤྱི་ལོ1119ལོར་སྐུ་ཡི་བཀོད་པ་བསྡུས། ཁོང་དགུང་ལོ་བཅུ་དྲུག་སོན་སྐབས། རྨ་ཁོག་རྡོ་རྗེའི་གདན་ལ་རྟ་རྒྱུག་རྒྱལ་ས་བཟུང་སྟེ་མཆོག་དམ་པ་རི་རབ་ཁ་ཡི་ཁྱུང་ཆེན། རྒྱ་མཚོའི་ནང་གི་ནོར་བུ། གླིང་སྡེ་ཀུན་གྱི་འགོ་འཛིན་མཛད། ཕ་ཟོག་ལས་སྐལ་བཅོ་བརྒྱད། གཏེར་ཟོག་ནོར་བུ་ཆ་བདུན་སོགས་དབང་དུ་བསྡུས་ནས།ཤར་མདོ་ཁམས་གླིང་དུ་རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་ཞེ་བཞི། རྫོང་ཕྲན་ང་བཞི། རྫོང་འབྲིང་སོ་དགུ།གཡུལ་འགྱེད་གྲངས་མང་རྒྱལ་ཁ་བླངས།
ཡུལ་གྱི་ཁྱད་ཆོས་ལ་ཨ་ཕྱུག་ཚོ་པའི་གནས་བསྡུས་བཤད་སྲོལ་ལས།ས་ཨ་ཕྱུག་རི་ཐང་མར་རྒྱན་འདྲ། །ཕྱུག་འབྲི་མོ་ཡག་དོན་དེ་ནས་བྱུང་། །ཕྱུག་རྟ་ནོར་འཕེལ་དོན་དེ་ནས་བྱུང་།།གླིང་གེ་སར་སྐྱེས་བུའི་དང་རྩེ་ཡིན། །ཕོ་སྐྱེས་གཟུགས་ལེགས་དོན་དེ་ནས་བྱུང། །གསང་དགྲ་ལྷ་འཁོར་དོན་དེ་ནས་བྱུང་།།མ་འབྲུག་མོ་མོ་སྨན་དང་རྩེ་ཡིན། ཡུལ་བུད་མེད་མཛེས་དོན་དེ་ནས་བྱུང་། སྨན་ལག་བཅུད་ཆེ་དོན་དེ་ནས་བྱུང་ཞེས་གྲགས་སོ།།
གླིང་རྗེ་གེ་སར་རྒྱལ་པོའི་སྐྱེ་ཡུལ་འཁྲུངས་གླིང་མེ་ཏོག་ར་བ་ལས།འཁྲུངས་ཡུལ་གྱི་ཁྱད་ཆོས་སྐོར་ལ། ཇོ་རུའི་འཁྲུངས་ཡུལ་བཤད་དགོས་ན། །སྐྱིད་སོས་ཡག་གི་ཁ་མདོ་ལ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །མདུན་རི་ཁྱུང་ཚང་གཉན་པོ་ཡོད། །རྒྱབ་རི་བྲག་སྔོན་གཡུ་རྩེ་ཡོད། །གཡས་རི་སྟག་མོ་རྔམ་འཁྲུག་ཡོད། །གཡོན་རི་མདུང་རྩེ་བྲག་དམར་ཡོད།།ཅེས་གསུངས་པ་བཞིན་སྒྲུང་ཡིག་དང་ད་ལྟའི་ས་མིང་། མི་རྣམས་ཀྱི་ངག་རྒྱུན་བཅས་ཚང་མ་དེ་བཞིན་ཆགས།
གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་ལ་སྔོན་གླིང་ཚང་རྒྱལ་པོ་དབང་ཆེན་གཡུ་རྒྱལ་གྱིས་བོད་རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྤྱི་ལོ1490ལོ་ཡས་མས་སུ་དབང་བསྒྱུར་གནང་སྐབས་གེ་སར་རྒྱལ་པོའི་རྗེས་དྲན་ཁང་རྟེན་དང་བརྟེན་པ་བཅས་ད་ལྟའི་ཨ་ཕྱུག་གེ་སར་ལྷ་ཁང་ཞེས་པ་དེ་གསར་དུ་བཞེངས་ཏེ། གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་འཁོར་གསུམ་དང་ན་བཟའ། མདའ་གཞུ། གྲི། བ་སོའི་ཐམ་ག་བཅས་དང་། གླིང་གི་ཕུ་ནུ་དཔའ་བརྟུལ་དང་མོ་སྨན་སོགས་ཀྱི་ཆས་རྫས་སྣ་ཚོགས་གྲངས་སྟོང་ཕྲག་ལས་བརྒལ་བ་ཡོད་པས།རིག་གནས་གསར་བརྗེའི་སྐབས་སུ་རྟེན་དང་བརྟེན་པར་བཅས་པ་བརླགས་ཤིང་། སྤྱི་ལོ1999ལོའི་ཟླ8པའི་ཚེས8ཉིན་བསྐྱར་བཞེངས་ལེགས་གྲུབ་ཡོང་བར།གེ་སར་རྒྱལ་པོ་གཙོས་པའི་དཔའ་ཐུལ་སུམ་ཅུ་དང་། ཚ་ཞང་འདན་མ་གཙོས་པའི་ཁྲ་གླག་སྤྱང་གསུམ།རྒྱ་ཚྭ་ཞལ་དཀར་གཙོས་པའི་ཡང་ཐུལ་དམ་པའི་མི་བདུན། ལྷ་ཆེན་ཚངས་པ་དཀར་པོ་གཙོས་པའི་གླིང་ལྷ་བརྒྱད། སེང་ལྕམ་འབྲུག་མོ་གཙོས་པའི་གླིང་གི་མོ་སྨན་བརྒྱད།རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་སོགས་རྟེན་བཞེངས་གནང་བས་མཐོང་ན་ཡིད་དབང་འཕྲོག་ལ། ཐོས་ན་རྣ་བར་དོན་དང་ལྡན་པའོ།།
གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་ནི་ཐོག་མར་སྡེ་དགེ་རྫོགས་ཆེན་བསམ་གཏན་ཆོས་འཁོར་གླིང་ནས་མཆོག་སྤྲུལ་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས(1872-----1733)མཛད་པ་ཡིན། ངག་རྒྱུན་དུ་ཁོང་ནི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་གཏེར་ཆེན་པོ་ལ་མངའ་དབང་དགོངས་པའི་ཀློང་བརྡོལ་བས། གདན་ཐོག་གཅིག་ཏུ་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་བར་ཕེབས་པ་དང་། ནམ་མཁར་བྱ་ལྟར་འཕུར་བ། སྒྲུབ་དང་མཆོད་པའི་གཏོར་མ་འོད་དུ་ཞུས་ནས་བདུད་རྩིར་གྱུར་པ། ཉི་མ་རྟོད་ལ་མནན་ནས།ཉིན་མཚན་དབྱེར་མེད་བསྒྱུར་བ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ།ཞབས་རྗེས་རྡོ་ལ་བཞག་པ་སོགས་གྲུབ་རྟགས་ཀྱི་སྤྱོད་པ་ཀུན་གྱི་མཐོང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་ལ་ལེན་གྲངས་ཕེབས་པ་སོགས་དག་པའི་སྣང་བ་འབའ་ཞིག་འབྱམས་ཀླས་ཤིང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་མཁྱེན་པས་རྫོགས་ཆེན་དགོན་དུ་དེང་གི་དུས་ཀྱང་མ་ཉམས་གོང་འཕེལ་འགྲོ་བཞིན་པའི་གླིང་གི་དཔའ་རྟུལ་ཕུ་ནུ་སུམ་ཅུའི་འབག་འཆམ་འདི་ཡང་ཁོང་གི་དངོས་སྟོན་གྱི་སྣང་ངོར་ཇི་བཞིན་མཐོང་བ་ལྟར་འཛམ་གླིང་སེང་ཆེན་རྒྱལ་པོ། གླིང་གི་དཔའ་རྟུལ་ཕུ་ནུ།དགྲ་ལྷ་ཝེར་མའི་ཚོགས་བཅས་རིན་པོ་ཆེ་ཉིད་ནས་ཞལ་བཀོད་ལྟར་བཟོ་གྲུབ་ཅིང་། ཐོག་མར་གར་གྱི་འཆམ་དུ་བཟོས་ནས་རྫོགས་ཆེན་ཨོ་རྒྱན་རུ་དམ་གླིང་གི་ཁྲོམ་རའི་འཆམ་གྱི་གར་སྟེགས་སྟེང་དུ་འཁྲབ་གཞུང་གི་སྲོལ་བཏོད། དེ་ནས་དགོན་མ་ལག་དང་བཅས་པས་རིམ་བཞིན་འཆམ་པའི་སྲོལ་མདོ་དབུས་ཁམས་གསུམ། དེང་སང་ཕྱིའི་རྒྱལ་ཁབ་མང་པོའི་གྲོང་ཁྱེར་ཆེན་པོ་དང་བཅས་པ་ལ་ཁྱབ་པར་བརྡལ་བས།གང་གིས་མཇལ་བ་ཙམ་གྱིས་ཀྱང་དབང་པོ་མཆོག་གི་དོན་དང་ལྡན་པར་བྱེད་ཅིང་། གང་གིས་ཐོས་པ་ཙམ་གྱིས་ཀྱང་དད་འདོད་འདྲེན་འོས་པ་འདི་འདྲ་ལྟད་མོ་མིག་གི་རྒྱང་རིང་ནི་ཀུན་གྱིས་མཐོང་འོས་པའི་གནས་སུ་གྱུར་པའོ།།
དེ་ལྟར་བོད་ཀྱི་མཁས་གྲུབ་དམ་པ་དུ་མས་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་ཡིན་པ་དང་། ཁོང་བོད་མིའུ་ལྡོང་དྲུག་ལས་ནང་ཚན་སྨུག་པོ་ལྡོང་ལས་མཆེད་པའི་གླིང་གི་རིགས་རྒྱུད་ཡིན་ལ། ཁམས་གླིང་ཚང་རྒྱལ་པོའི་གདུང་རྒྱུད་ཡབ་གླིང་ཆུང་རྒྱུད་སེང་བློན་རྒྱལ་པོ་དང་། ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་དང་པོ་ཚུགས་མ་ཐག་པའི་ས་ཕོ་སྟག་ལོར་འཁྲུངས་ཏེ་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས་པ། དབང་བསྒྱུར་གྱི་མངའ་ཁོངས་གཙོ་བོ་ནི་རྨ་ཆུ་སྟོད་སྨད་བར་གསུམ་འདུས་པའི་མདོ་ཁམས་ཡིན་པར་ལོ་རྒྱུས་ཐམས་ཅད་ཁ་མཐུན་ཞིང་།ཕལ་ཆེར་དོགས་དཔྱད་ཅི་ཡང་མི་དགོས་པར་གྱུར། མིང་ཡང་གླིང་རྗེ་གེ་སར་དང་། གླིང་གེ་སར་རྒྱལ་པོ། སེང་ཆེན་ནོར་བུ་དགྲ་འདུལ་གསོལ།