logo

རིག་གནས་ཀྱི་ངོས་ཐད་ནས་མི་གཤིས་གླེང་བ།

རྩོམ་པ་པོ།:གཅན་རང་ཤར། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-06-13 ཀློག་གྲངས།:

རིག་གནས་ཀྱི་ངོས་ཐད་ནས་མི་གཤིས་གླེང་བ། 

གཅིག   མི་གཤིས་ངོས་འཛིན། 

            མི་གཤིས་ནི་རང་གཤིས་དང་། མི་གཞི།  ཀུན་སྤྱོད་ཀྱི་སྤུས་ཚད།  ཀུན་སྤྱོད་ཀྱི་རྒྱུ་བདག  ཀུན་སྤྱོད་མཐོ་དམའ། མིའི་རང་སྟེང་གི་འཇོན་ཐང་།  རྩིས་ཐང་།  མིའི་རང་བཞིན་གྱི་སྤྱིའི་ཚོགས་པ་ལའོ།།

གཉིས།  མི་གཤིས་བཤད་པའི་དགོས་པའམ་རྒྱུ་མཚན། 

            མི་གཤིས་ནི་རིག་གནས་ཤིག་གི་བསྐྱེད་འབྲས་རེད།  དེའི་རྐྱེན་གྱིས་མི་གཤིས་བཤད་དུས་རིག་གནས་མི་གླེང་ཐབས་མེད་རེད།  དེ་ན།  དེ་གཉིས་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་དེའི་ཐད་ནས་གླེང་ན།  རིག་གནས་དང་མི་གཤིས་ཀྱི་འབྲེལ་བ་དེ་རྟེན་དང་བརྟེན་པའི་འབྲེལ་བ་རེད།  མི་གཤིས་བཤད་དུས་རིག་གནས་བཤད་དགོས་ཏེ།   རིག་གནས་ཀྱིས་མི་གཤིས་སྐྱེད་སྲིང་བྱེད་པས་ཕྱིར།  ཡང་།  མི་གཤིས་ཀྱིས་རིག་གནས་ཁ་ཕྱོགས་གང་ལ་ཁྲིད་དགོས་པ་གཏན་འཁེལ་བྱེད་པས།  རིག་གནས་བཤད་དུས་མི་གཤིས་ཀྱང་བཤད་དགོས་བྱུང་།  དེ་ན།  ཅིའི་ཕྱིར་མི་གཤིས་གླེང་དགོས་སམ། དེ་གླེང་བར་རིན་ཐང་ཅི་ཡོད། ཞེ་ན།  དྲིས་ལན་འདི་ནི་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་ནས་བཤད་དགོས་ཏེ།  མི་གཤིས་ཀྱི་སྤུས་ཀ་མཐོ་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་མགྱོགས་སྲིད་ལ།  མི་གཤིས་ཀྱི་མཐོ་དམའ་དང་བཟང་ངན་དེས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉུལ་བུ་དང་བདག་གཅིག་འབྲེལ་དུ་གྲུབ་པས་སོ།། དེའི་ཕྱིར།  འཛམ་གླིང་གི་མི་རིགས་གང་ལ་མཚོན་ནའང་མི་གཤིས་ཀྱི་འཕེལ་རྒྱས་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་གྲུབ་ཡོད།  ལྷག་པར་དུ་རིག་གནས་བསྐྱར་དར་ཀྱི་རྗེས་ལ་མཚོན་ན་མིའི་གཤིས་དང་།  མི་གཞི།  མིའི་སྤྱོད་ལམ་ཇེ་ལེགས་སུ་གཏོང་རྒྱུ་དང་། མིའི་འཇོན་ཐང་དང་རྩལ་ནུས་རྩལ་དུ་སྤྲུགས་རྒྱུ་ཚང་མ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་ནས་བཤད་ལ།  རིག་གནས་ཀྱི་དམིགས་ཡུལ་ཤེས་ཡོན་ཡིན་པ་ཙམ་དུ་མ་ཟད།  ད་དུང་མི་གཤིས་ཀྱི་ཆ་ཇེ་ལེགས་སུ་གཏོང་རྒྱུ་དང་འཕེལ་རྒྱས་སུ་གཏོང་རྒྱུ་གཙོ་བོར་བཟུང་ནས་བརྗོད་དོ།།

གསུམ།  མི་གཤིས་ཀྱི་གོ་བ་ལེན་སྟངས་མི་འདྲ་བ། 

            མི་རིགས་རང་རང་ལ་སྲོལ་རྒྱུན་རིག་གནས་མི་འདྲ་བ་ཡོད་པས། སོ་སོའི་མི་གཤིས་ལ་གོ་བ་ལེན་ཚུལ་མི་འདྲ་བ་ཡོད།  དོན་དམ་དུ་མི་གཤིས་ལ་གོ་བ་ལེན་ན་ནུབ་གླིང་ལ་མི་གཏུགས་ཐབས་མེད་དེ།  གནའ་བོའི་ཀུ་རུ་སིའི་སྐབས་སུ་མི་གཤིས་ནི་མི་སྒེར་རམ་མི་བྱེ་བྲག་པའི་གཤིས་རྒྱུད་ཡག་མིན་དང་ཕྱི་ཚུལ་གྱི་བརྩི་ཐང་ལ་གོའོ།།  དུས་རབས་བར་མའི་སྐབས་སུ་མི་གཤིས་དེ་ཆོས་ལུགས་ཀྱི་ལྟ་བ་ལས་ཐར་ཏེ་མི་རང་སྟེང་དུ་ལྷན་སྐྱེས་སུ་གྲུབ་པའི་ནང་གི་གཟུང་གཞུགས་དང་རིག་གནས་ཀྱི་གཟུང་གཞུགས་ཡོད་མེད་ལ་གོའོ།།  རིག་གནས་བསྐྱར་དར་སྐབས་མི་གཙོ་རིང་ལུགས་ཀྱི་བསམ་བློ་ཡི་བྱེད་སྒོ་མཚོན་པའི་མི་གཤིས་དེ་ཚོགས་པའི་ངོས་ནས་ལས་འགུལ་རབ་རིམ་དུ་བསླངས་འོང་ནས་ལྷའི་བརྩི་ཐང་ཁས་མི་ལེན་པར་བཀག་འགོག་དང་མིའི་བརྩི་ཐང་ཡོངས་སུ་ཁས་ལེན་བྱུང་ལ།  དེའི་སྐབས་མི་གཤིས་དེ་ལ་གོ་བ་ཁྱད་པར་ཅན་བྱུང་དུ་བཅུག་ལ་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་སྟེ། མི་གཤིས་ཡོད་ན་མིའི་བརྩི་ཐང་ཡོད་སོང་བར་འདོད་དོ།།   
            དུས་རབས16པའི་ནུབ་གླིང་གི་བློ་འབྱེད་འགུལ་སྐྱོད་བྱུང་རྗེས་མི་གཤིས་རིང་ལུགས་ཞེས་པའི་བརྡ་ཆད་བྱུང་།  དེའི་ཡར་སྔོན་དུ་བརྡ་ཆད་དེ་ཙམ་ཆགས་མ་ཐུབ་ལ།  བསམ་བློ་ཕྱོགས་ནས་ད་དུང་བཤད་མ་དགོས། གལ་སྲིད་བརྡ་ཆད་དེ་འདྲ་བྱུང་ཡང་གཞུང་དོན་གྱི་མཚན་ཉིད་ཡོངས་སུ་ཚང་བ་དང་།  མ་ལག་ཆ་ཚང་བའི་མི་གཤིས་ཀྱི་མཚན་ཉིད་རིག་པ་བྱུང་མེད།  དུས་རབས17པའི་སྨད་ཀྱི་དུས་ཨ་རིའི་མཁས་པ་ཆེན་པོ་བོན་གྱི་སྐབས་མ་ལག་གི་ཆ་ཡོངས་སུ་ཚང་བའི་མི་གཤིས་མཚན་ཉིད་རིག་པའི་རིང་ལུགས་ཀྱི་ཤིང་རྟའི་སྲོལ་ཕྱེས་ལ།  དེ་ནས་བཟུང་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་མང་བོར་གཞུང་ལུགས་སྣ་ཚོགས་བྱུང་བ་སྟེ།  ཨ་རིའི་མི་རབས་གཉིས་པའི་འཇིག་རྟེན་གྱི་མི་གཤིས་རིང་ལུགས་དང་།  སྣ་ཚོགས་མི་གཤིས་རིང་ལུགས།  ཀྲུང་གོའི་ཧོ་ཅིན་གྱི་མཐར་ཐུག་གི་མི་གཤིས་རིང་ལུགས།  ཧྥ་རན་སི་མོར་ནེར་ཀྱིས་རང་དབང་གསར་གཏོད་ཀྱི་མི་གཤིས་རིང་ལུགས་སོགས་སྣ་ཚོགས་བྱུང་།  དེ་དང་མཉམ་དུ་ད་ལྟ་ནུབ་གླིང་དུ་མི་གཤིས་སློབ་གསོ་རིག་པ་དང་མི་གཤིས་སེམས་ཁམས་རིག་པ་སོགས་གཞུང་ལུགས་ཀྱང་མང་བོ་བྱུང་།  ནུབ་གླིང་ལ་མཚོན་ན་དུས་རབས18པའི་དུས་སྔོན་གྱི་རིག་གནས་ཀྱི་རྨང་གཞིའི་སྟེང་།  མི་གཤིས་ཞེས་པའི་བརྗོད་བྱ་འདི་མཚན་ཉིད་རིག་པ་དང་།  སེམས་ཁམས་རིག་པ།  མི་ཆོས་རིག་པ།  སྤྱི་ཚོགས་རིག་པ།  རིག་གནས་རིག་པ།  ཁྲིམས་ལུགས་རིག་པ་སོགས་ཀྱི་རིག་ཚན་མང་བོ་ནང་དུ་གཞུང་ལུགས་ཀྱི་སྙིང་བོར་ཆགས་པ་མ་ཟད།  དེ་ལ་གོ་བ་ལེན་ལུགས་ཀྱང་སྣ་ཚོགས་བྱུང་།  མཚན་ཉིད་རིག་པས་བདག་གི་འདུ་ཤེས་དེ་རིས་སུ་མ་བོར་ཞིང་རང་ཁ་སྐྱེད་པའི་ནུས་པ་ཡོད་པ་དང་རང་གི་ཚོར་བ་དང་བརྩེ་བ་སོགས་ལ་གཙིགས་སུ་འཛིན་པ་དང་།  མོས་པ་དང་འདུན་པ་སོགས་ལ་མཐོང་ཆེན་བྱེད་པ་དང་།  དེ་ལྟ་བུའི་བསམ་བློའི་འགྱུར་བ་དང་ལུས་ངག་གི་སྤྱོད་ལམ་ལ་གོ་བ་ལེན་ལ། ཐུགས་ཁུར་བྱེད་ས་ནི་འགྲོ་བ་མིའི་གོ་ཐོབ་དང་རིན་ཐང་། རང་གཤིས།  བརྩི་ཐང་གཙོ་བོར་བཟུང་བ།  རང་དབང་གི་བསམ་བློ་དང་། གསར་གཏོད་ལ་མཐོང་ཆེན་དང་གཙོ་བོར་བཟུང་བ་སོགས་རེད།  
            ཡང་།  རིག་ཚན་གྱི་ཆ་ནས་མི་གཤིས་ལ་གོ་བ་ལེན་ཚུལ་སྣ་ཚོགས་ཡོད་དེ།  སྤྱི་ཚོགས་རིག་པས་ལྷན་སྐྱེས་ཀྱི་རང་བཞིན་མ་ཡིན་པར་ཁོར་ཡུག་གི་བགས་ཆགས་དང་སློབ་གསོའི་བདག་རྐྱེན་གྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པར་འདོད།  རིག་གནས་རིག་པས་རིག་གནས་ཀྱི་ནང་གི་བདག་ཉིད་ཅན་དུ་གྱུར་བའི་གྲུབ་སྟངས་ཏེ་ནང་གི་བསམ་བློའི་གྲུབ་སྟངས་ཞིག་ལ་གོ   ཁྲིམས་ལུགས་རིག་པས་དབང་ཆ་དང་འགན་འཁྲི་གཉིས་གཞི་གཅིག་ཏུ་འཛོམས་པར་གོ     ཁ་ཤས་ཀྱིས་མི་གཤིས་དེ་ཕྱི་ངོས་ཀྱི་སྤྱོད་ལམ་དང་།  གཤིས་རྒྱུད།  མི་རྒྱུད།  སྤྱི་ཚོགས་རིག་གནས་གཉིས་ཀྱི་ཚོགས་སྤྱི་ལ་འདོད་པ་སོགས་མང་ངོ།།  
            མདོར་ན།  མི་གཤིས་ནི་ཁོར་ཡུག་གི་སློབ་གསོ་ལས་གྲུབ་པའི་མིའི་སེམས་ཁམས་ཀྱི་སྒྲིག་གཞི་དང་།  སེམས་ཁམས་དེ་ཉིད་མི་རང་རང་གི་ལུས་ངག་གི་འདུ་བྱེད་ལས་ཕྱིར་མངོན་པའི་སྤྱོད་ལམ་ཡིན་པར་འདོད་དེ།   ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་མི་སེར་གྱི་མིའི་སེམས་ཁམས་དང་དེ་ཉིད་བྱ་སྤྱོད་ཀྱི་འདུ་བྱེད་སྟེང་ནས་ཕྱིར་མངོན་པའི་སྤྱོད་ལམ་ལ་འདོད།   རིག་གནས་ཀྱི་ཁྱད་ཆོས་གང་དེས་མི་གཤིས་ཀྱི་ཁྱད་ཆོས་དེ་འདྲ་སྐྱེད་པའོ། །  རིག་གནས་ཀྱི་ཁྱད་ཆོས་ཞེས་པ་ནི་རིག་གནས་རྣམ་བཞག་དང་།  རིག་གནས་ཀྱི་ཁྱད་ཆོས་ཞེས་པ་ནི་རིག་གནས་དབྱེ་རྣམ།  རིག་གནས་དཔེ་ལུགས།  རིག་གནས་དཔེ་གཞི་མི་འདྲ་བ་ཡོད་པར་གོ་དགོས།   མི་གཤིས་ཀྱི་ཁྱད་ཆོས་ནང་དུ་མི་སྒེར་གྱི་སེམས་ཁམས་དང་།  ཀུན་སྤྱོད་རྒྱུད་བདག་དང་།  འཇོན་ཐང་དང་།  རིག་སྟོབས།  བསམ་བློ་ལྟ་བ། དཔེ་ལུགས་དད་སྲོལ།  དགའ་མོས་དད་ཕྱོགས་སོགས་འདུ།  ཨ་རི་དང་།  དབྱིན་ཇི།  ཧྥ་རན་སི།  རྒྱ་དང་བོད་སོགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བས་མི་གཤིས་མི་འདྲ་བའི་ཁྱད་ཆོས་མངོན་ཡོད་དོ༎ 

བཞི།  རིག་གནས་ཀྱི་ངོས་ནས་མི་གཤིས་གླེང་བ།

            མི་གཤིས་དང་རིག་གནས་བར་གྱི་ཁྱད་པར་ལ་ལྟ་ཚུལ་འདོན་མཁན་ནི་ཨ་རིའི་མི་རིགས་རིག་པ་བ་བིན་ལུས་ཁྱད་ཁི་དྲོད་རེད།  ཁོ་མོས།  རིག་གནས་ཀྱི་རྣམ་གཞག་གམ་དཔེ་ལུགས་མི་འདྲ་བས་མི་གཤིས་ཀྱི་ཁྱད་རྟགས་མི་འདྲ་བ་སྐྱེད་པར་འདོད་ལ།  རིག་གནས་ནི་མི་གཤིས་རྒྱས་པར་གྲུབ་པ་ཡིན་པར་འདོད།  རིག་གནས་ནི་སྣ་མང་རྙོག་འཛིང་ཡིན་ཡང་མཐར་ཐུག་ན་མི་གཤིས་ཇེ་རྒྱས་ཇེ་མང་དུ་བཏང་ནས་གྲུབ་པར་སེམས།  ནུབ་གླིང་གི་རིག་གནས་རིན་ཐང་དང་རིག་གནས་ཀྱི་ཁྱད་ཆོས་ཀྱིས་ནུབ་གླིང་གི་མི་གཤིས་ལས་རྒྱས་པར་གྲུབ་པར་འདོད།  ཁོ་མོས་རིག་གནས་རྣམ་གཞག་གམ་དཔེ་ལུགས་མི་འདྲ་བ་གསུམ་བཤད་ཡོད་དེ།  ཆང་ལི་ལུགས་དང་།  མི་ལུས་ལུགས།  འདོད་རྔམས་འཔྱང་ལུགས་གསུམ་རེད།  ཁན་ཐི་ནས། བྱིས་པ་ནི་དར་མའི་སླའོ།  །  རིག་གནས་ཀྱིས་བྱིས་དུས་ནས་མི་བཅའ་དགོས་པར་འདོད།  རིག་གནས་ཀྱིས་ཐམས་ཅད་ཐག་གཅོད་པ་བཏོན།  མི་སྐྱེད་སྲིང་བྱེད་པ་ལ་རིག་གནས་ལས་ལོགས་སུ་མེད།  རིག་གནས་ཀྱིས་མི་གཞིའམ་གཤིས་ཀར་ཐེབས་པའི་བགས་ཆགས་དེ་ཚེ་སྲོག་གྲུབ་པའི་སྐད་ཅིག་དང་པོ་ནས་འགོ་བརྩམས་ཡོད།   རིག་གནས་ཀྱི་སྒེར་གཤིས་དེ་མི་རང་ཉིད་ཀྱི་གཤིས་ཀ་དང་མིའི་འབྲེལ་བ་དང་སྤྱི་ཚོགས་འགྲོ་འོང་གི་བགས་ཆགས་ལས་བྱུང་།  མི་རིགས་ཀྱི་རང་གཤིས་ཀྱིས་རིག་གནས་ལ་ཤན་ཤུགས་ཐེབས། མི་གཤིས་དེ་ལ་དབྱེ་ན་ཕྱི་ལོགས་ཀྱི་སྒྲིག་གཞི་དང་ནང་གི་སྒྲིག་གཞི་གཉིས་ཡོད།  རང་བྱུང་ས་བབས་དེ་མི་གཤིས་འགྲུབ་བྱེད་ཀྱི་ཉེར་ལེན་ཡིན་ལ།ཡང་ན་མི་གཤིས་གྲུབ་བྱེད་ཀྱི་རྒྱུ་ཡིན་པར་འདོད།  རྩ་བའི་དངོས་རྒྱུ་འགྲུབ་མི་ཐུབ་པར་འདོད།  རང་བྱུང་ས་བབས་ཀྱི་དབང་དུ་འགྲུབ་དགོས་པའི་ངེས་པ་མེད།  ཤེས་རིག་ཇི་ལྟར་ཇེ་མཐོར་སོང་ན།  ཡང་ན་མི་གཤིས་དར་སོང་ན།  མི་དང་རང་བྱུང་ས་བབས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་བ་རེད་འདོད།  ཆོས་ལུགས་རིག་པ་ཚོས།  རིག་གནས་ཀྱིས་མི་གཤིས་ལ་ཐེབས་པའི་བགས་ཆགས་དེ་རང་བྱུང་ས་བབས་ཀྱིས་མི་གཤིས་ལ་ཐེབས་པའི་བགས་ཆགས་ལས་ཟབ་ཅིང་།  རིགས་དང་རྒྱུད་པས་མི་གཤིས་ལ་བཞག་པའི་བགས་ཆགས་ལས་ཀྱང་རིང་དུ་དགར་ཡོད།  ནུབ་གླིང་བ་དང་རྒྱ་མི་བསྡུར་བ་ན།  རྒྱ་མི་དང་བོད་བསྡུར་བ་ན།  རང་རང་གི་བློ་རིག་དང་སྤྱང་གྲུང་མི་འདྲ་བ་ཡོད།  དེ་ནི་རིགས་རུས་ཀྱི་སྟེང་ནས་འབྱེད་མི་ཐུབ།  རིགས་རུས་ཀྱི་ངོས་ནས་ལྟོས་ན་བོད་ཀྱི་བློ་རིག་དང་སྤྱང་གྲུང་དམའ་བ་མིན།  འོན་ཀྱང་།  རིག་གནས་ལ་བཟང་ངན་ཤོར་བས་མི་གཤིས་ཀྱང་མི་འདྲ་བ་བྱུང་ཡོད།  གལ་སྲིད།  ང་ཚོ་བོད་ཀྱི་རིག་གནས་ཇེ་བཟང་དུ་སོང་ན་བོད་ཀྱི་བསམ་བློའི་འཕེལ་རྒྱས་ཀྱང་བཟང་སྲིད་དོ།  དེའི་ཕྱིར།  རིག་གནས་འཛུགས་སྐྲུན་གྱི་བྱ་བ་འདི་ནི་ཇི་འདྲའི་གལ་ཆེན་རེད་ཨང་།

ལྔ། མིའི་རིན་ཐང་གི་ངོས་ཐད་ནས་མི་གཞི་གླེང་བ། 

            མི་ཐམས་ཅད་ཀྱིས་མིའི་རིན་ཐང་འཚོལ་གྱིན་ཡོད།   མི་གཞི་ནི་མིའི་རིན་ཐང་ཐག་གཅོད་བྱེད་གཙོ་བོ་རེད།  དེའི་ཕྱིར།  མི་ཡོད་དོ་ཅོག་གིས་མི་རེ་ཨེ་ཡོང་དང་མི་རེ་ཨེ་འཁྱོངས་ལ་བརྩོན་བཞིན་ཡོད།  ཡིན་ནའང་། མི་ཟེར་བ་དེ་ག་འདྲ་ཞིག་གམ།  མི་ཟེར་བ་དེ་ཅི་ལྟར་བཅའ་དགོས་སམ། སྐད་ཆ་བཤད་ཤེས་པ་དང་རྐང་པས་འགྲོ་ཤེས་ན་མི་ཆོག་སོང་ངམ།  མི་རེ་རེ་ལ་རང་རང་གི་ཁྱད་ཆོས་ལྡན་པའི་འཇོན་ཐང་། སྤོབས་པ།  ནུས་པ་སོགས་ཡོད་ཀྱང་དེ་དག་ཅི་ལྟར་སྐྱེད་བསྲིང་བྱ་དགོས་སམ།  ཞེས་པ་སོགས་ལ་ང་ཚོས་བསམ་གཞིག་གཏོང་དགོས། མི་ཞིག་ཡིན་ཚེ།  ང་ཚོས་གཞན་ལ་ཐེར་འདོན་དང་དག་ཐེར་བྱ་རྒྱུ་གཙོ་བོ་མ་ཡིན་པར། ང་ཚོས་རང་ལ་བལྟ་ཤེས་རྒྱུ་དང་རང་ལ་བཙོ་སྦྱངས་བྱ་རྒྱུ་གལ། ང་ཚོའི་མིག་གཉིས་ནི་གཞན་ལ་བལྟ་བྱེད་ལས་རང་ལ་བལྟ་བྱེད་མ་ཉན་ཚེ། ང་ཚོའི་བསམ་བློ་དེའང་གཞན་ཉིད་བསླུ་ཐབས་ལས་རང་ཉིད་བོར་བར་བསམ་བློ་མི་གཏོང་བའི་རུལ་སུངས་གི་བསམ་བློ་ཞིག་མ་རེད་དམ། དེ་བས།  ཐོག་མར་རང་ཉིད་མི་བུ་སྒལ་ཚིགས་ཅན་ནམ་མི་བུ་འཐུས་ཚང་ཅན་ཞིག་ཏུ་གཏོང་རྒྱུ་གལ་ཆེན་རེད།
              མི་སུ་དང་སུ་ཡིན་ནའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཞིག་ཡིན་མོད། རང་གི་བདེ་བ་སྒྲུབ་རྒྱུ་ཙམ་མ་ཡིན་པར་གཞན་ལའང་བདེ་བ་སྒྲུབ་ཐུབ་པའི་ནུས་པ་ཁྱད་པར་ཅན་ཡོད་པ་ཡིན། ང་ཚོ་རང་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་དང་། སྙིང་རྗེ། བརྩེ་བ་སོགས་ཀྱི་ཡོན་ཏན་འདི་ཉིད་ངོས་ཟིན་ནས་རང་ཉིད་མི་བུ་རང་ཚུགས་ཅན་ཞིག་ལ་བརྩོད་རྒྱུ་ནི་མི་སྒེར་རེ་རེ་ནས་རང་རང་གི་ནུས་པའི་དཔྱོད་ཚོད་དང་། འཇོན་ཐང་གི་ནུས་ཚོད། སྤོབས་པ་དང་སྙིང་སྟོབས་ཀྱི་འཁྱོངས་ཚོད་བཅས་ཀྱིས་ཡ་ཁོག་གི་དྲོད་མ་ཡལ་བར་ནམ་ཡང་ཡར་ལ་འགྲེང་རྒྱུ་དེ་ནི་རང་ཉིད་མི་ཞིག་ཡིན་པས་ཁྱད་ཆོས་སུ་སེམས།  ང་ཚོས་མི་རང་ཉིད་ཀྱི་མི་གཞི་ལ་བསྒྱུར་བཅོས་དང་། མི་རང་ཉིད་ལ་ནུས་པ་གང་འདྲ་ཞིག་ཡིན་པ་ལ་དོ་སྣང་མི་བྱེད་པ་དང་། མི་རང་ཉིད་ཀྱི་ཡོན་ཏན་ལ་བསམ་གཞིག་མེད་པར་མི་གཞན་གྱི་མི་གཞིར་བརྡར་ཤ་གཅོད་པ་ནི་མི་འོས་པར་འདོད་ལ། མི་རང་ཉིད་ཀྱི་འཇོན་ཐང་དང་། མི་རང་ཉིད་ལ་ནུས་པ་ཅི་ཡོད་ལ་བསམ་གཞིག་བྱས་ཏེ་བྱ་བ་སྒྲུབ་རྒྱུའམ་སྐད་ཆ་བཤད་རྒྱུ་ནི་ང་ཚོ་མི་ཞིག་བྱེད་པའི་ཐོག་མའི་སྔོན་འགྲོ་ལྟ་བུ་དང་རང་ཉིད་མི་གྲལ་ན་ཡོད་པའི་ཐོག་མའི་སྐད་སྒྲ་སྒྲོག་པ་ཙམ་རེད། མི་གཞི་མེད་པའི་མི་དེ་ནི་སྒོ་ཁའི་ཁྱི་དང་གྱང་ཁའི་རྩ་ལས་མ་འདས། དེ་བས།  མི་ཞིག་མིར་བགྲང་དགོས་ན་དེ་ལ་ཡོན་ཏན་ཆ་ནས་བགྲང་དགོས་པ་མ་ཟད།  ད་དུང་ཀུན་སྤྱོད་ཀྱི་ཆ་ནས་བགྲང་དགོས། མི་གཞི་མེད་པའི་མི་ནི་སྨྱོན་པ་དང་ཁྲམ་པ་རེད། མི་གཞི་མེད་པའི་མི་ནི་གཡོ་སྒྱུ་དང་རྗུན་ཚིག་སྨྲ་མཁན་ཁོ་ན་རེད། ང་ཚོ་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་ཕྱིན།  ཇི་ལྟར་མི་བྱེད་དགོས་ཚུལ། ཇི་ལྟར་མི་བཅའ་དགོས་ཚུལ་སོགས་ལ་མི་བུ་རང་རང་གི་ངོས་ཐད་ནས་བསམ་གཞིག་གཏོང་རྒྱུ་དང་བརྩོན་རྒྱུ་གལ།

དྲུག  སློབ་གསོའི་ངོས་ནས་མི་གཤིས་གླེང་བ།

            རིག་གནས་ལ་བརྟེན་ནས་མི་གཞི་ཡག་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་དགེ་རྒན་གྱི་བྱ་བ་གཙོ་བོ་ཞིག་རེད།  ཡིན་ནའང་།  དགེ་རྒན་མི་ཉུང་བ་ཞིག་ལ་ངན་ཤུགས་སམ་སྐྱོན་ཆ་ཞིག་ཡོད་པ་ནི་སློབ་མར་ཤེས་བྱ་ཁྲིད་རྒྱུ་ལས་མི་གཞི་དང་མི་གཤིས་ཀྱི་བཞེངས་སྐྲུན།  ཀུན་སྤྱོད་སོགས་ལ་དོ་སྣང་མི་བྱེད་པ་རེད།  སློབ་འབྲིང་དང་སློབ་ཆུང་གི་སྐབས་ནི་བྱིས་པ་ནར་སོན་པའི་དུས་རབས་ཡིན་པས།   དུས་སྐབས་འདི་ནི་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་གྱི་འགྱུར་ལྡོག་དང་ཕྱིའི་མི་གཞིའི་བཞེངས་སྐྲུན་ནམ་ཀུན་སྤྱོད་ཀྱི་འགྱུར་ལྡོག་གཉིས་ཐད་ནས་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་རེད། བྱིས་པ་ལ་ལའི་བསམ་སྤྱོད་ནི་བཟང་ངན་གང་ཡིན་ཆ་མ་འཚལ་བར།  ན་ཚོད་དར་བ་དང་མཉམ་དུ་བཟང་ཕྱོགས་སུ་འགྲོ་མོད། བྱིས་པ་ལ་ལའི་བསམ་སྤྱོད་ནི་ན་ཚོད་དར་བ་དང་མཉམ་དུ་ངན་ཕྱོགས་སུ་འགྲོ་བ་རེད། དེར་བརྟེན།  སློབ་མའི་མི་གཞིའི་བཞེངས་སྐྲུན་ནམ་མི་གཤིས་གསོ་སྐྱོང་བྱེད་པ་ལ་ཤེས་རིག་ཡོད་པ་ཁོ་ནས་མི་ཆོག་པར་མི་གཞི་དང་མི་གཤིས།  ཀུན་སྤྱོད་སློབ་གསོ་སྤེལ་རྒྱུའང་གཙིགས་སུ་འཛིན་དགོས།  ཁ་དཔེ་ལ་མི་ལ་བཅའ་ནི་དགོས། ཤིང་གཞོགས་ནི་དགོས།   ཞེས་པ་ལྟར།  དགེ་རྒན་གྱིས་ཁྲིད་ཤེས་མི་ཤེས་ཀྱི་གནད་དོན་ལས།  སློབ་མས་སློབ་ཀྱང་ཤེས་མི་ཤེས་ཀྱི་གནད་དོན་མེད། དེའི་ཕྱིར།  དགེ་རྒན་གྱིས་བྱིས་པ་ལ་ཀུན་སྤྱོད་སློབ་གསོ་སྤེལ་ནའང་གཙོ་བོ་སྤེལ་ཤེས་རྒྱུ་ཤིན་ཏུ་གལ་ཆེའོ།། 

2011-6-11


འབྲེལ་ཡོད་འོས་སྦྱོར།