logo

གངས་ལྗོངས་དགོན་སྡེའི་སློབ་དེབ་དཔེ་ཚོགས་པར་བསྐྲུན་འགྲེམ་སྤེལ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-05 ཀློག་གྲངས།:

《雪域寺院读物丛书》学术研讨会在西宁举行
གངས་ལྗོངས་དགོན་སྡེའི་སློབ་དེབ་དཔེ་ཚོགས་པར་བསྐྲུན་འགྲེམ་སྤེལ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

དཔེ་ཚོགས་འདིའི་རྩོམ་སྒྲིག་པ་རྣམས།

  ཟླ6པའི་ཚེས4ཉིན། གངས་ལྗོངས་དགོན་སྡེའི་སློབ་དེབ་དཔེ་ཚོགས(དེབ12)པར་བསྐྲུན་འགྲེམ་སྤེལ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་དུ་བསྡུས་པ་རེད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། སེར་ཤུལ་དགོན་པ་དང་བྱ་ཁྱུང་དགོན་པ་སོགས་ཀྱི་འབྲེལ་ཡོད་མི་སྣ་དང་གསར་འགོད་པ་སོགས་མི90ལྷག་གྲོས་ཞིབ་ཚོགས་འདུར་ཞུགས་པ་རེད།
  དཔེ་ཚོགས་འདིའི་ཁྲོད《འབྲི་ཀློག》དང་། 《དག་ཡིག་སྦྱོར་ཐབས་དང་རྩོམ་ཡིག་གཅེས་བསྡུས》། 《བརྡ་སྤྲོད》། 《ཚིག་རྒྱན་རིག་པ》། 《བོད་ཀྱི་ལོ་རྒྱུས》། 《ཁྲིམས་ལུགས་རྒྱུན་ཤེས》། 《སེམས་ཁམས་རིག་པ》། 《ཚད་མ་རིག་པ》། 《ནང་དོན་རིག་པ》 སོགས་དེབ12འདུས་པ་རེད།
  དེབ་ཚོགས་འདི་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་པ་སྟེ། གཅིག་ནས་དཔེ་ཚོགས་འདིའི་ནང་དོན་ཕུན་སུམ་ཚོགས་ཤིང་། 《ཁྲིམས་ལུགས་རྒྱུན་ཤེས》དང《སེམས་ཁམས་རིག་པ》སོགས་ཐེངས་དང་པོར་དགོན་པའི་སློབ་དེབ་ཏུ་བཞག་པ། གཉིས་ནས་བདམས་གསེས་བྱས་པའི་ཀློག་དེབ་རིགས་དགུ་ནི་རྒྱུ་ཆ་ཀུན་ལས་མཆོག་ཏུ་གྱུར་བར་གྲུབ་ཅིང་། བོད་ཁམས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དག་བདམས་བསྒྲིགས་བྱས་ཡོད། དེའི་ཁྲོད་ཉམས་ཉེན་ཆེ་བའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཀྱང་མི་ཉུང་བ་ཞིག་འདུས་པས། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགེ་མཚན་ཆེན་པོ་ལྡན་པ་རེད། གསུམ་ནས་དཔེ་ཚོགས་འདི་ནི་བོད་ཁམས་སུ་མཚན་སྙན་ཆེ་བའི་དགེ་རྒན་ཆེན་མོ་དང་དགོན་པའི་དགེ་བཤེས་རྣམས་གདན་འདྲེན་ཞུས་ནས་བསྒྲིགས་པ་ཡིན་པས། བོད་ཀྱི་རིག་གནས་ཁྲོད་ཀྱི་དཀའ་གནད་ཡང་དག་པར་གསེད་བཀྲོལ་བྱེད་པར་ཁག་ཐེག་བྱས་པ་རེད། བཞི་ནས་རིག་གནས་ཀྱི་ལས་གཞི་ཆེན་མོ་འདི་ད་བར་དུ་ཞིབ་འཇུག་བྱེད་མཁན་མི་འདུག་པས། བོད་ཀྱི་ལོ་རྒྱུས་སྟེང་གི་སྟོང་ཆ་དག་བསྐངས་ཐུབ་པ་རེད།
  དཔེ་ཚོགས་འདི་པར་བསྐྲུན་འགྲེམ་སྤེལ་བྱས་པར་རིན་ཐང་ཆེན་པོ་ལྡན་པ་སྟེ། རྩོམ་སྒྲིག་མི་སྣ་རྣམས་ཀྱིས་དཔེ་ཚོགས་འདི་འདྲའི་མོད་པོ་ཞིག་འཚོལ་བསྡུ་དང་ལེགས་སྒྲིག རྩོམ་སྒྲིག  འགྲེམ་སྤེལ་བྱས་པ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ད་བར་དུ་བྱུང་མེད་ཅིང་། དཔེ་ཚོགས་འདི་འགྲེམ་སྤེལ་བྱས་པ་དེས་ཉམས་མེད་དུ་འགྲོ་བཞིན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་ཅིག་མྱུར་སྐྱོབ་དང་རྒྱུན་འཛིན་བྱེད་པར་ནུས་པ་ཆེན་པོ་ཐོན་པར་མ་ཟད། བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་རྒྱུ་ཆ་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།