logo

ཚོང་དཔོན་ནོར་བུ་བཟང་པོའི་སྐོར་གྱི་གླེང་མོལ་ཐན་ཐུན།

རྩོམ་པ་པོ།:བཀྲ་ཤིས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-06-17 ཀློག་གྲངས།:
     ཚོང་དཔོན་ནོར་བུ་བཟང་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་ཚོང་དཔོན་ཞིག་གམ་སྦྱིན་བདག་ཆེན་མོ་ཞིག་ཡིན། ད་ལྟའི་མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་གི་མི་ཡིན། ཁོང་སྐུ་བལྟམས་དུས་ཡ་མཚན་པའི་རྟགས་མང་པོ་བྱུང་ཞིང་། དེ་ལས་ཀྱང་ཁྱད་མཚར་བ་ནི་ཁོང་གིས་ལག་གཡས་པར་ནས་རྡོག་ཅིག་བཟུང་ཡོད། ནོར་བུ་བཟང་པོ་དགོང་ལོ་ཉེར་དྲུག་སྟེང་མཚོ་སྔོན་དང་ཉིང་ཞ། ཞི་ཨན་སོགས་ནས་ཚོང་ལས་གཉེར་མགོ་བརྩམས་ཤིང་མ་འགྱངས་པར་མ་རྩ་མང་པོ་བསགས་ནས་ཚོང་བའི་ཁྲོད་དུ་སྐད་གྲགས་ཆེས་ཆེར་རྒྱས། དུས་མཚུངས་སུ་ཁོང་ཉིད་བོད་སྐད་དང་རྒྱ་སྐད་ཧོར་སྐད་སོགས་ལའང་བྱང་ཆུབ་པར་འདུག དགོང་ལོ་སོ་བརྒྱད་སྟེང་ཁོང་གི་ཚོང་ལས་ནང་སོག་དང་ཕྱི་སོག  ཤིན་ཅང་སོགས་སུ་རྒྱ་བསྐྱེད། སྐབས་དེར། ཚོང་རྒྱག་དུས་རྔ་མོང་དང་དྲེལ་ལ་བརྟེན་ནས་ཚོང་ཟོག་སྐྱེལ་འདྲེན་བྱེད་དགོས་ཤིང་། ལམ་ཐག་རིང་བའི་རྐྱེན་གྱིས་ས་རུབ་དུས་གང་ལ་ཐོན་ན་དེར་སྒར་བཏབ་ནས་ངལ་གསོ་དགོས་པ་རེད། རྔ་མོང་དང་དྲེལ། གཡག་དང་འཁོར་གཡོག་སོགས་ཁྲི་ཕྲག་དུ་མས་བསྐོར་བས་བརྗིད་ཉམས་ཆེ་བ་དང་ཚོང་བ་མང་པོ་རང་འགུལ་གྱིས་ཁོང་དང་མཉམ་འབྲེལ་བྱས་ཏེ་ཚོང་ལས་གཉེར་བའི་རེ་བ་ཞུས། དུས་དེ་ནས་བཟུང་ནོར་བུ་བཟང་པོར་རྒྱུ་ནོར་མང་པོ་ཐོབ། ཁོང་གིས་རྔ་མོང་སྟོང་ཕྲག་ལ་གསེར་དངུལ་རིན་ཆེན་མང་པོ་བཀལ་ནས་སྡོད་གནས་བསྐྱར་སྐྲུན་་བྱས་ཏེ་མིང་ལ་ཕོ་བྲང་ནོར་བཟང་གླིང་ག་ཞེས་བཏགས། དེར་བརྟེན་ནས་ནོར་བུ་བཟང་པོའི་མཚན་སྙན་འབྲུག་སྒྲ་ཇི་བཞིན་ཕྱོགས་ཡོངས་ལ་ཁྱབ། བལ་བོའི་རྒྱལ་པོས་རོགས་སྐྱོར་གནང་འོག་ནོར་བུ་བཟང་པོ་འབྱོར་ཕྱུག་ཀླུ་ཡུལ་ལ་འགྲན་པ་དང་སྙན་གྲགས་བོད་ཡུལ་ཡོངས་སུ་ཁྱབ་ནས་ཚོང་དཔོན་ནོར་བུ་བཟང་པོར་གྱུར།

     ནོར་བུ་བཟང་པོ་ལྷ་སར་ཐེངས་གསུམ་ལ་སོང་པ་དེ་ནི་ཆེད་དུ་རྗེ་ཙོང་ཁ་པར་མཇལ་དུ་སོང་བ་རེད། རྒྱུ་ནོར་དང་མཆོད་རྫས་གྱ་ནོམ་པ་ཁྱེར་བས་ཁོང་རང་རྗེ་ཙོང་ཁ་པའི་ཡོན་བདག་གཙོ་བོའི་གྲས་ཤིག་ཡིན། ཚོང་དཔོན་ཁོང་ཐེངས་བཞི་བར་ལྷ་སར་མ་སོང་གོང་རྗེ་ཙོང་ཁ་པའི་མ་ཡུམ་ལ་མཇལ་དུ་སོང་། ཡུམ་གྱིས་རང་གི་བུ་ཆུང་དྲན་པས་སྐྲ་དཀར་ཉག་ཅིག་བསྐུར་ཞོར་སྐད་ཅིག་བཏང་། རྗེ་ཙོང་ཁ་པས་ཨ་མས་བསྐུར་བའི་སྐྲ་དཀར་དང་སྐད་ལ་ཉན་རྗེས་སེམས་སྡུག་ཚད་མེད་བྱུང་ཡང་ཨ་མར་བལྟ་རུ་འགྲོ་མི་ཐུབ་པས་ཁོང་གིས་རང་གི་སྐུ་འདྲ་ཞིག་བྲིས་ནས་དེ་ནོར་བུ་བཟང་པོར་བསྐུར་ཞོར་སྐུ་འདྲ་འདི་མཐོང་ན་ང་དང་ངོ་ཐུག་པ་དང་གཅིག་འདྲ་ཡིན། སྐུ་འདྲ་འདིས་ཁྱེད་ལ་ཨ་མ་ཞེས་འབོད་སྲིད་ལ་ད་དུང་ཉིན་ཞག་དྲུག་ལ་ཁ་བརྡ་ཡང་བྱེད་ངེས་ཞེས་པའི་སྐད་ཅིག་བསྐུར།

     ཚོང་དཔོན་དགུང་ལོ་གོ་དགུར་སོན་པའི་ལོ་དེའི་ལུགས་རྙིང་གི་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ནངས་མོར་རྒྱུན་ལྡན་དང་འདྲ་བར་མཆོད་པ་བཤམས་རྗེས་རྗེ་ཙོང་ཁ་པའི་ཐང་ག་དེས་གསུང་བྱོན་ནས་ཁྱེད་ཀྱི་ལས་དོན་ཡོངས་སུ་གྲུབ་པས་དགེ་བ་བསམ་གྱིས་མི་ཁྱབ། འུ་གཉིས་དག་པའི་ཞིང་ནས་ཐུག་ཟེར། ནོར་བུ་བཟང་པོས་ཕྱག་འཚལ་ནས་བཀའ་དྲིན་ཞུས་རྗེས་འཇིག་རྟེན་འདི་དང་བྲལ་སོང་ངོ་།།

དང་པོ། བོད་དམངས་ཁྲོད་དུ་ཁྱབ་པའི་ཚོང་དཔོན་ནོར་བུ་བཟང་བོའི་སྐོར་གྱི་ངག་རྒྱུན།

༡ སྔོ་འབུ་ཆུང་ཆུང་།

     ཚོང་དཔོན་ཁོང་རང་གི་ཚོང་ལས་ལ་བར་ཆད་དང་དཀའ་ཁག་དུ་མ་འཕྲད་པས་སེམས་འཕང་ཅུང་དམའ་མོར་གྱུར་ཅིང་། ལམ་གྱི་ངལ་བས་སྐྲ་མཚམས་ནས་རྔུལ་ཆུ་ཐིགས་པ་འགའ་ག་ལེར་བཞུར་ཡོང་། ཞོན་རྟ་དང་ལག་རོགས་ཀྱི་རམ་འདེགས་འོག་རྫ་ནག་ལུང་སྨུག་ལ་ཁར་སླེབས་པ་ན་ཁོར་ཡུག་གི་རི་ཐང་མིག་ལ་མངོན་ཞིང་། རི་དྭགས་སྣ་ཚོགས་ཁྱུ་ཁྱུ་བྱས་ནས་འཁོར་འདུག་ལ། སྤྲིན་དཀར་གྱི་གསེབ་ནས་ཉི་མས་དྲོས་མ་འཇམ་གྱི་འོད་སྣང་སྤྲོ་གང་ཐུབ་བྱེད་ཀྱིན་འདུག ཡུན་རིང་ལམ་དུ་ཞུགས་པས་ཐང་ཆད་པའི་ཁོང་གིས། ཞྭ་མོ་ཕུད་དེ་གསོལ་མཆོད་ཐུང་ཐུང་ཞིག་བྱས་རྗེས། ལག་རྡོ་རྣམས་ལ་ཅུང་ངལ་གསོ་དགོས་པའི་བཀའ་ཕབ།

     ལག་རྡོ་རྣམས་ལྕི་ཐུ་མེ་འབོད་ཀྱི་བྲེལ་ཟིང་ཟིང་བྱེད་ཀྱིན་འདུག ཉི་མས་ཀྱང་རང་ནུས་གང་ཡོད་ཀྱིས་འོད་སྣང་སྤྲོ་བཞིན་མཆིས། མཚམས་མི་ཆད་པར་གཡུག་པའི་རླུང་བུས་ལ་ཁའི་ཇོ་དར་ལ་པྲ་ཚག་བྱེད་ཀྱིན་འདུག སྐབས་དེར་ཚོང་དཔོན་ནོར་བུ་བཟང་པོ་གོས་ཀྱི་ཕུ་ཐུང་སྔས་སུ་བྱས་ཏེ་ངལ་གསོ་བཞིན་འདུག

     སྐབས་དེར་ཚོང་དཔོན་ནོར་བུ་བཟང་པོས། སྔོ་འབུ་ཆུང་ཆུང་ཞིག་རང་ནུས་ཡོད་དགུ་རྩལ་དུ་བཏོན་ནས་རྩྭ་མགོར་འགོ་བཞིན་འདུག་པ་མཐོང་། ཚོང་ལས་ཀྱི་བར་ཆད་དང་དཀའ་ཁག་ལ་སེམས་པ་འཁོར་བའི་ཚོང་དཔོན་ཁོང་གློ་བུར་དུ་བསམ་གཞིག་གི་ཀློང་ནས་ཕྱིར་བུད་དེ། རྩྭ་མགོར་འགོ་བཞིན་པའི་སྔོ་འབུ་དེར་གཡེང་སོང་།

     རླུང་ཅུང་ཤུགས་ཆེ་བ་ཞིག་གཡུགས་ཏེ་རྩྭ་མགོར་སླེབས་རན་ལ་ཡོད་པའི་སྔོ་འབུ་དེ་ས་ལ་འཕངས། སྔོ་འབུ་དེ་རང་ལུས་ཨ་འཁྱིལ་བྱས་ཏེ་ངལ་ཅུང་ཟད་གསོས་རྗེས། སྔར་བཞིན་རྩྭ་མགོར་འགོ་བའི་མགོ་བརྩམས། རྩྭ་མགོར་སླེབས་རན་ལ་ཡོད་དུས་ཡང་བསྐྱར་རླུང་བུ་ཞིག་གཡུགས་ཏེ་སྔོ་འབུ་དེ་ས་རུ་འཕངས། སྔོ་འབུ་དེས་སྔར་བཞིན་རང་ལུས་ཨ་འཁྱིལ་བྱས་ནས་ངལ་གསོས་པ་དང་། དེ་ནས་ཡང་བསྐྱར་འགོ་བའི་མགོ་བརྩམས། དེ་ལྟར་རླུང་བུས་བར་ཆད་ཀྱིས་ཐེངས་མང་ས་རུ་བརྒྱབ་པའི་སྔོ་འབུ་དེ་མཐར་རྩྭ་མགོར་འགོས་ནས་ཞིམ་མངར་ལྡན་པའི་རྩྭའི་བཅུད་ལ་རོལ་ཐུབ་སོང་།

     རྩྭ་རྐང་དེ་སྤྱིར་བཏང་གི་རྩྭ་རྐང་ཞིག་ཡིན་མོད། སྔོ་འབུ་དེར་མཚོན་ན་དགུང་ལ་ཟུག་པའི་སྡོང་བོ་ཞིག་དང་འདྲ་ལ། འཕར་འཇགས་ངེས་མེད་ཀྱིས་གཡུག་པའི་རླུང་བུ་ནི་ཁ་གཏད་གཅོག་དཀའ་བའི་རང་བྱུང་ཁོར་ཡུག་གི་སྡུག་རྩུབ་ཅིག་ཅི་ལ་མིན། ཡིན་ནའང་། སྔོ་འབུ་དེ་བར་ཆད་དང་དཀའ་ཁག་དེ་དག་ལ་མ་སྐྲག་ཅིང་ནམ་ཡང་མི་བསྐྱུར་པའི་འབད་བརྩོན་གྱིས་རྩྭ་རྐང་དེ་ཞིམ་མངར་གྱི་ལོངས་སྤྱོད་དུ་གྱུར། ད་དུང་བར་མེད་དུ་གཡུག་པའི་རླུང་བུ་དེ་ཡང་རོལ་རྩེད་ལྟ་བུའི་ལོངས་སྤྱོད་ཅིག་ཏུ་གྱུར་བར་སྣང་། ད་ནི་ཉི་འོད་ཀྱི་ཁྲོད་ན་ལྡེམ་ལྡེམ་དུ་གཡོ་བའི་རྩྭ་རྐང་དེ་ལོངས་སུ་སྤྱོད་ཞོར། ལེགས་གྲུབ་ཀྱི་མིག་དཔེ་ཞིག་མདུན་དུ་བཤམས་སོང་།

     དེ་ནི་བར་ཆད་དང་དཀའ་ཁག་སྣ་ཚོགས་ཀྱིས་ཕམ་ཁ་བསྟུད་མར་བཟོས་ཀྱང་། ནམ་ཡང་རང་གི་ཕུགས་བསམ་བློས་མི་གཏོང་བར་འབད་བརྩོན་བྱས་ན། བར་ཆད་དང་དཀའ་ཁག་དེ་དག་ལས་རྣམ་པར་རྒྱལ་ཏེ། དམིགས་འབེན་མངོན་གྱུར་བྱེད་ཐུབ་པའི་དངོས་དཔེ་ཞིག་ཆེད་དུ་ཚོང་དཔོན་ནོར་བུར་བཟང་པོར་བསྟན་པ་དང་འདྲ་ལ། བར་ཆད་དང་དཀའ་ཁག་གི་དབང་གིས་སེམས་འཕང་དམའ་ཤིང་ལུས་ཤུགས་ཟད་པའི་ཚོང་དཔོན་སྙན་གྲགས་ཅན་འདི་ལ་ཟུར་ཟ་བྱེད་ཀྱིན་པ་དང་ཡང་མཚུངས།

     ཚོང་དཔོན་ནོར་བུ་བཟང་པོའི་སེམས་སུ་སྔོ་འབུ་ཆུང་ཆུང་ཞིག་ལ་ཡང་བར་ཆད་དང་དཀའ་ཁག་འདི་འདྲ་མང་དུ་འཕྲད་ཀྱིན་འདུག་པ་འཁོར་བ་དང་། སྔོ་འབུ་ཆུང་ཆུང་ཞིག་གིས་མུ་མཐུད་འཚོ་བ་རོལ་བ་ལ་ཡང་། བར་ཆད་དང་དཀའ་ཁག་ལས་རྣམ་པར་མ་རྒྱལ་བར་དུ་འབད་བརྩོན་བྱེད་པའི་སྙིང་སྟོབས་ཆེན་པོ་འདི་འདྲ་དགོས་ཀྱི་འདུག་པ་འཁོར། དེ་དང་མཉམ་དུ་མི་ཚེའི་བཞུད་ལམ་ནི་དྲང་ཐད་མིན་པར་ཀྱག་ཀྱོག་གིས་གྲུབ་ཅིང་། རྐྱེན་ངན་བར་ཆད་དང་འཕྲད་པ་ནི་གཡོལ་ཐབས་མེད་པའི་དོན་དངོས་ཤིག་ཡིན། ཆེས་མེད་ཐབས་མེད་པ་ནི་བར་ཆད་དང་དཀའ་ཁག་ལ་མི་སྐྲག་པར་འབད་བརྩོན་བྱེད་པ་དེ་ཡིན་ལ། དེ་ནི་མི་ཚེའི་ལེགས་འགྲུབ་ཀྱི་མན་ངག་ཅིག་ཡིན་པའི་གནས་ལུགས་ཀྱང་ངེས་པར་གྱུར། སྐབས་དེར་བར་ཆད་དང་དཀའ་ཁག་ལ་མི་སྐྲག་པའི་སྙིང་སྟོབས་ཤིག་ཚོང་དཔོན་ཁོང་གི་ལུས་སེམས་ཧྲིལ་བོར་ཁྱབ་པ་དང་། ལུས་ལ་སྟོབས་རྒྱས་པས་བཞིན་མདངས་ཀྱང་སྔར་ལས་ཇེ་གསལ་དུ་སོང་འདུག སྔར་གྱི་ཐང་ཆད་པའི་ཉམས་དང་སེམས་འཕང་དམའ་བའི་ཚུལ་གཉིས་ཀ་རྫ་ནག་ལུང་སྨུག་ལ་ཁ་ནས་བར་མེད་དུ་གཡུག་བཞིན་པའི་རླུང་བུས་ག་ཤེད་དུ་ཁུར་ཟིན་པ་དང་མཚུངས་པར་གྱུར།

     ཚོང་དཔོན་ནོར་བུ་བཟང་པོ་ཡར་བཞེངས་ཏེ་བལྟ་སྐབས་ལག་རྡོ་དག་གིས་ཇ་བསྐོལ་ཟིན་པ་དང་། རླུང་བུའི་ཁྲོད་དུ་སྦྲང་དཀར་རྩམ་པའི་དྲི་ཞིམ་ཐུལ་བཞིན་མཆིས། དེ་ནི་ཚོང་དཔོན་ཁོང་ལ་གུས་བསུའི་སྣེ་ལེན་བྱེད་ཀྱིན་པ་དང་མཚུངས། གསོལ་ཇ་དང་གསོལ་རྩམ་བཞེས་རྗེས་ཚོང་དཔོན་ནོར་བུ་བཟང་པོས་བར་ཆད་དང་དཀའ་ཁག་ལ་མི་སྐྲག་པའི་སྙིང་སྟོབས་ཆེན་པོས་ཚོང་དྲེལ་གྱི་ཁ་ལོ་དབུས་ཕྱོགས་ཉི་མ་ལྷ་སར་ཕྱོགས་པའི་ལམ་དུ་བསྒྱུར།

༢ ཁྭ་ཏའི་ཁ་བབས་དགོན་པ།

     ཚོང་དཔོན་ནོར་བུ་བཟང་པོ་དབུས་སུ་ཕེབས་པ་དང་། བར་ཆད་དང་དཀའ་ཁག་ལ་མི་སྐྲག་པའི་སྙིང་སྟོབས་དང་། ནམ་ཡང་རྒྱབ་ཏུ་མི་བསྐྱུར་བའི་སྙིང་རུས་ནི། ལེགས་འགྲུབ་ཀྱི་མན་ངག་ཡིན་པའི་གཏམ་རྒྱུད་ཅིག་ཤུལ་དུ་བསྐྱུར། གཏམ་རྒྱུད་དེ་བར་མེད་དུ་གཡུག་པའི་རླུང་བུ་ཇི་བཞིན་ནམ་ཡང་འཇགས་མ་མྱོང་ལ། བརྗིད་ཆགས་པའི་རྫ་ནག་ལུང་སྨུག་ལ་ཁའི་རི་དང་ཆུ་བོའི་མཛེས་རྒྱན་དུ་གྱུར་ནས་ད་དུང་ཡང་མ་ཉམས་པར་གནས་འདུག་གོ།

     ནོར་བུ་བཟང་པོ་དགུང་ལོ་དགུ་བཅུ་ལ་སླེབས་སྐབས་རྗེ་ཙོང་ཁ་པའི་དགེ་ཕྲུག་ཆེ་བ་ཆོས་ཀྱི་རྒྱལ་པོས་ཁོང་ལ་ཚེ་དབང་བསྐུར། དབང་བསྐུར་ཚར་རྗེས་ཁོང་གཉིས་ཀ་ནོར་བཟང་གླིང་ག་ནས་འཆམ་འཆམ་དུ་ཕྱིན་དུས་ཙན་དན་གྱི་སྡོང་མགོ་ནས་ཁྭ་ཏ་བསྟུད་མར་ཐེངས་གསུམ་གྲགས་རྗེས་ཁ་ནས་གསེར་མདོག་གི་འོད་བསྐྱུགས་ནས་གླིང་ག་ཧྲིལ་བོ་འོད་ཀྱིས་བཀང་། ནོར་བུ་བཟང་པོ་ཡ་མཚན་ནས་ཆོས་ཀྱི་རྒྱལ་པོ་ལ་རྒྱུ་མཚན་དྲིས། ཆོས་ཀྱི་རྒྱལ་པོས་འདི་ནི་ཁྱེད་ཀྱི་གླིང་ག་མི་འགྱང་བར་དགོན་པར་འགྱུར་བའི་བཀྲ་ཤིས་ལྟས་བཟང་ཡིན་པར་བཤད། ནོར་བུ་བཟང་པོ་དགའ་ནས་ཆོས་ཀྱི་རྒྱལ་པོ་ལ་མིང་ཞིག་སྩོལ་བའི་རེ་བ་ཞུས། ཆོས་ཀྱི་རྒྱལ་པོས་འདི་ནི་ཁྭ་ཏ་དེར་རག་ལས་པས་མིང་ལ་ཁྭ་ཏའི་ཁ་བབས་ཞེས་བཏགས། དེང་སྐབས་གཞོང་ཐང་རྫོང་གི་ཁྭ་ཏའི་ཁ་བབས་དགོན་པ་རེད།

   ནོར་བུ་བཟང་པོ་ཁྭ་ཏའི་ཁ་བབས་དགོན་པའི་ཡོན་བདག་གཙོ་བོར་གྱུར་ནས་མི་གྲངས་སྟོང་གཉིས་ལྷག་ཤོང་བའི་འདུ་ཁང་ཆེན་མོ་དང་བཙུན་ཤག་སྟོང་གཅིག་ལྷག་གསར་བཞེངས་བྱས། ཁང་པ་ཆེས་བཟང་ཤོས་ཆོས་ཀྱི་རྒྱལ་པོར་གཟིམས་ཤག་བྱེད་དུ་བཅུག  རྗེས་ནས་ནོར་བུ་བཟང་པོས་ཕྱོགས་ཡར་མར་ནས་བཙུན་པ་སྟོང་གཅིག་གདན་དྲངས་ནས་དགོན་པ་དེ་ནས་རྒྱུན་སྡོད་བྱས་པ་དང་འགྲོ་སོང་ཡོད་ཚད་ཁོང་གཅིག་པོས་མཁོ་སྤྲོད་བྱས།

གཉིས་པ། བོད་དམངས་ཁྲོད་དུ་ཁྱབ་པའི་ཚོང་དཔོན་ནོར་བུ་བཟང་བོའི་སྐོར་གྱི་གླུ་གཞས།

ཚོང་དཔོན་ལགས།

ཚོང་དཔོན་ཡག་ལ་ངས་མ་ཡག་མ་རེད་དེས་ཚོང་དཔོན་ཡག་ལ།

ནོར་བུ་ལ་བཟང་པོ་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

 

དབུ་ཞྭ་ཡག་ལ་ངས་མ་ཡག་མ་རེད་དབུ་ཞྭ་ཡག་ལ།

ཚེ་རིང་གི་དཀྱིལ་འཁོར་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

 

ལུས་གོས་ཡག་ལ་ངས་མ་ཡག་མ་རེད་དེས་ལུས་གོས་ཡག་ལ།

ཚ་རུ་ལ་དཀར་འཇམ་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

 

ཀེ་རག་ཡག་ལ་ངས་མ་ཡག་མ་རེད་དེས་ཀེ་རག་ཡག་ལ།

སྐོར་རྒྱ་ཡི་ལེབ་ཆེན་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

 

ལྷམ་ཆུང་ཡག་ལ་ངས་མ་ཡག་མ་རེད་དེས་ལྷམ་ཆུང་ཡག་ལ།

འབུར་ལེན་གྱི་མཇའ་ཆེན་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

 

ལྷམ་སྒྲོག་ཡག་ལ་ངས་མ་ཡག་མ་རེད་དེས་ལྷམ་སྒྲོག་ཡག་ལ།

གབ་ཙེ་ལ་དགུ་སྐོར་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག

གསུམ་པ། ཚོང་དཔོན་ནོར་བུ་བཟང་བོ་ཚོང་དཔོན་ཆེན་པོ་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན།

     སྐྱེས་བུ་རླབས་ཆེན་ཞིག་གམ་མི་སྣ་འཇོན་ཐང་ཅན་ཞིག་གི་འཁྱོངས་ཚུལ་བཤད་པ་ལ། རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་རང་ཉིད་དེ་ནང་རྐྱེན་དང་། གཉིས་ནི་སྤྱི་ཚོགས་ཁོར་ཡུག་གམ། དུས་ཀྱི་གནས་བབས་སམ་ཕྱི་རྐྱེན་ནོ། འདིར་ང་ཚོར་ཁུངས་ལྡན་གྱི་ཡིག་ཚང་མང་པོ་བལྟ་བྱ་མེད་ཀྱང་ཕལ་ཆེར་ཀུན་གྱིས་རློམ་པའི་ཁོང་གི་རྣམ་ཐར་བསྡུས་བཀོད་གོང་དུ་དྲངས་པ་གཞིར་བཟུང་ནས་འཆད་ན། ཁོང་ནི་མི་བློ་རིག་བཀྲ་བ་དང་སྙིང་རུས་ཆེ་བ། བློ་སྤོབས་ཀྱིས་ཕྱུགས་པའི་ཁར། ལོ་ན་གཞོན་དུས་ནས་ཡར་མར་ལ་ཚོང་འབྲེལ་དུ་ཆས་པས་ལྟ་རྒྱ་ཐོས་རྒྱ་ཡང་རིམ་བཞིན་ཇེ་ཆེར་སོང་བ་དང་། ཕུགས་བསམ་ཡང་སྔར་བར་རྒྱ་ཆེ་བར་གྱུར་བར་མངོན། ཁོང་གི་རྣམ་ཐར་གསལ་བོ་ཞིག་བཙལ་དུ་མེད་ཀྱང་ཁོ་བོའི་བསམ་པར་ཁོང་གི་ཡབ་ཡུམ་ཟུང་ཡང་སྐུ་དྲག་ཅིག་གམ་དུད་ཚང་ཅུང་སྟོབས་དང་ལྡན་པ་ཞིག་ཡིན་སྲིད་སྙམ། རྒྱུ་མཚན་ཁྱིམ་ཚང་གི་རྒྱབ་སྐྱོར་དང་མཐུན་རྐྱེན་ནི་ཆེས་མེད་དུ་མི་རུང་བ་ཡིན་ལ། ལྷག་པར་དུ་དུས་སྐབས་དེར་མཚོན་ན་དེ་འདྲ་རེད། གཞན་ཡང་ཁོང་གིས་ཡི་གེ་བསླབ་པའི་ལོ་རྒྱུས་བཤད་དུ་མེད་ཀྱང་ཁོས་ཡི་གེ་ཤེས་པ་ནི་ཁ་མཚོན་བཅད་ནས་བཤད་ཆོག་སྟེ། རྗེས་སུ་ཁོ་རང་ཚོང་དཔོན་ཆེན་པོ་གྱུར་བ་དེས་གསལ་བཤད་བྱ་ཐུབ་སྙམ། 

བཞི་བ། ཚོང་དཔོན་ནོར་བུ་བཟང་པོ་དང་རྗེ་ཙོང་ཁ་བ།

     ཚོང་དཔོན་ནོར་བུ་བཟང་བོ་དང་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་མངོན་གསལ་གྱི་འབྲེལ་བ་ནི་ཡོན་བདག་དང་དགེ་སློང་ངོ་། ཁོ་གཉིས་ཀྱིས་འབྲེལ་བ་དེ་ནི་ཁོ་གཉིས་ལ་མཚོན་ན་མི་ཚེའི་ཁ་ཕྱོགས་དང་བགྲོད་ལམ་གལ་ཆེན་ཞིག་སྟེ། དེ་ལ་འཇིག་རྟེན་པའི་མིག་གིས་བསམ་བློ་གཏོང་བ་གཞིར་བཞག་འོག་ནང་ཆོས་ཀྱི་དགོངས་པ་ནས་འབྲེལ་ན་ཅུང་འཐུས་ཚང་སྙམ། འབྲེལ་བ་དེ་ནི་ཁོ་གཉིས་ལ་ཤིན་ཏུ་ཕན་པ་ཞིག་སྟེ། སྐབས་དེར་རྗེ་ཙོང་ཁ་བས་ཞྭ་སེར་བསྟན་པའི་སྲོལ་ཕྱེས་ནས་རིམ་བཞིན་ཤུགས་རྐྱེན་ཆེས་ཆེར་རྒྱས་པའི་སྐབས་ཡིན་ལ། དེ་ཡང་བསམ་པའི་རིག་གནས་སོགས་རིག་གནས་གང་ཞིག་གི་འཕེལ་རྒྱས་དེའང་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཁ་འབྲལ་ཐབས་མེད་པ་གནའ་དེང་གི་དངོས་ཡོད་གནས་ཚུལ་ཡིན་ཙ་ན། རྗེ་ཁོང་གིས་ཀྱང་རང་ཡུལ་ཕྱོགས་ཀྱི་ཚོང་བ་སྟོབས་ཅན་འདི་ལྟ་བུར་བརྟེན། རང་གི་གྲུབ་མཐའ་གང་དེའམ་ནང་ཆོས་ཀྱི་ཡང་སྙིང་བརྒྱུད་སྤེལ་གང་ལེགས་བྱེད་པར་རེ་བ་ནི་དོན་དངོས་ཡིན་སྲིད་ལ་མཚར་བའི་གནས་སུ་མ་མཆིས་ཤིང་། ཚོང་དཔོན་ནོར་བཟང་ལ་མཚོན་ནའང་ཆོས་པའི་སྡེའམ་ཡང་ན་རང་ས་གནས་སུ་བསྙེན་བཀུར་དང་སྙན་གྲགས་མཐོ་བའི་ཆོས་པ་བླ་མེད་དམ་མཁས་མཆོག་ཅིག་སྐྱབས་རྟེན་དུ་བཅོལ་ན་རང་གཞན་སུའང་ཕན་གདོགས་ངེས་ཤིང་རང་གི་ཚོང་ལས་ཀྱི་ལམ་ཁ་ཡང་སྔར་བས་ཡངས་པར་གྱུར་བ་སྨོས་མེད་ཡིན་ངེས་ན་ལམ་དེ་ངེས་པར་གདམས་སྲིད་ཅིང་།  ཁོ་རང་ཉིད་ཀྱང་དགེ་བའི་བསྟན་པར་དད་འདུན་ཡོད་ལས་ཆེ། 

ལྔ་བ། ཚོང་དཔོན་ནོར་བུ་བཟང་པོ་དང་ཕག་གྲུའི་སྲིད་དབང་།

སྲིད་དབང་རྒྱབ་ལྗོངས།

     དེ་ཡང་སྐབས་དེར་ཁྲལ་རིགས་ཆག་ཡང་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་མཛད་པའི་ཚུལ་ནི། ཕག་མོ་གྲུ་པས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པའི་དུས་སྐབས་དེ་ལ་ཡུལ་སྡེ་དང་གྲུབ་མཐའི་བར་གྱི་འཁྲུག་རྩོད་དང་སྡེ་གཟར་ཟམ་མ་ཆད་པར་བྱུང་བའི་རྐྱེན་གྱིས། ཞིང་འབྲོག་ཐོན་སྐྱེད་ལ་ལོ་བསྟུད་མར་རྒྱུན་ལྡན་ཡོང་འབབ་མ་ཡོད་པའི་ཁར་སྐྱེས་བུ་རབ་འབྲིང་ཐམས་ཅད་དམག་འཁྲིར་འགྲོ་དགོས་པའི་དབང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤན་ཤུགས་ཆེར་བྱས་པའི་ཁར། ས་སྐྱའི་ཟུར་བུན་བྱུང་བའི་སྐབས་མི་སེར་གྱིས་མི་ཐེག་པའི་བརྡབ་གསིག་དང་ཧོར་ཁྲལ་རྣམ་པ་སྣ་ཚོགས་བསྡུ་ལེན་བྱེད་བཞིན་ཡོད་པས་བོད་འབངས་བྱིངས་སྡུག་བསྔལ་གྱི་མེ་འོབས་ནང་དུ་འཚོ་བཞིན་ཡོད་པར་གཞིགས་ཏེ། ཕག་གྲུའི་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་མི་སེར་རྣམས་བདེ་སྐྱིད་ཡོང་བ་དང་ཁྱད་པར་ཁྲལ་སྦྱོར་གྱིས་མནར་བའི་བཀའ་འབངས་རྣམས་དབུགས་གཡུང་རྨ་གསོ་ཐུབ་པའི་ཆེད་དུ། རྒྱ་ཆེའི་མི་སེར་ལ་ཁྲལ་རིགས་ཆག་ཡང་བཏང་བར་མ་ཟད་དམིགས་བསལ་དུ་མནར་འཚེ་མྱོང་བ་དེ་རྣམས་ལ་ལྷག་པར་བལྟ་སྐྱོང་གནང་སྟེ་ལོ་བསྟུད་མར་ཁྲལ་ཆག་ལག་བསྟར་བྱས་ཐོག   སྤྱིའི་རྐང་འགྲོའི་ཁྲལ་རིགས་ནས་དྲུག་ཆའི་ཁྲལ[①]་ཙམ་མ་གཏོགས་རང་དགར་འོལ་ཚོད་ཀྱིས་ཁྲལ་འབབ་བསྡུ་ལེན་གང་ཡང་བྱེད་མི་ཆོག་པའི་བཅའ་ཁྲིམས་བསྡམས། དེ་ལྟར་ཐོན་སྐྱེད་གོང་འཕེལ་ཡོང་བ་དང་མི་སེར་གྱི་འཚོ་རྟེན་ལ་ཕན་པའི་མཛད་ཐབས་ཡང་དག་པ་མང་པོ་ལག་ལེན་དུ་བསྟར་བར་བརྟེན། རིམ་གྱིས་ཞིང་འབྲོག་ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་བྱུང་བས་མི་སེར་གྱི་འཚོ་བ་ཇེ་ཡག་ཇེ་བཟང་དུ་སོང་བ་དང་། སྔར་ཟིན་བུན་གྱི་རྐྱེན་ལས་སོ་ནམ་འཐུས་ཤོར་དུ་སོང་སྟེ་ས་ཞིང་ཐལ་བ་སྐྱ་ཆག་ཏུ་ལུས་པ་རྣམས་སླར་གསོ་ཐུབ་པར་མ་ཟད། ས་རྒྱུ་གཤིན་པོ་གསར་སྦོལ་འོས་པའི་ས་རྒོད་རྣམས་ཀྱང་རྒྱ་ཆེར་བསློགས་ཏེ་རི་ཀླུངས་གང་སར་ས་ཞིང་གིས་གང་ཞིང་སྐྱེས་འབྲས་ཀྱང་ལེགས་པར་ཐོན་པས་ཞིང་ནང་དུ་བྱེའུ་མི་ཐར་བ་ལྟ་བུའི་ལོ་ལེགས་བྱུང་བར་གྲགས་པས་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བ་རེད། གཞན་ཡང་ལྷ་ཆོས་མི་ཆོས་སྤེལ་ཏེ་ཡུལ་ཁྲིམས་གཏན་འབེབས་མཛད་པའི་ཚུལ་ནི། དེ་ཡང་བོད་ཆེན་པོའི་རྒྱལ་ཁབ་སིལ་བུར་འཐོར་བ་དང་བསྟུན་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཀྱང་རྩ་མེད་དུ་སོང་ཞིང་ས་སྐྱ་བས་བོད་ལ་དབང་བསྒྱུར་སྐབས་ཧོར་ཁྲིམས་ཏེ་ཡོན་རྒྱལ་རབས་ཀྱི་ས་གནས་ཁྲིམས་ལུགས་གཙོ་བོར་སྤེལ་ཡང་ཁྲིམས་མང་ཤོས་ནི་བོད་མི་དམངས་དང་སྒོས་སུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་མི་འཚམས་པར་བརྟེན། སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་སྔར་ཡོད་བཙན་པོའི་དུས་སྐབས་ཀྱི་དགེ་བཅུའི་ཁྲིམས་ལུགས་གཞིར་བཟུང་སྟེ་བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔར[②]་གྲགས་པ་གསར་དུ་གཏན་འབེབས་ལེགས་པར་མཛད། ཞལ་ལྕེ་ཞེས་པ་ནི་ཁྲིམས་ཀྱི་མིང་གི་རྣམ་གྲངས་ཡིན་ལ་ཞལ་ལྕེ་དེ་དག་ནི་བོད་རྒྱལ་བཙན་པོ་གོང་མ་རྣམས་ཀྱི་ཁྲིམས་སྲོལ་བཟང་བོ་མི་ཉམས་པར་བསྐྱར་གསོ་བྱས་ཐོག་བོད་ཀྱི་སྤྱི་ཚོགས་དངོས་དང་དུས་སྐབས་དེ་གའི་གནས་ཚུལ་བཅས་ལ་གཞིགས་ནས་ལེགས་བཅོས་དང་གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་རྩ་བའི་ཁྲིམས་ལུགས་གཏན་འབེབས་གནང་བར་བརྟེན་ཡུལ་སྡེ་རྣམས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཅིག་པུའི་འོག་ཏུ་བཅུག་གོ ། དེ་མིན་ད་དུང་ནང་གཞིས་དགོན་སྡེ་དང་བཅས་པའི་མི་རྣམས་ལ་ཡང་སྒྲིག་ལམ་བཅས་མཚམས་ཕྲ་ཞིང་ཞིབ་པ་མཛད། ཐོག་མར་རླངས་ཀྱི་གདུང་རྒྱུད་ནང་འཁོར་དཔོན་རིགས་གང་ཡིན་རུང་བཅའ་ཁྲིམས་དང་མཐུན་པར་བྱ་དགོས་པར་མ་ཟད། སེར་དཔོན་དང་གཞིས་དགོན་གསར་རྙིང་གང་གི་བདག་པོ་བྱེད་མཁན་རྣམས་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བསླབ་པ་སློབ་གཉེར་ལ་བརྩོན་ཞིང་ཡ་རབས་མཁས་པའི་གྲལ་དུ་ཚུད་པ་ཤ་སྟག་དགོས་ཚུལ་ནས། སྐྱ་དཔོན་རྣམས་ཀྱང་འཇིག་རྟེན་མི་ཆོས་དང་མཐུན་པར་བུད་མེད་བསྟེན་ཚུལ་ནས་བུ་རྒྱུད་སྐྱོང་ལུགས་ལ་སོགས་པའི་ཐད་ལ་དབྱེ་བ་གསུམ་དུ་ཕྱེ་ནས་རེ་རེ་བཞིན་སྒྲིག་ལམ་གཏན་ཁེལ་གསལ་བོ་གནང་ཐོག  སྐྱ་སེར་སུ་ཡིན་རུང་དེ་དག་ལས་འགལ་ཚེ་ཁྲིམས་གཅོད་རྒྱང་འཕུད་དང་རླངས་ཀྱི་གདུང་རྒྱུད་ལས་ཕུད་རྒྱུ་སོགས་ཀྱི་སྒྲིག་ཁྲིམས་གཏན་ཁེལ་མཛད། དེ་མིན་རླངས་ཀྱི་གདུང་རྒྱུད་མ་གཏོགས་པའི་ནང་འཁོར་མི་སྣ་གསོལ་ཇ་གཟིམ་གཡོག་ཚུན་ཆད་ལའང་དེ་མཚུངས་ཀྱི་སྒྲིག་ཁྲིམས་བཅོས་པར་མ་ཟད། སུ་ཞིག་གིས་མི་ཚེ་གང་པོར་ཞབས་ཕྱི་མཐར་ཕྱིན་བསྒྲུབས་ཚེ་ནང་མི་གཉིས་མེད་ཀྱི་འཚོ་གཉེར་གནང་རྒྱུ་དང་བཅས་པ་གང་ལ་གང་འཚམ་ལུགས་དང་མཐུན་པ་ཞིག་མཛད་པས་གཞན་མི་ཡིན་ཡང་རང་མི་ལས་མི་དམན་པའི་ནུས་པ་ཡོད་རྒུ་འདོན་ཐབས་མཛད། བྱ་བཞག་འདི་དག་ནི་ཕག་གྲུའི་སྲིད་དབང་བརྟན་ཆགས་ཡོང་བ་དང་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཏེ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྲིད་དབང་སྐྱོང་ལུགས་ཐུན་མོང་མ་ཡིན་པའི་དགོངས་པ་རླབས་པོ་ཆེ་ཤ་སྟག་ཡིན་སྟབས་སྡེ་སྲིད་ཕྱི་མ་དག་ལའང་མི་ལྟོས་དང་སྒྲིག་གཞི་རྩ་དོན་ལེགས་པར་བསྟན་པ་ཡིན་ནོ།།

     ཕག་གྲུའི་སྲིད་དབང་གི་སྡེ་དང་པོ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་བཟུང་དཔོན་ཕྱི་མ་རིམ་བྱོན་གྱིས་བོད་ཀྱི་སྲིད་དབང་ལེགས་པར་བསྐྱངས་པ་ཡིན་ལ། དེར་དཔོན་ཕྱི་མ་བཅུ་ཕྲག་ཙམ་རིམ་པར་བྱོན་པ་ལས་སྡེ་སྲིད་ཁྲི་རབས་གཉིས་པ་ནི་འཇམ་འབྱངས་ཤྰཀྱ་རྒྱལ་མཚན་ཡིན་ཏེ།  སྡེ་སྲིད་འདི་པས་ཕག་གྲུའི་སྲིད་དབང་གི་འགན་བཞེས་རིང་ཆོས་སྲིད་ལུགས་གཉིས་ཐད་རང་གི་ཁུ་བོ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་ལ་ཕབ་ཅིང་ཇི་ལྟར་གདམས་པ་བཞིན་ཕག་གྲུའི་སྲིད་དབང་འཛིན་སྐྱོང་སྤེལ་གསུམ་ལེགས་པར་གནང་བས། སྐབས་དེར་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་བོད་མི་དམངས་ཀྱི་འཚོ་བ་ཡང་བདེ་སྐྱིད་ལྡན་པ་ཁོ་ན་བྱུང་། 

     ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་གསུམ་པ་ནི་སྤྱན་སྔ་གྲགས་པ་བྱང་ཆུབ་ཡིན་ལ། སྐྱེས་མཆོག་འདི་པས་སྐབས་དེའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཟབ་ཆོས་མང་པོ་གསན་བསམ་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བར་བཤད་ལ། མཉམ་མེད་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་འདིའི་ཞབས་ལ་གཏུགས་ཤིང་ཁོང་གི་རྟོགས་བརྗོད་ཀྱང་བཀའ་རྩོམ་མཛད་ཡོད་པར་མ་ཟད་རྗེ་འདི་ཉིད་ནས་ཀྱང་རྗེ་ཙོང་ཁ་བར་བསྟོད་བསྔགས་བྱས་པར་གྲགས། 

     ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་བཞི་བ་ནི་བསོད་ནམས་གྲགས་པ་ཡིན་ལ། ཁོང་གིས་སྡེ་སྲིད་ཀྱི་ཐུགས་འགན་བཞེས་རིང་ཡབ་མེས་གོང་མ་དག་གི་སྲོལ་བཟང་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ་ལོ་ངོ་ལྔའི་རིང་ཕག་གྲུའི་སྲིད་དབང་ལེགས་པར་བསྐྱངས། སྡེ་སྲིད་འདི་པའི་རིང་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཆེན་པོ་བྱུང་ལ་སྒོས་སུ་ལོ་ཕྱུགས་ལེགས་པ་བྱུང་བས་བསོད་ནམས་ཅན་གྱི་རྒྱལ་པོ་ཞེས་འབོད་ཀྱང་ཟེར། ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་ལྔ་བ་ནི་མི་དབང་གྲགས་པ་རྒྱལ་མཚན་ཡིན་ལ། སྡེ་སྲིད་འདི་པས་མེས་པོ་གོང་མ་ཏཱ་སི་ཏུ་མཆོག་གི་མཛད་པ་ལྷུར་ལེན་བྱས་ནས། ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་ཡར་ལྡན་དུ་བསྐྱངས་ཤིང་ཁྱད་པར་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་། དེར་བརྟེན་བོད་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་བ་དང་སྦྲགས་ཆོས་དང་རིག་གནས་ཀྱང་དར་རྒྱས་བླ་ན་མེད་པ་བྱུང་། ཆབ་སྲིད་ཐད་ལ་བློན་པོ་ཤེས་ལྡན་ལྷག་བསམ་ཅན་ཞབས་ཕྱིར་འགྲོ་བ་ཁོ་ན་བྱུང་བར་བརྟེན་བློན་པོ་མཛངས་གྲས་རེ་འགའང་བྱུང་། སྡེ་སྲིད་འདི་པས་བཟོ་རྒྱལ་ཐང་སྟོང་རྒྱལ་བོ་ལ་མཐུན་རྐྱེན་སྦྱར་ཏེ་ལྕགས་ཟམ་དང་གྲུ་ཤན་མང་པོ་བསྐྲུན་པར་བཤད། གང་ལྟར། སྡེ་སྲིད་འདི་པའི་རིང་བོད་ཀྱི་སྟོབས་འབྱོར་དང་ཕག་གྲུའི་སྲིད་དབང་གི་མངའ་ཐང་རྩེར་སོན་པའི་དུས་སྐབས་ཤིག་ཡིན་པར་གྲགས། 

     ཕག་གྲུའི་སྲིད་དབང་གི་འཛུགས་པོ་ཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་མཆོག་ནི་གྲུབ་མཐའི་དབང་བསྒྱུར་དུས་སྐབས་སུ་མིག་རྒྱང་ཅུང་རིང་བའི་སྲིད་དོན་པ་ཞིག་རེད། ཁོང་གིས་གཏན་དབབ་གནང་བའི་སྲིད་ཕྱོགས་ཀྱི་ཇུས་དོན་སྐོར་ཞིག་སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་དང་འཕྲོད་ཅིང་ཕན་ལ། ནུས་པའང་བཟང་གྲས་ཤིག་ཐོན་ཡོད། དེ་བས། དུས་སྐབས་དེར་རིག་གནས་པ་མང་པོ་ཞིག་བྱོན་ཡོད་ལ། སྲིད་འབྱོར་རིག་གསུམ་གྱི་ཐད་དུ་གྲུབ་འབྲས་ཆེན་པོ་རླངས་པས། རྒན་མོ་གསེར་ཁུར་གྱི་དུས་སྐབས[③]་སུ་འབོད། འདི་ནི་སྐབས་དེའི་ཚོང་དཔོན་ནོར་བུ་བཟང་པོའི་སྲིད་ཕྱོགས་ཀྱི་གོ་སྐབས་ཤིག་ཡིན་ལ། ལས་རིགས་གང་དེའི་གདམ་ག་ནི་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་ཕུད། ཁོང་གི་རྣམ་དཔྱོད་ལའང་རག་ལས་སེམས། 

དྲུག་པ། ཚོང་དཔོན་ནོར་བུ་བཟང་བོས་ངེད་ཅག་ལ་གནང་ངེས་ཀྱི་བསླབ་བྱ།

དཔལ་འབྱོར་གྱི་དགོས་ངེས་རང་བཞིན་སྐོར་ནས། 

     མི་རིགས་ཤིག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར། དཔལ་འབྱོར་ནི་རྩ་བ་ཡིན་ཞིང་རྨང་གཞིར་ངོས་བཟུང་ན་འགྲིག་ཅིང་། དཔལ་འབྱོར་གྱིས་སྲིད་དོན་དང་རིག་གནས་ལ་བྱེད་ནུས་གལ་ཆེན་འདོན་ནུས་པས། ཐོག་མར་ཚོང་ལས་དཔལ་འབྱོར་ལ་ཤུགས་རྒྱབ་སྟེ་ས་གནས་དང་མི་རིགས་རང་གི་དཔལ་འབྱོར་གྱི་སྤྱིའི་སྟོབས་ཤུགས་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་དགོས། 

དཔལ་འབྱོར་གཉེར་མཁན་གྱི་ཐད་ནས།

     ལས་གང་ཞིག་བགྱི་བར། བློ་ཐག་རྦད་ཆོད་ཅིག་ཡོང་དགོས་ཤིང་། དཀའ་སྤྱད་འབད་བརྩོན་དང་སྤོབས་པ་ཆེན་པོ་ལྡན་དགོས་པ་མ་ཟད། དེ་ནི་ལག་ལེན་གྱི་སྟེང་ནས་རིམ་བཞིན་མངོན་རྒྱུ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས། དུས་ནམ་ཡང་བློ་བསྐྱེད་རང་བཞིན་གྱི་གནས་ལ་སྣང་འཇོག་བྱ་དགོས་ཤིང་། དེ་ནི་རང་ཉིད་ཡར་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས། བྱ་དངོས་ཤིག་གི་རིན་ཐང་ནི་མིའི་དགོས་མཁོ་དང་འབྲེལ་ཡོད་པ་ལས། བྱ་དངོས་རང་སྟེང་ན་མེད། ལས་དོན་ཇི་འདྲའི་རླབས་ཆེན་ཞིག་ཀྱང་ཐོག་མར་ཆུང་ས་ནས་སྒྲུབ་དགོས་ཤིང་རིམ་བཞིན་རྒྱ་བསྐྱེད་པ་ཡིན། ཁྱོད་རང་ཕམ་ཉེས་བྱུང་བ་དེས་བྱ་བའི་འཇུག་ལྡོག་ཅིག་མཚོན་ནུས་ལ་དེ་བས་ཀྱང་རང་གི་བློ་རྒྱ་དང་སྙིང་སྟོབས། སྡུག་རུས་སོགས་མཚོན་པ་ཡིན། ཆེས་གཙོ་བོ་ནི་ཁྱོད་ཀྱིས་རང་གི་བྱ་བ་དེ་ཇི་ལྟར་བསྒྲུབ་རྒྱུ་དང་དེ་རང་གི་མི་ཚེའི་རིན་ཐང་ལ་ཇི་ལྟར་སྦྲེལ་རྒྱུ་དེ་རེད། 

མཇུག་བསྡུ། ཚོང་དཔོན་ནོར་བུ་བཟང་བོ་དྲན་པ།

     དེང་སྐབས་ཏེ། བོད་འདི་ཉིད་ཀྱི་དཔལ་འབྱོར་ཚོང་ལས་ནུས་པ་ཤིན་ཏུ་ཞན་ཞིང་རང་མགོ་མི་ཐོན་པར་གཞན་བརྟེན་ལ་བསྙེགས་ཤིང་ཐ་ན་རང་ཡུལ་ཤོར་དང་ཤོར་མུས་ཡོད་ཅིང་། མི་རིགས་རང་གི་སྐད་དང་ཡི་གེས་ཀྱང་དངོས་ཡོད་ཀྱི་དགོས་མཁོ་སྟེ། དཔལ་འབྱོར་འཚོ་བར་བྱེད་ནུས་གཙོ་ཆེར་འདོན་མ་ནུས་པས། ཉམས་ཉེན་གྱི་གནས་སུ་ལྷུང་བས། དངོས་གནས་ཚོང་དཔོན་ནོར་བུ་ལྟ་བུའི་མཁྱེན་དཔྱོད་གཉིས་ལྡན་གྱི་ཚོང་དཔོན་ནོར་བུ་བཟང་བོ་ལྟ་བུ་དྲན་འོང་ཞིང་། དུས་རབས་དང་མི་རབས་ཤིག་ལ་བྱས་རྗེས་འཇོག་ནུས་པའི་འཇོན་ཐང་མི་སྣ་དག་དྲན་འོང་། ཁོང་དྲན་པ་ནི་སྤྱིར་བཏང་གི་ཚོང་བ་ཞིག་དྲན་པ་མིན་པར། དུས་བབ་ཀྱི་དགོས་དབང་ལ་ནུས་པ་ཁྱད་པར་ཐོན་པའི་འཇོན་ཐང་མི་སྣ་ཞིག་དྲན་པ་རེད་ལ། ངེས་དོན་གྱི་བློ་སྤོབས་ཟུང་ལྡན་གྱི་མི་ཞིག་ཇི་ལྟར་བཅའ་བའི་སྐོར་དྲན་གསོ་དགོས་པས་རེད། 

དཔྱད་གཞིའི་ཡིག་ཆ་ཁག

༡༽ ཞྭ་སྒབ་པའི《སྲིད་དོན་རྒྱལ་རབས》 སྟོད་ཆ།

༢༽ རྒྱལ་དབང་ལྔ་པའི་རྒྱལ་རབས《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》

༣༽ པཎ་ཆེན་བསོད་ནམས་གྲགས་པའི《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》

༤༽ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི《ལོ་རྒྱུས་གཡུ་ཡི་ཕྲེང་བ》  བར་ཆ།

༥༽ རྒྱལ་མོ་འབྲུག་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》

༦༽ ཕུན་ཚོགས་ཚེ་རིང་གི《དེབ་ཐེར་ཀུན་གསལ་མེ་ལོང་》

༧༽ ཡོངས་འཛིན་དྲ་ཚིགས།

[①]ཡོང་འབབ་ལས་དྲུག་ཆ་གཅིག་ཙམ་གྱི་ཁྲལ་ཡིན། 

[②]སྡེ་སྲིད་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ལ་དབང་སྒྱུར་བྱེད་སྐབས། ཞལ་ལྕེ་བཅུ་དྲུག་ནས་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་དོར་ནས་ཞལ་ལྕེ་བཅོ་ལྔར་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅོ་ལྔའོ།། 

བསོད་ནམས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི 《སྔ་རབས་བོད་ཀྱི་སྲིད་ཁྲིམས》 མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ3པའི་པར་ཐེངས་གཉིས་པ། ཤོག་གྲངས130-131ན་གསལ།

[③]རྒན་མོ་ཞིག་ལ་གསེར་འཁུར་དུ་ཡོད་པས་འབྱོར་ཕྱུག་ལྡན་པ་མཚོན་པ་དང་། དེ་བས་རྒན་མོ་ཞིག་གིས་གསེར་འཁུར་ནས་སོང་ཡང་ཇག་རྐུན་སོགས་མེད་པར་སྟོན་པ་སྟེ། རྒྱལ་ཁམས་བདེ་ཞིང་དཔལ་འབྱོར་རྒྱས་ན་བསྟན་ཡོད།
     བཀྲ་ཤིས་རྒྱལ། ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་།


འབྲེལ་ཡོད་འོས་སྦྱོར།