དོ་དམ་རིག་པའི་རྣམ་གཞག་མདོར་བསྡུས་ཞེས་བྱ་བ།
ཉེར་གཅིག་དུས་ཀྱི་འཇུག་ངོགས་འདིར། །
དཔལ་ཡོན་བསུ་བའི་སྒོ་མོ་ཆེ། །
དེང་རབས་དོ་དམ་རིག་པ་ཡི། །
རྣམ་གཞག་མདོར་བསྡུས་བརྗོད་པར་བྱ། །
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་རྩ་འཛུགས་ཀྱི་བགྱི་བ་བྱུང་བ་ནས་དོ་དམ་གྱི་བྱ་བ་ཡོད་པར་གྱུར་ལ། དོ་དམ་གྱི་བྱ་བ་ནི་རྒྱུན་ལྡན་གྱི་འཚོ་བ་དང་བྱ་བའི་གནས་མཆིས་སོ་ཅོག ་ལ་ཁྱབ་བོ། ། དེང་གི་ཆར། མི་ཚོས་སྔོན་ཐོན་གྱི་དོ་དམ་དང་ཚན་རིག་ལག་རྩལ་གཉིས་དེང ་རབས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་བར་སྐུལ་བའི་༼འཁོར་ལོ་ཟུང་༽དུ་ལྟའོ། ། ཇི་སྐད ་དུ་ཨ་རིའི་མིང་དུ་གྲགས་པའི་དོ་དམ་རིག་པའི་སློབ་དཔོན་ཆེན་མོ་ཕེ་ཐིར་དྷི་རོས་ཁུ་ཡི་ཞལ་ནས། དོ་དམ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བའི་ཆེས་རྩ་བར་གྱུར་བའི་རྒྱུ་འབའ་ཞིག་གོ། ། དེ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅེས་པ་ནི་དོ་དམ ་རྗེས་སུ་ལུས་པ་ཡིན་གྱི་ཆ་ཡོངས་སུ་རྗེས་ལུས་ནི་མ་ཡིན་ནོ། ། ཞེས་སོ། ། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་ལ་དཔལ་འབྱོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་སྔོན་ཐོན་གྱི་ལག་རྩལ་གདོན་མི་ཟ་བར་དགོས་ལ། དེ་ལས་ཀྱང་དགོས་གལ་ཆེ་ཤོས་ནི་དཔལ་འབྱོར་གྱི་ཐོན་ཁུངས་དང་སྔོན་ཐོན་གྱི་ལག་རྩལ་ལུགས་དང་མཐུན་པར་རྩ་འཛུགས་དང་བཀོལ་སྤྱོད་བྱེད་པའི་དོ་དམ་གྱི་ནུས་པའོ། ། དེས་ན་དེང་རབས་ཀྱི་དོ་དམ་གྱི་རྩ་བའི་ཤེས་བྱ་ཁོང་དུ་ཆུད་པར་བྱ་བ་ནི་དེང་གི་སྤྱི་ཚོགས་འཚོ་བ་དང་ལས་ཀའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པའི་ཕྱིར། དོ་དམ་རིག་པའི་རྣམ་གཞག་མདོར་བསྡུས་ཏེ་བརྗོད་པ་ལ་གཉིས། སྤྱིར ་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །
སྤྱིར་བསྟན་པ།
དེ་ལ་འདིར་དོ་དམ་རིག་པ་ཞེས་བྱ་བ་ནི་དོ་དམ་གྱི་ལས་སུ་བྱ་བའི་རྩ་བའི་ཆོས་ཉིད་དང་སྤྱིར་བཏང་གི་བྱེད་ཐབས་བཅས་ལ་མ་ལག་དང་ལྡན་པའི་ཉམས་ཞིབ་བགྱི་བའི་རིག་པ་ཞིག་ཡིན་ལ། དེ་ནི་དེང་གི་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་དགོས་པ་ལ་གཞིག་ནས་བྱུང་བ་ཡིན་ཞིང་། དེའི་དམིགས་ཡུལ་ནི་མི་དང་རྒྱུ་དང་རྫས་ལ་སོགས་པའི་རྒྱུ་རྐྱེན་རྣམས་ད་ཡོད་ཀྱི་ཆ་རྐྱེན་འོག་ཏུ་ཚུལ་ཇི་ལྟར་ལུགས་དང་མཐུན་པར་རྩ་འཛུགས་དང་བཀོད་སྒྲིག་བགྱིས་ཏེ་མཐར་ཐུག་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དེའོ། ། དེ་ལ་ཡང་དོ་དམ་རིག་པ་ནི་སྣ་འཛོམས་རང་བཞིན་གྱི་རིག་ཚན་སྤེལ་མ་ཞིག་གོ། །
མིའི་ཚོགས་པ་བྱུང་བ་ནས་དོ་དམ་གྱི་བྱ་བ་ཡོད་པར་གྱུར་ལ། དེ་དང་མཉམ་དུ་དོ་དམ་གྱི་བསམ་བློའང་རིམ་གྱིས་བྱུང་ངོ་། ། དོན་དུ་འཛམ་གླིང་ཤར་ནུབ་གང་ལ་མཚོན་ནའང་གནའ་དུས་ཀྱི་མཚན་ཉིད་རིག་པ་མཁན་དག་གིས་དོ་དམ་གྱི་བསམ་བློའི་སྐོར་ལ་ངོ་མཚར་བའི་རྟོག་དཔྱོད་གནང་འདུག་པ་མཐོང་ཐུབ་བོ། ། དེང་རབས་ཀྱི་དོ་དམ་རིག་པ་བྱུང་བའི་རྟགས་མཚན་ནི་ཧྥུ་རེ་དྷི་རེ་ཁུ། བུན་སི་ལོ། ཐེ་ལོར་གྱིས་༡༩༡༡ལོར་མཛད་པའི་༼ཚན་རིག་དང་མཐུན་པའི་དོ་དམ་གྱི་རྩ་བའི་རིགས་པ༽་ཞེས་པ་དང་། ཧིན་རེས ཧྥ་ཡོ་ཡིས་༡༩༡༦ལོར ་མཛད་པའི་༼བཟོ་ལས་དོ་དམ་དང་སྤྱིར་བཏང་གི་དོ་དམ༽་ཞེས་པའི་གསུང་རབ་གཉིས་སོ། ། དེང་རབས་ཀྱི་གོ་བའི་སྟེང་གི་དོ་དམ་རིག་པ་བྱུང་བ་ནས་འཕེལ་རྒྱས་ཆེན་པོ་བྱུང་ལ། དོ་དམ་རིག་པའི་ཉམས་ཞིབ་པ་དང་། སློབ་གཉེར་བ། འབྲེལ་ཡོད་ཀྱི་བསྟན་བཅོས་ལ་སོགས་པ་ཕྱོགས་ཡོངས་ནས་མངོན་པར་འཕར་བས། དེ་ཉིད་རིག་པའི་ཚན་ཁག་གསར་བ་ཞིག་ཡིན་པའི་ཆ་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་གསོན་ཤུགས་དང་། དབྱར་གྱི་མཚོ་བཞིན་རྒྱས་པའི་རྣམ་འགྱུར་གསལ་བར་མངོན་ནོ། ། མིའི་རིགས་ཀྱི་ཤེས་རིག་གོང་དུ་འཕེལ་བ་དང་བསྟུན་ནས་དོ་དམ་རིག་པའི་ནང་དོན་དང་རྣམ་པ་སྔར་བཞིན་མངོན་པར་འཕེལ་དགོས་སོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། དོ་དམ་རིག་པའི་ཁྱད་ཆོས། དཔྱོད་ཡུལ། རིགས་དབྱེ། དགེ་མཚན། མདུན་ལམ་དང་ལྔ།
དང་བོ། དོ་དམ་རིག་པའི་ཁྱད་ཆོས་བཤད་པ།
དེ་ཡང་དོ་དམ་རིག་པ་ལ་གཤམ་གསལ་གྱི་ཁྱད་ཆོས་ལྔ་དང་ལྡན་སྟེ།
གཅིག སྤྱིར་བཏང་རང་བཞིན།
དོ་དམ་རིག་པ་ནི་རྩ་བའི་རིགས་པ་དང་གནས་ཚུལ་སྤྱིར་བཏང་བའི་ངོས་ནས་དོ་དམ་གྱི་བྱ་བ་དང་དེ་ཀོའི་ཆོས་ཉིད་ལ་ཉམས་ཞིབ་བགྱི་བ་ཡིན་གྱི། དོ་དམ་གྱི་ཡན་ལག་ཏུ་གྱུར་བའི་རིག་པའི་ཚན་ཁག་གི་ལས་སྒོ་དང་ཐབས་ལམ་ལ་ནི་མ་ཡིན་ནོ། ། དེ་ལ་ཡང་དོ་དམ་རིག་པ་ནི་དོ་དམ་གྱི་བྱ་བ་མཆིས་སོ་ཅོག་ལས་སྤྱི་མཚན་ཐུན་མོང་བའི་རྣམ་གཞག་ལ་ཉམས ་ཞིབ་བགྱི་བའི་རྩ་བའི་གཞུང་ལུགས་སུ་ངེས་ཏེ། མདོར་ན་༼རགས་པའི་རྣམ་གཞག་༽ཡིན་ནའང་རུང་། ༼ཕྲ་བའི་རྣམ་གཞག་༽ཡིན་ནའང་འཐུས། ཐམས་ཅད་ཀྱིས་དོ་དམ་རིག་པའི་རྣམ་གཞག་རྩ་བར་བཟུང་ནས་ཐོས་བསམ་དང་ཉམས་ཞིབ་གནང་དགོས་སོ། ། དེས་ན་དོ་དམ་རིག་པ་ནི་དེའི་ཡན་ལག་ཏུ་གྱུར་བའི་དོ་དམ་ཚན་རིག་བྱེ་བྲག་པའམ་རང་མཚན་པ་དག་གི་ཐུན་མོང་གི་རྨང་གཞི་ཡིན་པ་ཤེས་པར་བྱའོ། །
གཉིས། རིག་ཚན་སྣ་མང་རང་བཞིན་ནམ་སྣ་འཛོམས་རང་བཞིན།
དེ་ལ་ཡང་དོ་དམ་གྱི་ནང་དོན་གྱི་ཆ་ནས་བཤད་ན། དོ་དམ་རིག་པ་དང་འབྲེལ་བའི་ཁྱབ་ཁོངས་ནི་རབ་ཏུ་ཡངས་ཤིང་། དེ་ལ་རིགས་དང་དབྱེ་བ་ཐ་དད་པའི་དོ་དམ་གྱི་ལག་ལེན་ལས་སྤྱི་མཚན་པའི་དོ་དམ་གྱི་བསམ་བློ་དང་རྣམ་བཞག་དང་ཐབས་ཤེས་བཅས་བསྡུ་་་དགོས་སོ། ། གཞན་ཡང་དོ་དམ་གྱི་བྱ་བར་ཤུགས་རྐྱེན་ཐེབས་ངེས་པའི་རྒྱུ་ཚོགས་ཀྱི་ངོས་ནས་བལྟས་ན། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་བཅས་རྩ་བར་གྱུར་བའི་རྒྱུ་རྐྱེན་ཕུད། ད་དུང་རང་བྱུང་གི་རྒྱུ་རྐྱེན་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལ་སོགས་པའང་གདའ་འོ། ། དེ་མིན་དོ་དམ་ཚན་རིག་དང་རིག་པའི་ཚན་ཁག་གཞན་དག་གི་འབྲེལ་བའི་ངོས་ནས་བཤད་ན། དེ་ནི་དཔལ་འབྱོར་རིག་པ་དང་། སྤྱི་ཚོགས་རིག་པ། སེམས ་ཁམས་རིག་པ། གྲངས་རིག རྩིས་འཕྲུལ་ཚན་རིག་ལ་སོགས་པ་དང་དམ་དུ་འབྲེལ་བའི་སྣ་འཛོམས་རང་བཞིན་གྱི་རིག་ཚན་བྱེ་བྲག་པ་ཞིག་གོ། །
གསུམ། ལག་ལེན་རང་བཞིན།
དེ་ཡང་དོ་དམ་རིག་པས་བཏོན་པའི་གཞུང་ལུགས་དང་ཐབས་ཤེས་ནི་ལག་ལེན་རིམ་པར་བསགས་ཉམས་མྱོང་བསྲེགས་བཅད་བརྡར་གསུམ་བགྱིས་པའི་སྙིང་བོ་གཅིག་ཏུ་བསྡུས་པ་ཞིག་དང་། དེ་བཞིན་དུ་དོ་དམ་གྱི་གཞུང་ལུགས་དང་ཐབས་ཤེས་ཀྱིས་ཀྱང་དོ་དམ་གྱི་ལག་ལེན་ལ་ཕྱར་བ་གྲུ་འདེགས་བགྱིས་ན་ད་གཟོད་དེའི་སྐྱེ་སྟོབས་ཆེན་པོ་མངོན་པར་མཚོན ་ནུས་སོ། །
བཞི། སྤྱི་ཚོགས་རང་བཞིན།
དོ་དམ་གྱི་ལས་རིམ་འགྲུབ་པར་བྱེད་པའི་རྒྱུ་གཙོ་བོ་དོ་དམ་བྱེད་མཁན་དང་དོ་དམ་བྱ ་ཡུལ་ནི་སྤྱི་ཚོགས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་མི་དག་ཡིན་ལ། དེས་ནི་དོ་དམ ་གྱི་སྤྱི་ཚོགས་རང་བཞིན་ཐག་གིས་བཅད་ཡོད། དེ་བཞིན་དུ་དོ་དམ་ལ་ཐོན་སྐྱེད་འབྲེལ་བའི་ཁྱད་ཆོས་ངེས་ཅན་དང་ལྡན་པས་གྲལ་རིམ་ལས་འདས་པའི་དོ་དམ་རིག་པ་ནི་རི་བོང་གི་རྭ་རུ་སྣང་བས། དེ་ལས་ཀྱང་དོ་དམ་གྱི་སྤྱི་ཚོགས་རང་བཞིན་ལེགས་པར་མངོན་ཡོད་དོ། །
ལྔ། ལོ་རྒྱུས་རང་བཞིན།
དེ་ཡང་དོ་དམ་རིག་པ་ནི་སྔ་རབས་པའི་དོ་དམ་གྱི་ལག་ལེན་དང་། དོ་དམ་གྱི་བསམ་བློ། དོ་དམ་གྱི་གཞུང་ལུགས་བཅས་ལ་སྤྱི་སྡོམ་དང་འདོར་ལེན། གོང་དུ་སྤེལ་བ་ཞིག་ཡིན་གྱི། ལོ་རྒྱུས་དང་འབྲེལ་མེད་དོན་གཞན་དུ་བསྒྱུར་ནས་སྔ་རབས་པའི་དོ་དམ་གྱི་ཉམས་མྱོང་གི་གཞུང་ལུགས་སྤྱི་སྡོམ་དང་དོ་དམ་གྱི་ལོ་རྒྱུས་མ་ངེས་པར་དོ་དམ་རིག་པ་ལེགས་པར་ཤེས ་པ་དང་ཁོང་དུ་ཆུད་པ་དང་སྤྱོད་པར་བྱ་དཀའ་འོ། །
གཉིས་པ། དོ་དམ་རིག་པའི་དཔྱོད་ཡུལ་བཤད་པ།
གཅིག དོ་དམ་གྱི་གཞུང་ལུགས་བྱུང་འཕེལ།
དོ་དམ་གྱི་གཞུང་ལུགས་དང་ཐབས་ཤེས་ནི་ལོ་རྒྱུས་འཕེལ་ཞིང་རིམ་པར་འགྱུར་བའི་གོ་རིམ་ཞིག་ཏུ་ངེས་སོ། ། དོ་དམ་གྱི་གཞུང་ལུགས་དང་དོ་དམ་གྱི་བསམ་བློ་བྱུང་ཞིང་འཕེལ ་བ་དེས་དོ་དམ་ཚན་རིག་དེ་ཀོ་ལག་ལེན་ནས་གཞུང་ལུགས་སུ་འཕེལ་བའི་རིམ་པ་མཚོན་ཞིང་། དེའི་བྱུང་འཕེལ་ལ་ཉམས་ཞིབ་བགྱི་བ་ནི་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱིས་དེང་རབས་ཀྱི་དོ་དམ་གྱི་གཞུང་ལུགས་ལེགས་པར་གཏན་ལ་དབབ་པའི་ཆེད་དུའོ།།
གཉིས། དེང་རབས་དོ་དམ་གྱི་རྩ་བའི་རིགས་པ་དང་རྩ་དོན།
ཚན་ཚན་རིག་པ་གང་དང་ཅི་ལ་མཚོན་ནའང་རྩ་བའི་རིགས་པ་རེ་ཡོད་པ་ཇི་ལྟ་བ་བཞིན་དུ་དོ་དམ་ཚན་རིག་ཀྱང་དེ་ལས་མ་འདས་སོ། ། དོ་དམ་གྱི་རྩ་བའི་རིགས་པ་ཞེས་བྱ་བ་སྤྱི་ལ་ཁྱབ་ཅིང་ཆེས་རྩ་བར་གྱུར་བའི་དོ་དམ་གྱི་ཆོས་ཉིད་ལ་བསྟན་པ་དང་། དོ་དམ་གྱི་ངོ་བོ་དང་དེ་ཀོའི་རྩ་བའི་འགུལ་སྐྱོད་ཆོས་ཉིད་ཞིབ་ཏུ་བརྗོད་པ་སྟེ། དཔེར་ན་སྲིད་གཅོད་གཏན་ལ་དབབ་པ་དང་། འཆར་གཞི་བཟོ་བ། རྩ་འཛུགས་བགྱི་བ། ལས་རིམ་ཚོད་འཛིན་ལ ་སོགས་པ་ལྟ་བུའོ། ། ལས་སྒོ་དེ་དག་ལ་རྩ་བའི་རིགས་དང་རྩ་དོན་ཐུན་མོང་བ་ཞིག་ཡོད་ལ། དེ་ནི་མི་ཚོ་དོ་དམ་གྱི་ལས་སུ་འཇུག་པའི་ཚེ་ན་ངེས་ཅན་དུ་བརྩི་དགོས་པའི་རྩ་བའི་རྩ་དོན ་ནོ། ། དེ་ལ་ངེས་ཅན་དུ་ཐོས་བསམ་དང་ཁོང་དུ་ཆུད་པར་བགྱིས་ཏེ་སྦྱོང་བ་གོ་ཆོད་པར་བྱ་རིགས་སོ། །
གསུམ། དོ་དམ་གྱི་ལས་རིམ་དང་དེར་མཐུན་གྱི་འགན་ནུས།
དོ་དམ་རིག་པས་ནི་དོ་དམ་གྱི་བྱ་བའི་ལས་རིམ་དང་གནད་འགག་ཐུག་ས་དང་དོ་དམ ་གྱི་ལས་ཀའི་གོ་རིམ་བཅས་ཀྱི་དོན་ལ་དཔྱད་པ་གཙོ་བོར་འཇུག་ཅིང་། གཞན་ཡང་དོ་དམ་གྱི་འགན་ནུས་དང་དོ་དམ་གྱི་བྱ་བའི་ཕན་འབྲས་དང་ལས་ཆོད་དབར་གྱི་འབྲེལ་བ་ཟབ་མོ་ལའང་དཔྱོད་དགོས་སོ། ། དེ་ལ་ཡང་དོ་དམ་གྱི་འགན་ནུས་ལ་གཙོ་བོར་འཆར་གཞི་དང་ རྩ་འཛུགས་དང་མགོ་ཁྲིད་དང་ཚོད་འཛིན་བཅས་སོ། །
བཞི། དོ་དམ་པ་དང་དེའི་འདུ་བྱེད།
དོ་དམ་པ་ནི་དོ་དམ་གྱི་བྱ་བའི་བྱེད་པོ་ཡིན་ལ། དེ་ཡང་དོ་དམ་གྱི་བྱ་བ་ལེགས་པར་འགྲུབ་མིན་ནི་དོ་དམ་པ་དང་དམ་དུ་འབྲེལ་ཡོད་དོ། ། དོ་དམ་པའི་གཞི་སྤུས་བཟང་ངན་དང་། མགོ་ཁྲིད་པའི་ཚུལ། མགོ་ཁྲིད་ཀྱི་སྤྱོད་པ། མགོ་ཁྲིད་ཀྱི་ཐབས་རྩལ། མགོ་ཁྲིད་ཀྱི་ནུས ་པ་བཅས་ནི་དོ་དམ་གྱི་བྱ་བ་ལེགས་པར་འགྲུབ་མིན་ལ་རག་ལས་ཤིང་རྩ་བར་གྱུར་ཡོད།
ལྔ། དོ་དམ་བྱེད་ཐབས།
དོ་དམ་བྱེད་ཐབས་ནི་དོ་དམ་གྱི་དམིགས་འབེན་མངོན་དུ་བྱེད་པ་ལ་མེད་དུ་མི་རུང་བས། དེ་ནི་དོ་དམ་རིག་པའི་ཞིབ་འཇུག་གི་ནང་དོན་གཙོ་བའོ། ། དེ་ལ་ཡང་དོ་དམ་ལ་ཐབས་མང་དུ་ངེས་ཏེ། དཔེར་ན། སྲིད་འཛིན་གྱི་ཐབས་ཚུལ་དང་། དཔལ་འབྱོར་གྱི་ཐབས་ཚུལ། ཁྲིམས་ལུགས་ཀྱི་ཐབས་ཚུལ་ལྟ་བུའོ། ། སྤྱིར་བཤད་ན་དོ་དམ་གྱི་དམིགས་འབེན་མངོན་དུ་འགྱུར་བ་ལ་སྨན་པའི་བྱ་རིམ་དང་། ཐབས་ཤེས། ཐབས་རྩལ་སྣ་ཚོགས་དོ་དམ་བྱེད་ཐབས་ཀྱི་ཁོངས་སུ་བསྡུ་རིགས་ཤིང་། དོ་དམ་བྱེད་ཐབས་ལ་དོ་དམ་གྱི་ཐབས་རྩལ་དང ་ཐབས་ཤེས་སྣ་ཚོགས་འདུའོ། ། དེ་ཡང་དོ་དམ་གྱི་ཕན་ཡོན་འདོན་པ་དང་དོ་དམ་གྱི་དམིགས་འབེན་མངོན་དུ་འགྱུར་བ་ལ་དོ་དམ་གྱི་བྱེད་ཐབས་ནུས་ལྡན་སྣ་ཚོགས་སུ་སྤྱད་དེ་་མངོན་དུ་བྱེད་པའོ། ། "
གསུམ་པ། དོ་དམ་རིག་པའི་རིགས་དབྱེ་བཤད་པ།
དེ་ལ་ཡང་དོ་དམ་རིག་པ་ནི་ཡན་ལག་མང་དུ་ཕྱེས་པའི་རིག་པའི་མ་ལག་ཅིག་ཡིན་ལ། དཔྱོད་ཡུལ་ཐ་དད་པར་གཞིགས་ནས་དོ་དམ་རིག་པ་ལ་ཡན་ལག་ཏུ་གྱེས་པའི་རིག་པ་མང་དུ་འབྱེད་རུང་ངོ་། ། སློབ་གསོ་པུའུ་ཡིས་བསྒྲིགས་པའི་རིག་ཚན་དབྱེ་སྡུད་ཀྱི་དཀར་ཆག་ལྟར་ན། དོ་དམ་རིག་པའི་ཁོངས་སུ་དོ་དམ་ཚན་རིག་དང་བཟོ་བཀོད༼དོ་དམ་རིག་པ་དང་བཟོ་རིག་པའི་བསླབ་གནས་སྤྲད་ཆོག༽དང་། བཟོ་ཚོང་དོ་དམ།༼རྩིས་གཉེར་རིག་པ། ཁེ་ལས་དོ་དམ། ནོར་དོན་དོ་དམ། ཚོང་རའི་ཚོང་གཉེར། མི་ཤུགས་ཐོན་ཁུངས་དོ་དམ། ཡུལ་སྐོར་དོ་དམ། ལག་རྩལ་དཔལ་འབྱོར་དང་དོ་དམ༽ ཞིང་ནགས་དཔལ་འབྱོར་དོ་དམ། ༼ཞིང་ལས་དཔལ་འབྱོར་དོ་དམ། ནགས་ལས་དཔལ་འབྱོར་དོ་དམ༽ སྤྱི་བའི་དོ་དམ༼སྲིད ་འཛིན་དོ་དམ། སྤྱི་ཚོགས་གསོ་རིག་དང་འཕྲོད་བསྟེན་ལས་རིགས་དོ་དམ། སློབ་གསོ་དཔལ ་འབྱོར་དང་དོ་དམ། སྤྱི་ཚོགས་འགན་སྲུང་། ཞིང་སའི་ཐོན་ཁུངས་དོ་དམ། དཔེ་མཛོད་ཁང་། གསང་འཕྲིན་དང་ཡིག་ཚགས་དོ་དམ། དཔེ་མཛོད་ཁང་རིག་པ། གསང་འཕྲིན་རིག་པ། ཡིག་ཚགས་རིག་པ༽་བཅས་བཀོད་ཡོད་དོ། །
ཀྲུང་གོའི་མིང་དུ་གྲགས་པའི་མཁས་དབང་ཁྲིན་སི་ཝེས་(成思危)ཀྲུང་གོའི་དོ་དམ་ཚན་ཚན་རིག་པ་ལ། རྨང་གཞི་གསུམ་དང་། རིམ་པ་གསུམ། ཁྱབ་ཁོངས་གསུམ་ཞེས་པའི་རིག་པའི་ཁོག་འབུབ་ལུགས་གཏན་ལ་ཕབ་ཅིང་། བྱེ་བྲག་ཕྱེད་པར་བཤད་ན།
གཅིག རྨང་གཞི་གསུམ།
ཀྲུང་གོའི་དོ་དམ་ཚན་རིག་གི་རྨང་གཞི་གསུམ་ནི་གྲངས་རིག་དང་དཔལ་འབྱོར་རིག ་པ་དང་སེམས་ཁམས་རིག་པ་བཅས་སོ། །
༡ གྲངས་རིག
གྲངས་རིག་ནི་དོ་དམ་ཚན་རིག་ལས་གྲངས་འབོར་དབྱེ་ཞིབ་བྱེད་ཐབས་ཀྱི་རྨང་གཞི ་ཡིན་ལ། དེ་ལས་སྡོམ་རྩིས་རིག་པ་༼རྩིས་ལུགས་སྡོམ་རྩིས་དང་། སླར་ལོག་དབྱེ་ཞིབ། ཞུགས་གྲངས་མིན་པའི་སྡོམ་རྩིས་སོགས་འདུ༽དང་། སྐོར་སྒྲིག་གྲངས་རིག༼གཞི་གྲུབ་རང་བཞིན་དང་བགྲང་བ་དང་མཆོག་གྱུར་སོགས་ཀྱི་དོན་ལ་ཞིབ་འཇུག་གཙོར་བྱེད་པ༽ གྲངས་རིག་འཆར་བཀོད། ༼ཐིག་གཤིས་འཆར་བཀོད། ཐིག་གཤིས་མིན་པའི་འཆར་བཀོད། ཧྲིལ་གྲངས ་འཆར་བཀོད། འགུལ་རྣམ་འཆར་བཀོད། དམིགས་འབེན་འཆར་བཀོད་སོགས་འདུ༽ སྐབས ་བསྟུན་གོ་རིམ། གྱེས་ཐོར་གྲངས་རིག རབ་རིབ་གྲངས་རིག་བཅས་ནི་རྒྱུན་པར་སྤྱོད་ཆེ་ཤོས ་དག་གོ། །
༢ དཔལ་འབྱོར་རིག་པ།
དཔལ་འབྱོར་རིག་པ་ནི་དོ་དམ་ཚན་རིག་ལས་ཐབས་ཇུས་སྣ་ཚོགས་པའི་ཐོག་མའི་མགོ་ཚུགས་ས་དང་མཐའ་མའི་མཇུག་སྡུད་གནས་སུ་ངེས་ལ། དེ་ལས་གཞུང་ལུགས་དཔལ་འབྱོར་རིག་པ་༼གཙོ་བོར་ཕྲ་མཐོང་དཔལ་འབྱོར་རིག་པ་དང་ཆེ་མཐོང་དཔལ་འབྱོར་རིག་་པ་གཉིས་འདུ༽དང་། ཉེར་སྤྱོད་དཔལ་འབྱོར་རིག་པ། ༼དཔེར་ན་བཟོ་ལས་དཔལ་འབྱོར་རིག་པ་དང་། ངལ་རྩོལ་དཔལ་འབྱོར་རིག་པ། ཁུལ་ལྗོངས་དཔལ་འབྱོར་རིག་པ། རྒྱལ་སྤྱི་དཔལ་འབྱོར་རིག་པ་ལྟ་བུའོ༽ཚད་ལེན་དཔལ་འབྱོར་རིག་པ་བཅས་ནི་རྒྱུན་པར་སྤྱོད་ཆེ་་་་ཤོས་དག་གོ། །
༣ སེམས་ཁམས་རིག་པ།
སེམས་ཁམས་རིག་པ་ནི་མིའི་ནང་སེམས་ཀྱི་ཀུན་སློང་དང་ཕྱི་སྦྱོར་བའི་མངོན་ཚུལ་ལ་ཞིབ་འཇུག་བགྱི་བའི་ཚན་རིག་ཅིག་ཡིན་ལ། དེ་ནི་དོ་དམ་ཚན་རིག་ལས་མིའི་འབྲེལ་བ་དང་མིའི་བརྩོན་སེམས་བསྐྱེད་པའི་གཞི་འཛིན་སའོ། ། དེ་ལས་བཟོ་ལས་སེམས་ཁམས་རིག་པ་དང་། སྤྱི་ཚོགས་སེམས་ཁམས་རིག་པ། ཤེས་རྟོགས་སེམས་ཁམས་རིག་པ་བཅས་ནི་རྒྱུན་པར་སྤྱོད་ཆེ་ཤོས་དག་གོ། །
གཉིས། རིམ་པ་གསུམ།
ཀྲུང་གོའི་དོ་དམ་ཚན་རིག་གི་རིམ་པ་གསུམ་ནི་རྨང་གཞིའི་དོ་དམ་དང་། འགན་ནུས་དོ་དམ། ཐབས་ཇུས་དོ་དམ་གསུམ་མོ། །
༡ རྨང་གཞིའི་དོ་དམ།
རྨང་གཞིའི་དོ་དམ་ཞེས་བྱ་བ་ནི་དོ་དམ་ལས་ཐུན་མོང་རང་བཞིན་དུ་གྱུར་བའི་རྨང ་གཞིའི་གཞུང་ལུགས་དང་ལག་རྩལ་ལ་བྱ་ཞིང་། དེ་ལ་གཙོ་བོར་དོ་དམ་གྲངས་རིག་དང་། དོ་དམ་དཔལ་འབྱོར་རིག་པ། དོ་དམ་སེམས་ཁམས་རིག་པ། དོ་དམ་རྩིས་གཉེར་རིག་པ། དོ་དམ་རྩ་འཛུགས་རིག་པ། དོ་དམ་གཏན་ཇུས་རིག་པ། དོ་དམ་ལོ་རྒྱུས་རིག་པ་བཅས་འདུའོ། །
༢ འགན་ནུས་དོ་དམ།
འགན་ནུས་དོ་དམ་ཞེས་བྱ་བ་ནི་དོ་དམ་རྨང་གཞི་དང་དོ་དམ་གྱི་འགན་ནུས་ངེས་ཅན་ཕན་ཚུན་ཟུང་དུ་སྦྲེལ་བ་ལ་བྱ་ཞིང་། དེ་ལ་གཙོ་བོར་འཆར་བཀོད་དོ་དམ་དང་། ནོར་དོན་དོ་དམ། མི་དོན་དོ་དམ། ཐོན་སྐྱེད་དོ་དམ། ཚོང་གཉེར་དོ་དམ། ཚན་རྩལ་དོ་དམ། རྒྱལ་སྤྱིའི་ཉོ་ཚོང་དོ་དམ། སྤྱི་བའི་སྲིད་འཛིན་དོ་དམ་བཅས་འདུའོ། །
༣ ཐབས་ཇུས་དོ་དམ།
ཐབས་ཇུས་དོ་དམ་ཞེས་བྱ་བ་ལ་ཐབས་ཇུས་གཏན་ལ་དབབ་དང་ལག་ཏུ་ལེན་པ་་་་གཉིས་སུ་ཕྱེ་ཞིང་། དེས་ནི་དོ་དམ་སྔོན་འགྲོ་དང་འགན་ནུས་དོ་དམ་རྩ་བར་འཛིན་པར་མ་ཟད། ཆབ་སྲིད་རིག་པ་དང་ཁྲིམས་རིག་དང་སྤྱི་ཚོགས་རིག་པ་ལ་སོགས་པའི་ཤེས་པར་བྱ་བ་མང་བོའང་དེ་ལ་འདུའོ། །
གསུམ། ཁྱབ་ཁོངས་གསུམ།
ཀྲུང་གོའི་དོ་དམ་ཚན་རིག་གི་ཁྱབ་ཁོངས་གསུམ་ནི་དོ་དམ་གྱི་རྨང་གཞིའི་གཞུང་ལུགས་དང་བྱེད་ཐབས་དང་། ཁེ་ལས་དང་དོན་ལས་སྡེ་ཁག་གི་དོ་དམ། ཆེ་མཐོང་དོ་དམ་དང་སྲིད་ཇུས་ཞིབ་འཇུག་གསུམ་མོ། །
༡ དོ་དམ་གྱི་རྨང་གཞིའི་གཞུང་ལུགས་དང་བྱེད་ཐབས།
དོ་དམ་གྱི་རྨང་གཞིའི་གཞུང་ལུགས་སུ་གཙོ་བོར་དོ་དམ་མཚན་ཉིད་རིག་པ་དང་གཏན་ཇུས་གཞུང་ལུགས་དང་རྩ་འཛུགས་གཞུང་ལུགས་བཅས་འདུ་ཞིང་། དོ་དམ་བྱེད་ཐབས་ལ་ནི་སྔོན་དཔག་དང་དཔྱད་འཇོག་དང་མཆོག་གྱུར་བཅས་རྩ་བའི་ཐབས་རྩལ་འདུ་ལ། ཁེ་ལས་བསྐྱར་འཛུགས་དང་ཐབས་ཇུས་གཏན་འབེབ་དང་མ་རྩ་ཚོད་འཛིན་བཅས་འདུ ་བར་མ་ཟད། དོ་དམ་ཆ་འཕྲིན་མ་ལག་དང་གཏན་ཇུས་རྒྱབ་གཉེར་མ་ལག་བཅས་རྩ་བའི་བྱ་ཐབས་ཀྱང་ངོ་། །
༢ ཁེ་ལས་དང་དོན་ལས་སྡེ་ཁག་གི་དོ་དམ།
ཁེ་ལས་དོ་དམ་ལ་རང་རྒྱལ་གྱི་རིགས་སྣ་ཚོགས་སུ་ངེས་པའི་ཁེ་ལས་ཀྱི་དོ་དམ་འདུ་ལ། ཧ་ལམ་ཕྱི་རྒྱལ་གྱི་བཟོ་ཚོང་དོ་དམ་དང་ཆ་འདྲའོ། ། དོན་ལས་སྡེ་ཁག་གི་དོ་དམ་ཞེས་བྱ་བ་ནི་རང་རྒྱལ་གྱི་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ་ལ་སོགས་པའི་རིགས་སུ་ངེས་པའི་དོན་ལས་སྡེ་ཁག་གི་དོ་དམ་ལ་གཙོ་བོར་གོ་ཞིང་། དེ་ནི་ཕྱི་རྒྱལ་གྱི་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་ཀྱི་དོ་དམ་དང་གཅིག་ཏུ་མ་ངེས་སོ། །
༣ ཆེ་མཐོང་དོ་དམ་དང་སྲིད་ཇུས་ཞིབ་འཇུག
དེ་ལ་རང་རྒྱལ་དུ་ཆེ་མཐོང་དོ་དམ་ཞེས་པ་ནི་སྲིད་གཞུང་གིས་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་ལ་དོ་དམ་བྱ་བ་གཙོ་བོར་གོ་ཞིང་། དེ་ནི་ཧ་ལམ་ཕྱི་རྒྱལ་གྱི་སྤྱི་བའི་དོ་དམ་དང་ཆ་འདྲའོ། ། དེ་ཡང་རང་རྒྱལ་དུ་རྒྱུན་པར་ཤོད་ཀྱིན་པའི་སྲིད་ཇུས་ཞིབ་འཇུག་ཅེས་བྱ་བ་ནི་ཧ་ལམ་ཕྱི་རྒྱལ་གྱི་སྤྱི་བའི་སྲིད་ཇུས་ཞིབ་འཇུག་དང་ཆ་འདྲའོ། །
བཞི་བ། དོ་དམ་རིག་པའི་དགོས་པ་བཤད་པ།
གཅིག དེང་གི་སྤྱི་ཚོགས་ལས་དོ་དམ་གྱི་གོ་གནས་དང་དགེ་མཚན་གྱིས་དོ་དམ་རིག་པར་སློབ་པའི་གལ་ཆེན་རང་བཞིན་ཐག་གིས་བཅད་ཡོད།
དེ་ལ་འདིར་དོ་དམ་དང་ཚན་རིག་ལག་རྩལ་གཉིས་ནི་དེང་གི་དཔལ་ཡོན་དར་བའི་སྤྱི་ཚོགས་མདུན་དུ་སྐུལ་བའི་༼འཁོར་ལོ་ཟུང་༽དུ་ངེས་སོ། ། དེ་ཡང་ཚན་རྩལ་དང་དོ་དམ་གཉིས་ཀྱི་འབྲེལ་བའི་ངོས་ནས་བལྟས་ན། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་བོ་ཡིན་ལ། སྤྱི་ཚོགས་འཕེལ་བའི་རྩ་བའི་སྒུལ་ཤུགས་ཡིན་ཞིང་། དོ་དམ་གྱིས་ནི་ཚན་རྩལ་གྱི་ཕན་ཡོན་ལེགས་པར་འདོན་ལ་སྔར་བས་འཕེལ་བར་འགན་ལེན་བགྱིས་ཡོད་དོ། ། ཡང་གཅིག་བཤད་ན། སྔོན་ཐོན་གྱི་ཚན་རྩལ་ནི་དོ་དམ་ནུས་ལྡན་བརྒྱུད་ན་ད་གདོད་དེ་ཀོའི་ཕན་ཡོན་མཐའ་དག་ལེགས་པར་འདོན་ཐུབ་ལ། ཨ་རིའི་ཨ་ཕོ་ལོ་ཟླ་འཛེགས་འཆར་གཞི་ལེགས་པར་འགྲུབ་པ་ནི་དཔང་ལེགས་ཤོས་དེའོ། ། ཕྱི་ལོ་༡༩༦༡པར་ཨ་རིས་ཐམས་ཅད་ངོ་མཚར་བའི་ཨ་ཕོ་ལོ་ཟླ་འཛེགས་འཆར་གཞི་གཏན་ལ་དབབ་ཅིང་། གཏང་བྱའི་མེ་ཤུགས་འཕུར་མདའ་༼སྤེན་པ་ཨང་དང་བོ་༽ལ་ལྷུ་ལག་དང་ལྷུ་ཚན་ས་ཡ་ལྔ་དང་འབུམ་དགུ་ཡོད་ལ། འཕུར་གྲུ་ལའང་ལྷུ་ལག་དང་ལྷུ་ཚན་ས་ཡ་གསུམ་ཡོད་དོ། ། སྔ་གཞུག་ཏུ་ལས་གཞིའི་རྣམ་གྲངས་དེར་མི་ས་ཡ་བཞི་ཞུགས་ཤིང་། ལོ་གཅིག་ལ་མི་འབུམ་བཞི་དང་ཁྲི་གཉིས་སྐུལ་སློང་བགྱིས་པ་ནི་མང་ཤོས་སུ་ངེས་སོ། ། ལས་གཞིའི་རྣམ་གྲངས་དེ་གསར་དུ་སྤེལ་བ་ལ་ལས་ཁུངས་ཉིས་བརྒྱ་དང་སློབ་གྲྭ་བརྒྱ་ལྔ་བཅུ་ཞུགས་ཤིང་། ལས་གཞི་ཧྲིལ་བོར་སྡོམ་པས་ཨ་སྒོར ་ཐེར་འབུམ་ཆེན་པོ་གསུམ་ལ་ཉེ་བ་ཟད་ལ། དེ་ནི་འགྲོ་བ་མི་སའི་གོ་ལ་དང་ཁ་བྲལ་བའི་ཐོག་མའོ། ། ཕྱིས་སུ་ཨ་ཕོ་ལོ་ཟླ་འཛེགས་འཆར་གཞིའི་སྤྱི་ཁྱབ་འགན་འཛིན་པ་འབུམ་རམས ་པ་ཝེ་བྷོ་(韦伯)མཆོག་གིས་སྡོམ་ཚིག་འགོད་དོན། ང་ཚོས་ལག་རྩལ་གསར་བ་ཅི་ཡང་སྤྱད ་མེད་དེ། ང་ཚོའི་ལག་རྩལ་ནི་ཚན་རིག་དང་མཐུན་པའི་རྩ་འཛུགས་དོ་དམ་མོ། ། ཞེས་སོ། ། དོན་དུ་ཨ་རིའི་དཔལ་འབྱོར་སྟོབས་དང་ལྡན་པ་དང་། ཉི་ཧོང་གི་དཔལ་འབྱོར་མངོན་པར ་དར་བ་དེ་ཡང་སྔོན་ཐོན་གྱི་ཚན་རྩལ་དང་དོ་དམ་ལ་མ་བསྟེན་པ་མེད་ཅིང་། དེ་ལས་ཀྱང་དོ་དམ་ནི་མཆོག་གོ། །
གཉིས། དོ་དམ་རིག་པ་ལ་སློབ་པ་ནི་དོ་དམ་མི་སྣའི་དོ་དམ་གྱི་ནུས་པ་མཐོ་རུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན།
དེང་གི་ཆར་རང་རྒྱལ་གྱིས་ཤུགས་ཆེན་པོས་སྤྱི་ཚོགས་རང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་བར་བྱེད་པ་ལ་ཚད་དང་ལྡན་པའི་དོ་དམ་མི་སྣ་འབོར་ཆེན་མཁོ་མོད། རང་རྒྱལ་གྱི་དོ་དམ་མི་སྣ་མང་ཤས་ནི་ཉམས་མྱོང་ཅན་གྱི་རིགས་སམ་ཆེད་ལས་ལག་རྩལ་ལ་བྱང ་བ་འགའ་ཞིག་དོ་དམ་གྱི་ལས་གནས་སུ་གསར་དུ་ཞུགས་པ་ཡིན་པས། མགྱོགས་པོར་དོ་དམ་མི་སྣ་དེ་དག་གི་དོ་དམ་གྱི་ནུས་པ་མཐོ་རུ་གཏོང་བ་ལ་ངེས་ཅན་དུ་དོ་དམ་རིག་པར་་་ཐོས་བསམ་དང་ཞིབ་འཇུག་བྱ་བར་ཤུགས་སྣོན་དགོས་ཏེ། དོ་དམ་མི་སྣ་དོ་དམ་རིག་པར་ཐོས་བསམ་དང་ཞིབ་འཇུག་བྱ་བའི་ལས་སུ་ཞུགས་ན་ད་གདོད་དོ་དམ་གཞུང་ལུགས་དང་བྱེད་ཐབས་བརྗེད་པ་མེད་པར་ཁོང་དུ་ཆུད་ཅིང་། སྔར་ལས་ལྷག་པར་དོ་དམ་གྱི་ལག་ལེན་ལ་མཛུབ་སྟོན་བགྱིས་ཏེ་མཐར་གྲུབ་འབྲས་ཐོབ་པར་འགྱུར་རོ། །
གསུམ། དོ་དམ་རིག་པ་ལ་ཐོས་བསམ་དང་ཞིབ་འཇུག་བྱ་བ་ནི་མ་འོངས་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན།
དོ་དམ་ནི་མཉམ་དུ་ངལ་རྩོལ་བགྱིས་པ་ལས་བྱུང་བའོ། ། མ་འོངས་པའི་སྤྱི་ཚོགས་སུ་མཉམ་དུ་ངལ་རྩོལ་བགྱི་བའི་གཞི་ཁྱོན་ཉིན་རེར་ཆེས་ཆེར་བསྐྱེད་པ་དང་བསྟུན་ནས། ངལ་རྩོལ་གྱི་ལས་བགོས་རོགས་སྒྲུབ་ཀྱི་བྱ་བ་སྔར་བས་ཕྲ་ཞིང་ཞིབ་པར་འགྱུར་ལ། སྤྱི་ཚོགས་ཅན ་གྱི་ཐོན་སྐྱེད་ཆེན་པོ་ནི་སྔར་ལས་རྙོག་འཛིང་ཆེ་བར་འགྲོ་བས། མ་འོངས་པའི་སྤྱི་ཚོགས་སུ་ཚན་རིག་དང་མཐུན་པའི་དོ་དམ་གྱི་བྱ་བ་ནི་སྔར་ལས་ཀྱང་མཁོ་ཆེ་བར་འགྱུར་བར་གདོན་མི་ཟའོ། །
བཞི། དོ་དམ་རིག་པ་ལ་ཐོས་བསམ་དང་ཞིབ་འཇུག་བྱ་བ་ནི་ང་ཚོ་ཚང་མ་སྤྱི་ཚོགས་ཁྲོད་འཚོ་ཞིང་གནས་པའི་དགོས་མཁོ་ཡིན།
མི་ཚོས་འཚོ་བ་ལས་ཕན་འབྲས་མངོན་པར་མཐོ་བའི་དོ་དམ་ནི་སྤྱི་ཚོགས་ཡོངས་སུ་མ་ཟད་མི་ངོ་རེར་ཡང་གལ་ཆེ་བ་སེམས་ཀྱིས་ཚོར་རོ། ། བསམ་བློ་ཞིག་ཐོངས་དང་། ཁྱོད་རང་སློབ་གྲྭའི་ཟ་ཁང་དུ་ཟ་བྱང་ཞིག་ལས་སུ་ཕྱིན་པ་ལ་ཆུ་ཚོད་འགའ་འགོར་ན་ཡིད་ཐང་ཆད་ངེས་སམ། ཁྱོད་ཀྱིས་དམངས་སྤྱོད་གནམ་གྲུའི་འཛིན་ཡིག་བཙོང་སར་ཁ་པར་ལན་གསུམ་བཏང་ནས་པེ་ཅིན་དུ་འགྲོ་བའི་འཛིན་ཡིག་གི་རིན་གོང་འདྲི་བའི་ཚེ་ན། ལས་དོན་སྒྲུབ་མཁན་གྱིས་ཐེངས་རེར་ཁྱོད་ལ་རིན་གོང་མི་འདྲ་བ་བརྗོད་དུས་འཚིག་པ་མི་ཟའམ། དོ་དམ་བྱེད་ཚུལ་དམན་པ་དེ་དག་གི་བསྐྱེད་འབྲས་ངན་པས་ང་ཚོ་མི་རེའི་འཚོ་བའི་ཆ་རྐྱེན་ལ་ཐད ་ཀར་ངན་ཤུགས་ཐེབས་ཀྱིན་གདའ། གཞན་ཡང་ཁྱོད་རང་སློབ་མཐར་ཕྱིན་ཏེ་ལས་རིགས་དོན་དུ་གཉེར་བའི་མགོ་རྩོམ་དུས། ཁྱོད་ཀྱི་མདུན་དུ་ལྷགས་པའི་དངོས་ཡོད་ནི་གཞན་ལ་དོ ་དམ་བྱེད་པ་མ་ཡིན་གྱི་གཞན་གྱིས་རང་ལ་དོ་དམ་བྱ་བ་དེའོ། ། དོ་དམ་པར་འགྱུར་དུ་རེ་བའི་མི་ཞིག་ལ་མཚོན་ནས་བཤད་ན། དོ་དམ་ལ་བསླབ་ནས་དོ་དམ་གྱི་སྔོན་འགྲོ་ཁོང་དུ་ཆུད་ན་ཁྱོད་རང་དོ་དམ་པ་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་བ་ལ་སྨན་ནོ། ། ཁྱོད་རང་དོ་དམ་པར་འགྱུར་དུ་མི་རེ་མོད། འཚོ་བའི་དོན་དུ་གདོན་མི་ཟ་བར་ལས་ཀར་འཇུག་དགོས་ལ། དེ་ན་ཁྱོད་རང་ངེས་ཅན་དུ་རྩ་འཛུགས་ག་གེ་མོར་ཞུགས་ཤིང་རྩ་འཛུགས་སམ་༼དབུ་ཁྲིད་༽ ཀྱི་དོ་དམ་དང་དུ་ལེན་དགོས་སོ། ། དོ་དམ་རིག་པར་བསླབ་ན་དོ་དམ་པའི་བྱ་བ་སྤྱོད་པ་དང་ཁྱོད་རང་ཡོད་སའི་རྩ་འཛུགས་ནང་གི་འཁོར་སྐྱོད་བྱ་ཚུལ་སྔར་ལས་ཀྱང་ཁོང་དུ་ཆུད་དེ་རྩ་འཛུགས་ལ་ལོབས་སྐྱེན་ཞིང་། འཚོ་གནས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བ་ལ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་འགྱུར་རོ།
ལྔ་བ། དོ་དམ་རིག་པའི་མདུན་ལམ་བཤད་པ།
གཅིག རྩ་འཛུགས་ཀྱི་ཐོན་ཁུངས་ནི་ངལ་རྩོལ་ནུས་ཤུགས་དང་ས་ཞིང་དང་མ་རྩ་གཙོ་བོར་བྱེད་པ་ནས་ཤེས་བྱ་དང་ཆ་འཕྲིན་གཙོ་བར་འགྱུར་བ།
ཐོན་སྐྱེད་ནུས་ཤུགས་དང་ས་ཞིང་དང་མ་རྩ་དང་རང་བྱུང་ཐོན་ཁུངས་ལ་སོགས་པའི་མཚོན་པའི་སྔར་གྱི་ཐོན་ཁུངས་ཀྱིས་དུས་རབས་ཉི་ཤུ་འཕེལ་བར་བགྱིས་སོ། ། དུས་རབས་ཉེར་གཅིག་པར་ཤེས་བྱ་དང་ཆ་འཕྲིན་ཟུང་ནི་འཕེལ་རྒྱས་ཀྱི་ཐོན་ཁུངས་ཆེ་ཤོས་སུ་གྱུར་ཏོ།། དེས་ན་སྔར་རབས་སྲོལ་རྒྱུན་གྱི་ཐོན་ཁུངས་བཀོད་སྒྲིག་བྱེད་ལུགས་རྩྭ་བཞིན་འདོར་རིགས་སམ། དེང་ཕན་ཆད་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱེད་ཚུལ་ཡང་ཇི་ལྟ་བུ་ཞིག་ཡིན་ནམ། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བར་ཡོབ་གླིང་དང་ཨ་རི་རྒྱ་ཆེར་དར་བའི་གཞུང་ལུགས་དང་ལག་ལེན་རྩ་འཛུགས་ཀྱིས་འཆོས་པ་ནི་སྔོན་མཁྱེན་མཁན་གྱིས་སྔོན་དུ་སྒྲུབ་པའི་སྦྱོར་བ་རུ་ངེས་ལ། དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མ་འོངས་པར་སྔོན་དཔག་ནི་ཡོད་པའོ། །
གཉིས། རྩ་འཛུགས་ཀྱི་ཁོངས་ནི་དཔལ་འབྱོར་གྱི་མི་ནས་སྤྱི་ཚོགས་ཀྱི་མི་དང་བདག་ཉིད་མངོན་གྱུར་གྱི་མིར་འགྱུར་བ།
དངོས་པོའི་དཔལ་ཡོན་ཕུན་སུམ་མི་ཚོགས་ཡང་རིམ་གྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་དུས་རབས་ཉི་ཤུ་བར། དམངས་རྣམས་ཁ་ཚ་དགོས་གཏུག་གི་འཚོ་ཚིས་ཀྱི་ཆེད་དུ་ཁེ་ཕན་འབའ་ཞིག་དོན་དུ་གཉེར་བའི་དཔལ་འབྱོར་གྱི་མི་དང་ཉེ་བར་མཚུངས་པ་དང་། དཔལ་འབྱོར་རིག་པ་མཁན་རྣམས་ཀྱིས་ཀྱང་དེ་ལ་གཞིགས་ནས་ཁོ་རང་ཚོའི་གཞུང་ལུགས་ཀྱི་མ་ལག་དང་དངོས་ཡོད་ཀྱི་དཔལ་འབྱོར་མ་ལག་གྲུབ་པར་བགྱིས་ལ། དངོས་ཡོད་དཔལ་ཡོན་ཕུན་སུམ་ཚོགས་ལ་མིའི་རིགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་ན་མི་རྣམས་དཔལ་འབྱོར་གྱི་མིའི་ཚུལ་ལས་འདའ་བར་ངེས་ལ། དེའི་ཚེ་ན་དཔལ་འབྱོར་གྱི་མ་ལག་བསྐྱར་དུ་སྒྲུབ་དགོས་ལ། མི་རྣམས་ཀྱིས་ལས་ཀར་བརྩོན་པ་ལ་སྐུལ་བའི་རྒྱུའང་བསྐྱར་དུ་སྒྲུབ་དགོས་སོ། ། དེང་གི་ཆར་དོ་དམ་པ་མང་བོ་ཞིག་གིས་ཀྱང་མི་ཉིད་རྩ་བར་འཛིན་པའི་དོ་དམ་ལག་ཏུ་ལེན་པར་བཤད་ནས་མ་འོངས་པའི་སྤྱི་འགྲོས་ཀྱི་ཚུལ་ཞིག་འཚོལ་གྱིན་པ་མ་ཡིན་ནམ།
གསུམ། རྩ་འཛུགས་ཕྱི་ནང་གི་ཁོར་ཡུག་ཟམ་མི་ཆད་པར་མགྱོགས་པར་འགྱུར་བ།
གོང་དུ་འཕེལ་བའི་ཁོར་ཡུག་གི་འགྱུར་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་རེད་ལ། རབ་ཏུ་ཆེ་ཞིང་འཕེལ་རྒྱུན་ཆད་པའི་རྩ་འཛུགས་འགས་ཐབས་མཁས་ཀྱིས་རང་ཉིད་ལ་འགྱུར་བ ་བཏང་ནས་ཡུལ་དང་བསྟུན་མ་ནུས་པས། མཐར་ཉམས་པ་དང་སྟོངས་པའི་གནས་སུ་གྱར་རོ། ། སྟོང་ལོ་གསར་བ་ཚུགས་པ་དང་མཉམ་དུ་རྩ་འཛུགས་ཀྱིས་ནན་གྱིས་མངགས་པའི་མི་འགའ་ཤས་ཀྱིས་རྩ་འཛུགས་གནས་ཤིང་འཕེལ་བ་ལ་དབང་མེད་དུ་བསམ་བློ་གཏོང་དགོས་བྱུང་བས། སྒྲུབ་སྦྱོང་ལྔ་བ་ཞེས་པའི་བཤད་ཚུལ་བྱུང་ལ། དེ་ནི་དེང་སྐབས་ཀྱི་རྩ་འཛུགས་ལ་དམིགས་སུ་བསྟན་པའོ། ། དེ་ལྟ་ནའང་རྩ་འཛུགས་དེ་ཀོ་ངེས་པ་དོན་གྱིས་བསླབ་པའི་ནུས་པ་དང་མངོན་པར་འཕགས་པའི་བསམ་གཞིག་དང་ལྡན་པའི་བདག་ཉིད་ཅན་དུ་བྱ་རྒྱུའང་ལས་སླ་བོ་ཞིག་གང་ནས་ཡིན་ཏེ་མ་ཡིན་ནོ། ། དུས་རབས་ཉེར་གཅིག་པར་ངེས་པ་དོན་གྱིས ་རྩ་འཛུགས་དེ་འདྲར་འགྱུར་ཞིང་དུས་དེ་ནས་རྣམ་པར་རྒྱལ་བའི་གནས་ལ་གཡུང་དྲུང་དུ་སྡོད་ཐུབ་པའི་རྩ་འཛུགས་ག་ཚོད་ཡོད་དམ།
བཞི། དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱི་མི་ཆོས་ལ་བླ་འོག་བརྗེ་བའི་འགྱུར་བ་འབྱུང་ངེས།
དུས་རབས་ཉེར་གཅིག་པའི་མིའི་བློ་རིག་གི་ཚུལ་དང་བསམ་གཞིག་གཏོང་སྟངས་ནི་དུས་རབས་ཉི་ཤུ་བའི་བཀག་རྒྱའི་རྒྱུ་སྣ་ཚོགས་གཅིག་ཏུ་འདུས་པའི་བདག་འབྲས་སུ་ངེས་སོ། ། བཀག་རྒྱའི་རྒྱུ་དེ་དག་དུས་རབས་ཉེར་གཅིག་པར་འགྱུར་བ་བྱུང་རྗེས། དོ་དམ་པའི་རིན་ཐང་ལྟ་ཚུལ་དང་བསམ་གཞིག་གཏོང་སྟངས་སོགས་ལ་དཔག་པར་དཀའ་བའི་འགྱུར་བ་བྱུང་ངོ་། ། དེ་ལྟ་ནའང་དྲང་བདེན་ལས་ལས་ཁེ་བཟང་གཙིགས་སུ་འཛིན་པའི་དུས་རབས ་ཉི་ཤུ་བའི་མི་ཆོས་ཀུན་སྤྱོད་དང་བྱ་བ་སྤྱོད་པ་ནི་ཆ་ཡོངས་སུ་གསར་བར་བྱས་ཏེ་མ་འོངས་པའི་སྤྱི་ཚོགས་དང་དཔལ་འབྱོར་མ་ལག་འཛུགས་དགོས་སོ། ། དུས་རབས་ཉེར་གཅིག་པའི་དོ་དམ་རིག་པར་ནི་ཆ་ཡོངས་སུ་གསར་བའི་དོ་དམ་མི་ཆོས་དང་། དོ་དམ་རིན་ཐང་ལྟ་ཚུལ ་དང་བྱ་བ་སྤྱོད་པ་བཅས་འདུའོ། ། ད་ནས་བཟུང་མ་འོངས་པའི་དོ་དམ་མི་ཆོས་ལ་རྟོག་དཔྱོད་བགྱིས་ན་དུས་ད་ནས་མ་འོངས་པའི་དོ་དམ་པར་འགྱུར་ངེས་པ་དག་ལ་ཕན་སླེབས་ཆེ་བར་ཡང་སྲིད་དོ། །
ལྔ། ཆ་འཕྲིན་ཀློང་དུ་བརྡོལ་བས་ཆ་འཕྲིན་འཚོལ་བཤེར་དཀའ་བའི་གནས་སུ་གཏད་ཡོད།
དུས་རབས་ཉེར་གཅིག་པ་ནི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ལ། ཆ་འཕྲིན་ཀློང་དུ་བརྡོལ་བའི་དུས་རབས་ཤིག་ཏུའང་ངེས་ཤིང་། དེང་གི་ཆ་འཕྲིན་འཚོལ་བཤེར་ལས་ཕན་སླེབས་ཆེ་བའི་ཐབས་དང་རྩལ་མེད་ན། ཆ་འཕྲིན་ཇི་ལྟར་ཕུན་སུམ་ཚོགས་ན། མི་རྣམས་ཀྱིས་དུས་ལྟར་རང་ལ་མཁོ་བའི་ཆ་འཕྲིན་འཚོལ་བ་དེ་ལྟར་དཀའ་བར་འགྱུར་རོ། ། ཆ་འཕྲིན་གྱི་སྤྱི་ཚོགས་སུ་མི་ཉིད་གྲོགས་མེད་ཁེར་རྐྱང་གི་གྲུ་གཟིངས་ཇི་བཞིན་གཅིག་པུར་རྒྱ་མཚོའི་ཀློང་དུ་ཞུགས་ནས་འཚོལ་བར་བྱེད་དོ། ། རང་ལ་མཁོ་བའི་ཆ་འཕྲིན་གྱི་ངོས་ནས་བཤད་ན། ཐོན་སྐྱེད་མཁན་དང་འཛད་སྤྱོད་མཁན་ཚང་མ་ཆ་འཕྲིན་མི་འདང་མཁན་དུ་ངེས་པས། དེ་དག་གི་དབར་དུ་ཚུལ་ཇི་ལྟར་འབྲེལ་ཟམ་འཛུགས་དགོས།
དྲུག རྩ་འཛུགས་ཀྱིས་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་ཐུན་མོང་ལས་སྒེར་གྱི་ཁེ་ཕན་ནི་མ་ཡིན་ནོ། །
མིའི་རིགས་ལ་ས་སྒང་གཅིག་ལས་མེད་ཅིང་། དུས་རབས་ཉེར་གཅིག་གི་མི་རྣམས་ཀྱིས་སྔར་ལས་ལྷག་པར་འཇིག་རྟེན་ཆུང་ཞིང་གཅེས་སུ་འོས་པ་རྟོགས་ལ། རང་གི་རྒྱལ་ཁོངས་ལས་བརྒལ་ཏེ་གནད་དོན་ལ་སེམས་ཤིང་ཐག་གཅོད་པར་བྱེད་དོ། ། དོན་གྱི་སྙིང་བོ་དེའི་སྟེང་ནས་མིའི་རིགས་ནི་ཐུན་མོང་གི་ཚོགས་པ་ཞིག་ཡིན་ལ། ཁོ་ཚོ་ལ་རྒྱལ་མཚམས་མེད་ཅིང་། མིའི་རིགས་ཀྱི་དཔལ་འབྱོར་གྱི་འདུ་བྱེད་ཀྱང་གོ་ལ་ཡོངས་ཀྱི་ཕུགས་ཀྱི་བདེ་བར་དམིགས་ནས་བསམ་པར་ངེས་སོ། ། དེ་ལ་ཡང་དུས་རབས་ཉི་ཤུ་བའི་རྒྱལ་ཁོངས་ལས་བརྒལ ་བའི་སྤྱི་གཉེར་ཁང་དེ་དག་གིས་རྒྱལ་ཁོངས་བརྒལ་བར་ཚོང་གཉེར་བྱེད་དུས། ཁེ་བཟང་འབའ་ཞིག་གཉེར་ལ། ཁྲོམ་རའི་འགོག་སྲུང་བརྟོལ་ཅིང་། ཁེ་སྔར་ལས་ཆེས་ཆེར་མང་བ་ཞིག་ཐོབ་པར་བརྩོན་པར་བཤད་ན། དུས་རབས་ཉེར་གཅིག་གི་རྒྱལ་ཁོངས་ལས་བརྒལ་བའི ་ཁེ་ལས་ཀྱིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་བ། མིའི་རིགས་ལ་ཕན་དང་བདེ་བ་ཐོབ་པར་བསམ་བློ་གཏོང་བར་ངེས་ལ། དེ་ནི་ཁུངས་མེད་གཏམ་འཆལ་ཞིག་ཡིན་ནམ།
བདུན། རྩ་འཛུགས་དང་མིའི་རིགས་ཀྱི་མུ་སྤེལ་བྱ་རུང་བའི་འཕེལ་རྒྱས།
དེ་ལ་ཡང་འཕེལ་རྒྱས་ནི་གནས་ལུགས་བསྙོན་མེད་ཡིན་ལ། དུས་རབས་ཉེར་གཅིག་པར་ཡང་འཕེལ་དགོས་སོ། ། ཡིན་ཡང་དུས་རབས་ཉི་ཤུ་བའི་མི་རྣམས་ཀྱིས་འཕེལ་བར་བྱེད ་པ་དང་མཉམ་དུ་ཤ་ལ་རྔམ་ནས་བ་གསོད་པའི་དཔེ་བཞིན། ཐོན་ཁུངས་ཟད་པ། སྐྱེ་ཁམས་བཙོག་འགྱུར། དངོས་རིགས་ཇེ་ཉུང་། གནམ་གཤིས་རྒྱུན་ལྡན་མ་ཡིན་པ་སོགས་སུ་བཟོས་ལ། འདི་དག་ཐམས་ཅད་ཀྱིས་དུས་རབས་ཉེར་གཅིག་པ་འཕེལ་བ་ལ་དཀའ་ལས་བཟོས་ ཤིང་། མི་རྣམས་ཀྱིས་དབང་མེད་དུ་སྐད་ཅོར་རྒྱག་དོན། མིའི་རིགས་ཀྱི་སྤྱི་ཚོགས་ད་དུང་མུ ་མཐུད་དུ་འཕེལ་ནུས་སམ། ཞེས་སོ། ། དུས་རབས་ཉེར་གཅིག་པར་དེ་ལ་ལན་འདེབས་པར་རིགས་ཤིང་། སྤྱི་ཚོགས་འདི་ཀོའི་དཔལ་འབྱོར་གྱི་སྲོག་ཤིང་དུ་གྱུར་བའི་ཁེ་ལས་ལའང་རང་གི་ལན་ཡོད་དགོས་སོ། ། ཁེ་ལས་ནི་འགྲོ་བ་མི་ཇི་བཞིན་ཐོག་མར་གནས་དགོས་ལ་ཕྱིས་སུ་ད་གཟོད་འཕེལ་ནུས་སོ། ། དུས་རབས་ཉེར་གཅིག་པའི་ཁེ་ལས་ནི་ཚུལ་ཇི་ལྟར་འཕེལ་ན་ད་གཟོད་མུར་སྤེལ་རུང་བའི་འཕེལ་རྒྱས་དང་གཅིག་ཏུ་མཐུན་པར་འགྱུར་བ་ནི་འབྱུང་འགྱུར་དོ་དམ་རིག་པའི་ཞིབ་འཇུག་གི་ཐོག་མའི་གནད་དོན་དུ་ངེས་སོ། །
བརྒྱད། རྩ་འཛུགས་ནང་ཁུལ་ནི་ལས་བགོས་ནས་ཕྱོགས་བསྡུས་སུ་འཕེལ་བ།
དུས་རབས་ཉི་ཤུ་བ་ནི་ཆེད་ལས་ཅན་གྱི་ལས་བགོས་འཕེལ་ཆེ་བའི་དུས་རབས་ཤིག་ཡིན་ལ། འགྲོ་བ་མིའི་རིགས་ལ་ཆེད་ལས་ཅན་གྱི་ལས་བགོས་ལས་ཁེ་བཟང་ཤིན་ཏུ་ནས་ཀྱང་ཆེན་པོ་ཐོབ་ཡོད་ཅིང་། དུས་རབས་ཉི་ཤུ་བའི་ཤེས་རིག་ནི་ཆེད་ལས་ཅན་གྱི་ལས་བགོས་ཀྱི་ཤེས་རིག་ཤིག་ཏུ་བརྗོད་ཆོག་གོ། ། དེ་ལྟ་ནའང་ལས་བགོས་ཇི་ལྟར་ཞིབ་ཅིང་ཕྲ་ན ཐོག་མའི་ཡང་སྙིང་དང་དེ་ལྟར་རིང་དུ་འབྲལ་སྲིད་ལ། ཆེ་བ་ལྷོ་སྣེ་གླིང་གི་བར་སྣང་གི་དྲི་ངན་དབྱང་རིམ་སྲབ་པར་གྱུར་བ་ནས་ཆུང་བ་ཁེ་ལས་ཤིག་གིས་ཚོང་རྭ་གསར་བ་བསྐྱེད་པ་ལ་སོགས་པའི་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་གནད་དོན་ཐག་གིས་གཅོད་དཀའ་བའོ། ། དེ་ཡང་དུས་རབས་ཉེར་གཅིག་པ་ནི་ཕྱོགས་བསྡུས་ཀྱི་དུས་རབས་ལ་སླར་ལོག་པ་ཡིན་པར་ངེས་ལ། མིའི་རིགས་ཀྱིས་ཕྱོགས་བསྡུས་ལས་ཁེ་བཟང་སྔར་ལས་ལྷག་པ་ཐོབ་སྲིད་ལ། ཁེ་ལས་ནི་ཕྱོགས་བསྡུས་ལས་གསར་ཐོན་འབྱུང་སྲིད་ཅིང་། དོ་དམ་རིག་པས་ཕྱོགས་བསྡུས་རང་བཞིན་གྱི་གཞུང་དང་ཐབས་དང་ཚུལ་བཅས་བསྐྲུན་དགོས་པར་ངེས་སོ། །
ཞེས་བྱ་བ་འདི་ནི་ཕྱི་ལོ་༢༠༡༤བའི་ཟླ༩ཚེས༡༣་ཉིན་ནས་ཟླ༡༠ ཚེས༣༡ཉིན་དོ་དམ་རིག་པའི་སྔོན་འགྲོ་(管理学基础/汪洁主编;丁皓副主编.-北京:清华大学出版社,2009.8,普通高等院校经济管理基础教材)ཞེས་བྱ་བའི་བསྟན་བཅོས་ལས་ཁོལ་དུ་ཕྱུང་ནས་རྫོགས་པར་བསྒྱུར་བ་ལ་འདིས་ཀྱང་དོ་དམ་རིག་པའི་ལུགས་བཟང་བོད་དུ་དར་བའི་རྒྱུར་གྱུར་ཅིག