logo

《བོད་ཀྱི་གསོ་རིག་ཀུན་བཏུས》སྒྲིག་རྩོམ་དང་པར་བསྐྲུན་གནང་བའི་སྐོར་འོས་སྦྱོར།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-19 ཀློག་གྲངས།:


《བོད་ཀྱི་གསོ་རིག་ཀུན་བཏུས》།

        ཉེ་ལམ།  མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི་རང་རྒྱལ་དུ་མིག་སྔར་ཆེས་ཆེ་བའི་བོད་ཀྱི་གསོ་རིག་ཡིག་ཚགས《བོད་ཀྱི་གསོ་རིག་ཀུན་བཏུས》ཅེས་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་གནང་། དེ་ཡང་ཟླ12བའི་ཚེས17ཉིན། 《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པའི་ཚན་ཞིབ་གྲུབ་འབྲས་གདེང་འཇོག་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། རང་རྒྱལ་བོད་རིག་པའི་ཁྱབ་ཁོངས་དང་། ཀྲུང་ལུགས་གསོ་རིག་ཁྱབ་ཁོངས། བོད་ཀྱི་གསོ་རིག་ཁྱབ་ཁོངས་བཅས་ཀྱི་དབང་གྲགས་ཆེད་མཁས་པས་དཔྱད་བཤེར་བྱས་པ་ལྟར་ན། ལས་གཞི་གྲུབ་འབྲས་འདི་ནི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་རེད།
        《བོད་ཀྱི་གསོ་རིག་ཀུན་བཏུས》འདིར་བསྡོམས་པས་པོ་ཏི60དང་སྤྱིའི་དཀར་ཆག་པོ་ཏི1། ཡིག་འབྲུ་བྱེ་བ6ཡས་མས་ཡོད། དེ་ཡང་བརྗོད་བྱའི་ནང་དོན་གྱི་ཐད་ནས་གསོ་བ་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་སྐོར་དང༌།  གསོ་རིག་རྒྱུད་བཞིའི་གོང་གི་གནའ་བོའི་གསོ་རིག་གི་སྐོར།  གསོ་དཔྱད་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་རྒྱུད་བཞི་དང་དེའི་འགྲེལ་བའི་སྐོར།  སྨན་པ་མཁས་པ་རིམ་བྱོན་གྱི་ནད་ཐོག་ཉམས་ཡིག་གི་སྐོར།  སྨན་གྱི་འཁྲུངས་དཔེ་དང་ནུས་པ་སོགས་སྨན་ངོ་ཤེས་བྱེད་ཀྱི་སྐོར།  སྦྱར་ཐབས་ལག་ལེན་གྱི་སྐོར།  བཙོ་བསྲེག་འདུལ་སྦྱོང་གི་སྐོར།  མདོ་ཆོག་དང་སྙིང་ཐིག་ལས་ཚོགས་ཀྱི་སྐོར་བཅས་འདུས་ལ།  ས་བཅད་ཀྱི་སྒྲིག་གཞི་ཐད་ནས་སྤྱི་དོན་ཆེན་མོ8དང་སྤྱི་དོན་རེ་རེར་ཡང་སྐབས་དོན78། སྐབས་དོན་རེ་རེར་ཚན་པ492བཅས་སུ་བསྒྲིགས་ཡོད་ཅིང་། བསྡོམས་པས་བོད་ཀྱི་གསོ་རིག་གནའ་དཔེ་གྲགས་ཅན་དང་། ཉེ་རབས་དང་དེང་རབས་རང་བཞིན་གྱི་བརྩམས་ཆོས638བསྡུས་ལ། བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གྱི་ནང་དོན་ཆ་ཚང་འདུས་པ་དང་། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ནས་ད་ལྟའི་བར་ལོ2900ལྷག་གི་ལོ་རྒྱུས་ལྡན།

《བོད་ཀྱི་གསོ་རིག་ཀུན་བཏུས》ཚན་ཞིབ་གྲུབ་འབྲས་གདེང་འཇོག་ཚོགས་འདུ་ཟི་ལིང་དུ་བསྡུས།
《བོད་ཀྱི་གསོ་རིག་ཀུན་བཏུས》ཚན་ཞིབ་གྲུབ་འབྲས་གདེང་འཇོག་ཚོགས་འདུ་ཟི་ལིང་དུ་བསྡུས།

        བོད་ཀྱི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱེད་པ་འདི་རང་རྒྱལ་བོད་ཀྱི་གསོ་རིག་ཡིག་ཚགས་ཞིབ་འཇུག་གི་གཙོ་གནད་དུ་བཞག་སྟེ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་ལོ་རབས་དགུ་བཅུ་ནས་བཟུང《བོད་ཀྱི་གསོ་རིག་ཀུན་བཏུས》རྩོམ་སྒྲིག་གི་བྱ་བའི་མགོ་བརྩམས་ཤིང་།  འོ་ཚང་ཚོགས་ཆེན་གཙོས་པའི་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ།  སི་ཁྲོན། ཡུན་ནན། པེ་ཅིང་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་ཡིག་ཚགས་ཞིབ་འཇུག་རྐང་འཛིན་པས་གྲུབ་པའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་། ཆེད་དུ་གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་དང་། སི་ཁྲོན་ཞིང་ཆེན་མིང་གྲགས་སྨན་པ་བཅུའི་ཡ་གྱལ་གསོ་རིག་མཁས་དབང་བསྟན་ཁོ། རྒྱལ་ཡོངས་མིང་གྲགས་བོད་ཀྱི་གསོ་རིག་མཁས་པ་རྒྱ་ཡེའི་ཨ་ཁུ་ཉི་མ་བཅས་རིག་གཞུང་བློ་འདྲི་ཡུལ་དུ་གདན་འདྲེན་ཞུས་ཤིང་བོད་ཀྱི་གསོ་རིག་ཡིག་ཚགས་ཞིབ་འཇུག་གི་ཆེས་མཐོའི་ཆུ་ཚད་མཚོན་གྱི་ཡོད།
        རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་གཟབ་ནན་གྱི་གནའ་དཔེ་ཡིག་ཚགས་འཚོལ་སྡུད་དང་ལེགས་སྒྲིག  སྒྲིག་རྩོམ་བཅས་ཀྱི་ཇུས་གཞི་གཏན་ཁེལ་གནང་ཞིང་། སྔ་གཞུག་ཏུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན།  ཡུན་ནན། ནང་སོག  ཞིན་ཅང་སོགས་ཞིང་ཆེན་དང་ས་ཁུལ། དེ་མིན་དབྱིན་ཇི་དང་།  ཨ་རི། དབྱི་ཐ་ལི། རྒྱ་གར།  འབྲུག་ཡུལ། བལ་བོ།  སོག་ཡུལ། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ10ལྷག་ལ་བསྐྱོད་དེ་བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས1150ལྷག་བསྟུད་མར་འཚོལ་སྡུད་བྱེད་ཐུབ་པ་བྱུང་། དེ་ལས་ཡིག་ཚགས་ཁ་ཤས་ནི་ཐོག་མའི་སྔོག་འདོན་བྱས་པའི་ཆེས་དཀོན་པའི་རིགས་དང་ལེགས་ཤོས་སུ་སྣང་བས་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་ཏེ། 《བོད་ཀྱི་གསོ་རིག་ཀུན་བཏུས》སྒྲིག་རྩོམ་བྱ་བར་རིན་ཐང་ལྡན་པའི་ཡིག་ཆ་མཁོ་སྤྲོད་བྱས། དེ་ཡང་ཡིག་ཚགས་རྟོག་དཔྱོད་དང་།  རིག་དབྱེ།  འདྲ་བཤུས། སྒྲིག་བཤེར། བཤེར་འབེབས། རྩོམ་སྒྲིག  ལེགས་སྒྲིག  པར་སྐྲུན་སོགས་ཀྱི་ཉོག་འཛིང་གི་གོ་རིམ་བརྒྱུད་མཐར་གཞི་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་།
        《བོད་ཀྱི་གསོ་རིག་ཀུན་བཏུས》འདི་བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚགས་འཚོལ་སྡུད་དང་ལེགས་སྒྲིག   དེ་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་པར་ལོ་ངོ20ལྷག་གི་དུས་ཡུན་བརྒྱུད་པ་ཡིན་ཞིང་། སྔ་གཞུག་ཏུ་ཆེད་མཁས་པ་དང་ཤེས་ཡོན་པ1000ཡས་མས་ལས་གཞི་འདིར་ཞུགས་པ་དང་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཐུན་མོང་གི་ཤེས་རབ་དང་སེམས་ཤུགས་འདུས་ཡོད། 
        《བོད་ཀྱི་གསོ་རིག་ཀུན་བཏུས》པར་བསྐྲུན་འགྲེམ་སྤེལ་བྱས་པ་འདིས་བོད་ཀྱི་གསོ་རིག་ཐད་ཀྱི་རྨང་གཞིའི་ཞིབ་འཇུག་དང་།  སློབ་གསོ་ལག་ལེན། ནད་ཐོག་བཀོལ་སྤྱོད།  སྨན་རྫས་གསར་བ་ཞིབ་འཇུག་དང་སྔོག་འདོན་བཅས་བྱེད་པར་གཞུང་ལུགས་ཀྱི་རྨང་ལེགས་པོ་བཏིངས་ཤིང་། བོད་ཀྱི་གསོ་རིག་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ། བོད་ཀྱི་གསོ་རིག་རིག་གཞུང་དར་རྒྱས་ལ་སྐུལ་འདེད།  བོད་ཀྱི་གསོ་རིག་གསར་གཏོད་འཕེལ་རྒྱས་མགྱོགས་མྱུར་དང་།  མི་དམངས་ཀྱི་ལུས་ཕུང་བདེ་ཐང་སྲུང་བ། རང་རྒྱལ་མི་རིགས་རིག་གནས་སྲིད་ཇུས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་བ་བཅས་ལ་དགེ་མཚན་ཆེན་པོ་བསྐྲུན་པ་རེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།