logo

བོད་ཡིག་ཆ་འཕྲིན་ཅན་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཐུབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-12 ཀློག་གྲངས།:

            བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ཚན་རྩལ་ལྟེ་གནས་ཀྱི་འགོ་གཙོ་ཉི་མ་བཀྲ་ཤིས་ཀྱིས་དུས་རབས་སྔོན་མའི་ལོ་རབས90ཡི་དུས་འགོ་ནས་བཟུང་བོད་ལྗོངས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁུངས་སུ་ཞིབ་འཇུག་གི་བྱ་ལས་གཉེར་ཞིང་།  ལོ་ངོ20ནང་སྔ་གཞུག་ཏུ་བོད་ཡིག་ཨང་སྒྲིག་རྒྱལ་སྤྱི་དང་རྒྱལ་ཁབ་ཚད་ལྡན་དུ་བཀོད་དེ།  བོད་ཡིག་རྩིས་འཁོར་སྟེགས་བུ་དང་བོད་ཡིག་རྩིས་འཁོར་གཞུང་སྒྲུབ་ཆ་ཚང་སྒྲིག་ཆས།  བོད་ཡིག་ལག་ཁྱེར་ཁ་པར།  བོད་ཡིག་འཕྲིན་ཐུང་གཏོང་བའི་སྟེགས་བུ།  བོད་རྒྱ་སྐད་གཉིས་རྒྱང་བསྟེན་སློབ་གསོའི་མ་ལག་སོགས་རྒྱལ་ཁབ་ཕྱི་ནང་དུ་ལུས་པའི་སྟོང་ཆ་བསྐངས་པ་རེད། 
            ཉི་མ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར།  ཁྱད་དུ་འཕགས་པའི་མི་རིགས་སྲོལ་རྒྱུན་རིག་གནས་ནི་དེང་རབས་ཚན་རྩལ་དང་ཁ་འཕྲོད་དགོས་པ་དང་། ཆ་འཕྲིན་ཅན་གྱི་དུས་རབས་སུ་རྒྱུན་ཆད་མེད་པར་རྒྱུད་སྤྲོད་གསར་བསྒྱུར་སྒོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད།
            བོད་ཡིག་ལ་ལོ་ངོ1300ཙམ་གྱི་ལོ་རྒྱུས་ཡོད་ཅིང་།  འཛམ་གླིང་གི་ཡིག་རིགས་རྙིང་གྲས་ཤིག་ཡིན་ལ།  ད་ལྟའང་བོད་རིགས་མི་དམངས་འཚོ་བའི་རྒྱུན་སྤྱོད་སྐད་ཡིག་གལ་ཆེ་ཤོས་སུ་སྣང་།  ཡིན་ཡང་བོད་ཁམས་སུ་རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་སོགས་ཀྱི་ཁྱབ་བརྡལ་དང་། གློག་ཀླད་དང་ཁ་པར།  དྲ་སྦྲེལ་སོགས་བསྟུད་མར་བྱུང་བ་ལས་བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བ་ནི་མིག་སྔར་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་དུ་གནས་ལ།  བོད་མི་མང་ཆེ་ཤོས་ཀྱིསITལག་རྩལ་གྲུབ་འབྲས་བེད་སྤྱོད་བྱེད་འདོད་ནའང་།  བེད་སྤྱོད་བྱེད་པར་མཁོ་སྤྲོད་ཆོག་པའི་བོད་ཡིག་མཉེན་ཆས་དང་རིག་གནས་གློག་རྡུལ་ཐོན་རྫས་སོགས་དཀོན་ཞིང་།  གཅིག་བསྡུས་ཀྱི་བོད་ཡིག་ཨང་སྒྲིག་ཚད་གཞི་མེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ལས་ཁུངས་སོ་སོས་སྔོག་འདོན་བྱས་པའི་བོད་ཡིག་མཉེན་ཆས་ཕན་ཚུན་མཐུན་སྦྱོར་མི་བྱ་བས། བོད་ཡིག་ཆ་འཕྲིན་གྱི་འབྲེལ་འདྲིས་དང་བེད་སྤྱོད་མཉེན་ཆས་ཀྱི་ཁྱབ་ཆེ་བའི་སྔོག་འདོན་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད་པ་རེད། 
            1992ལོར་བོད་ལྗོངས་སུ་ཐོག་དང་པོའིMSDOSལག་ལེན་མ་ལག་རྨང་གཞི་དང་བཀོད་སྤྱོད་ཀྱི་ཚད་མཐོ་བའི“TCEབོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་བསྒྱུར་བཀོད་མ་ལག”སྔོག་ཞིབ་ལེགས་འགྲུབ་བྱུང་ཞིང་།  གཞུང་ཡིག་དང་བསླབ་གཞི་སྒྲིག་སྦྱོར།  ལོ་རྒྱུས་ཡིག་ཚགས་ཞིབ་འཇུག་དང་ལེགས་སྒྲིག་སོགས་བྱེད་པར་བེད་སྤྱོད་བྱས་ཏེ།  བོད་ཡིག་ཆ་འཕྲིན་བསྒྱུར་བཀོད་ལག་རྩལ་གྱི་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་གནང་བ་རེད། 
            1997ལོར།  བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱི་ཚད་གཞི་དང་རྒྱལ་ཁབ་ཚད་གཞི་ལ་ཆོག་མཆན་ཐོབ་ཅིང་།  བོད་ཡིག་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཁྲོད་ཐོག་དང་པོར་རྒྱལ་སྤྱི་ཚད་གཞིའི་ཆོག་མཆན་ཐོབ་པ་དང་འཛམ་གླིང་ཆ་འཕྲིན་མྱུར་སྐྱོད་གཞུང་ལམ་བརྒྱུད་ཆོག་པའི་ཡིག་རིགས་ཉག་ཅིག་ཏུ་གྱུར་པ་རེད། 
            2009ལོར། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ཀྲུང་གོ་ཆ་འཕྲིན་འགུལ་གཏོང་མཐུན་ཚོགས་བོད་ལྗོངས་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་སྒོས“འཕྲིན་གཏོང་ལག་རྩལ་ས་གནས་ཅན་གྱི་སྔོག་ཞིབ་ལྟེ་གནས”བཙུགས་ཤིང་།  བོད་ཡིག་ཁ་པར་དང་བོད་ཡིག་འཕྲིན་ཐུང་སྐུར་བའི་སྟེགས་བུ་སྔོག་ཞིབ།  3Gརྨང་གཞིའི་དེང་རབས་རྒྱང་བསྟེན་སློབ་གསོ་སོགས་ཀྱི་ཆ་ནས་སྤྱི་ཚོགས་ཞབས་ཞུར་ཁ་གཏད་དེ་འཕྲིན་གཏོང་ལག་རྩལ་ས་གནས་ཅན་གྱི་སྔོག་ཞིབ་བྱ་བ་བསྒྲུབས་པ་ཡིན་ལ།  མིག་སྔར་བོད་ཡིག་ལག་ཁྱེར་ཁ་པར་དང་།  བོད་རྒྱ་སྐད་གཉིས་ཀྱི་འཕྲིན་ཐུང་སྐུར་བའི་སྟེགས་བུ་ཕྱོགས་ཡོངས་ནས་སྔོག་ཞིབ་མཇུག་སྒྲིལ་ཡོད་པ་རེད།
            ཞོར་དུ་བོད་ལྗོངས་དཔེ་མཛོད་ཁང་གི་འགོ་གཙོའང་གཉེར་བཞིན་པའི་ཉི་མ་བཀྲ་ཤིས་ཀྱིས་ད་ལྟ་བོད་ཡིག་ཡིག་ཚགས་ཨང་ཀི་ཅན་གྱི་ལས་གཞི་སྒྲུབ་པའི་འཆར་འགོད་གནང་བཞིན་ཡོད་ཅིང་། གོམ་གང་མདུན་སྤོས་སྒོས་བོད་ཡིག་ཡིག་ཚགས་ཨང་ཀི་ཅན་དུ་འགྱུར་བར་རེ་སྨོན་བྱེད་ཀྱི་ཡོད།  ཁོས“འདི་ནི་ཤིན་ཏུ་ཁྱབ་ཆེ་བའི་ལས་གཞི་ཞིག་ཡིན་ཡང་།  མ་འོངས་བར་རྒྱལ་ཁབ་ཕྱི་ནང་གི་མི་གང་མང་གིས་ཨང་ཀིའི་དཔེ་མཛོད་བརྒྱུད་དེ་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་པར་སྨོན”ཞེས་བཤད།


འབྲེལ་ཡོད་འོས་སྦྱོར།