logo

༄༅།།《ཁ་བཏགས་ལྟ་བུའི་དབྱངས་ཅན་མའི》སྔོན་འགྲོར་བྲིས་པ—རྫི་གླུ་ཞིག་གི་བསམ་བློ་དང་སྒྱུ་རྩལ། 

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-11 ཀློག་གྲངས།:
བོད་ཀྱི་སྙན་ངག་གི་འཕེལ་རིམ་མི་རིགས་གཞན་དང་བསྡུར་ན་རུས་སྦལ་གྱི་འགྲོས་ལྟར་ནུར་བཞིན་ཡོད་ན་ཡང་། ལོ་རབས་བརྒྱད་བཅུ་བ་ནས་འགོ་བརྩམས་པའི་ལོ་ངོ་བཅུ་ལྷག་གི་གྲུབ་འབྲས་ལ་བལྟས་ན་ངོ་མ་ཧ་ལས་པ་ཞིག་ཡིན། དུས་ཡུན་ཐུང་ངུའི་འདིའི་ནང་དུ་བོད་ཀྱི་སྙན་ངག་གི་མ་འོངས་པ་ལ་བསམ་གཞིག་བྱེད་དུས། རྩོད་གླེང་དང་འགལ་རྐྱེན། ཐ་ན་ནོར་འཁྲུལ་དང་ལམ་ལོག་ཏུ་འགྲོ་ངེས་པའི་རྒྱུ་རྐྱེན་མང་བོ་ཞིག་ཡོད་ནའང་འཕེལ་རྒྱས་དང་མདུན་ལམ་ཐད་ལ་ལྟ་ཚུལ་གཉིས་ལས་མེད་ཅིང་། གཅིག་ནི་སྲོལ་རྒྱུན་གྱི་རྨང་གཞི་ལས་འཕེལ་རྒྱས་བསྙེག་པ་དང་། ཅིག་ཤོས་ནི་གསར་བ་གསར་རྐྱང་གིས་སྲོལ་རྒྱུན་གྱི་ཁ་གཏད་དུ་ལངས་པ་དེ་ཡིན། ཡོངས་ཁྱབ་ཀྱི་བསམ་གཞིག་གི་སྟེང་ནས་སྔ་མའི་རིན་ཐང་དེས་བོད་ཀྱི་སྤྱི་ཚོགས་ལ་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད་ཅིང་། ཕྱི་མས་ན་གཞོན་སྐོར་ཞིག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད། གང་ལྟར་ཡང་ལོ་འདི་གའི་ནང་ཕན་ཚུན་ལ་འགྲན་བསྡུར་གྱི་ཚུལ་གྱིས་སྙན་དེབ་གང་མང་ཞིག་པར་དུ་བསྐྲུན་པ་འདིས་བོད་ཀྱི་ལོ་རྒྱུས་སྟེང་སྙན་ངག་གི་འཕེལ་རིམ་ཞིག་ཏུ་སླེབས་ཡོད་པ་གསལ་བོར་མཚོན་ཐུབ། 
ད་རེས《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》ཞེས་པའི་དེབ་ཆུང་འདི་ཀློག་པ་བོའི་སྤྱན་ལམ་དུ་འགྲེམ་པའི་སྐལ་བ་དང་ལྡན་པར་གྱུར། འདི་ནི་ན་གཞོན་སྙན་ངག་པ་གངས་འཚོ་ལགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ལ་རྔུལ་ཆུ་དང་ཟུངས་ཁྲག ཐ་ན་ཚེ་སྲོག་དང་འབྲེལ་བ་ཡོད་པའི་དགའ་སྐྱོའི་འགྱུར་བ་ལས་བཏོན་པའི་ལྷག་བསམ་གྱི་སྐྱེས་ཆུང་ཞིག་སྟེ་མགྱོགས་འགྲོས་ཆོལ་ཁའི་རྩྭ་འཇམ་གྱི་ཁྲོད་ནས་དུང་དུང་གིས་གྲགས་པའི་ཁུ་བྱུག་གི་གཞས་ཆུང་བཞིན་ཁྱེད་ལ་སྤྲོ་སྐྱིད་དམ་ཡང་ན་སྐྱོ་དུང་བ་ཞིག་སྟེར་ངེས། རྣམ་པའི་སྟེང་ནས་བལྟས་ན་དེབ་འདིར་ཡོངས་ཁྱབ་ནས་ལྡན་པའི་ཁྱབ་ཆོས་ཤིག་ནི་སྲོལ་རྒྱུན་གྱི་སྲོག་བཟུང་ནས་གསར་བཏོད་ཀྱིས་ཟུར་བརྒྱན་ཏེ། མི་རིགས་འདི་ངོས་དང་ཟུར་ནས་མཐོང་བའི་མྱོང་ཚོར་ཏག་ཏག་ཡིན་པས་དུས་དང་མཐུན་པའི་གྲུབ་འབྲས་དང་དགེ་མཚན་མི་ཉུང་བ་ཞིག་ཡོད།
གངས་འཚོ་ལགས་ནི་མེ་ཏོག་དང་མཉམ་དུ་འཛུམ་མདངས་གྲོལ་ཞིང་། གླུ་དབྱངས་དང་སྨྲ་བརྗོད་མཉམ་དུ་བརྡོལ་བའི་ཁོར་ཡུག་ཏུ་སྐྱེས་པས་གནས་འདི་ན་འཕུར་བའི་སྒྱུ་འཕྲུལ་དང་། འཆར་ཡན། ད་དུང་ལྷས་ཆེད་དུ་བསྩལ་པའི་མི་རིགས་ཀྱི་གོམས་འདྲིས། ཚེ་སྲོག་གི་མདངས་མ་ཡལ་བའི་ལྷ་སྒྲུང་སྣ་ཚོགས། དེ་དང་དེ་དག་གིས་སྙན་ངག་གི་བག་ཆགས་སྦྲུམ་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕོ་འགྱུར་ལས་མགོ་བོ་འཐོམས་པའི་དུས་རབས་འདིར་འཁོར་བའི་འཚོ་རྟེན་གྱི་ཁྱིམ་གཞིས་དང་། ཟླ་ཕོགས་ཀྱི་བསླུ་བྲིད་སོགས་ཡོད་ཚད་བློས་བཏང་སྟེ་ནང་དོན་རིག་པ་དང་། སྒྲ་ཚད། སྙན་ངག་ལོ་རྒྱུས་སོགས་དང་། སེམས་ཁམས་རིག་པ། མཚན་ཉིད་རིག་པ། རྩོམ་རིག སློབ་གསོ་རིག་པ། སྤྱི་ཚོགས་མིའི་རིག་པ་སོགས་གནའ་དེང་གི་གཞུང་ལུགས་གང་མང་ཞིག་ལས་དཀའ་སྡུག་གི་རོ་གང་མང་མྱངས་པས་ད་ལྟའི་བར་དུ་ཁོང་གིས《ཀྲུང་གོའི་བོད་རིག་པ》དང་། 《སྦྲང་ཆར》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《རི་བོ་ཉི་ཟླ》《མཚོ་སྔོན་བོད་ཡིག་ཚགས་པར》 《བོད་ལྗོངས་ཉིན་རེ་ཚགས་པར》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་མང་བོར་དཔྱད་རྩོམ་དང་ལྷུག་རྩོམ། སྙན་ངག་བཅས་བརྒྱ་ལ་ཉེ་བ་ཞིག་སྤེལ་མྱོང་།   དེ་བས་ཆེས་ཟབ་པའི་བག་ཆགས་དེ་ཡོངས་སུ་སྨིན་ནས་མགྲིན་པའི་དཔྱིད་ཀྱི་དགའ་ཚལ་དུ་སྙན་ངག་གི་འཕང་འགྲོ་ངང་གིས་བརྡོལ་བར་གྱུར། 
ངས་སྙན་དེབ་འདི་ཐེངས་འགའ་བཀླགས་རྗེས་ད་གཟོད་འདིའི་སྤྱི་ཚན་གཞན་དང་མི་མཐུན་པའི་རིན་ཐང་ངེས་ཅན་ཞིག་ཡོད་པར་མཐོང་། དེ་ནི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་སྣང་ཚུལ་ལ་འགལ་ཟླ་སློང་བའི་ཕུགས་འདུན་ནམ་འགྲོ་བ་མིའི་རིགས་ཀྱི་མདུན་ལམ་ཞིག་སྟེ་དེང་གི་དཔལ་འབྱོར་དང་ཆབ་སྲིད། ཚན་རིག་རིག་གནས་བཅས་གང་དུའང་རང་ཉིད་གཅེས་འཛིན་གྱི་གཟེབ་ཏུ་ཚུད་ཅིང་། དེ་ལས་འདོད་ཆགས་ཞེ་སྡང་གཏི་མུག་གི་ནད་ཡམས་ཤིག་གིས་གཡོ་དང་ཕྲ་མ་སོགས་ངང་གིས་རྒྱས་ཏེ་བདེན་དྲང་དང་། སྤྱོད་བཟང་། གཞན་ཕན། ཞི་བདེ་བཅས་བག་ལ་ཞ་བས། སྐྱེ་རྒ་ན་འཆི་ལས་གཞན་པའི་བཙན་གཉོམ་དང་དབུལ་ཕྱུག ཡང་ན་དམག་འཁྲུག་འཇིགས་སྐུལ། ནད་ཡམས། རང་བྱུང་ཁམས་ཀྱི་འཇིགས་སྔངས་སྣ་ཚོགས། ཐ་ན་ཚན་རིག་གིས་འགྲོ་བ་མི་རིགས་རང་ཉིད་ལ་ལྕེབས་ཐག་བཟོས་ཏེ་འཛམ་གླིང་ངམ། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ཉམས་རྒུད་ཇི་བྱུང་གི་སྡུག་བསྔལ་ལས་སྒྲོལ་བའམ་ཡང་ན་ཞི་བདེ་དང་། སྤྲོ་སྐྱིད། རབ་ཏུ་འབྱམས་པའི་བདེ་བ་ཞིག་ལས་སྣོད་བཅུད་མཐའ་དག་བདེ་ལྡན་ཞིང་ཁམས་ཤིག་ཏུ་སྨོན་ཡོད་པ་རེད། ཡིན་ན་ཡང་། བྱིས་པ་བྱིས་པར་ཤེས་པའི་དབང་གིས་སྙན་དེབ་འདིས་འུད་བརྗོད་ཀྱི་ཨ་རག་བཙན་པོ་མ་འཐུང་བར་སྨོན་པ་ཡོད་ཚད་ཆུ་ལེན་བུ་མོས་མགྲིན་གླུ་བཞིན་ཁེར་བཤད་བྱས། ཁེར་བཤད་འདི་ཡང་དེ་ལྟ་བུའི་བསམ་བློ་དང་འབྲལ་ཐབས་མེད་པ་ཞིག་རེད། 
སྙན་ངག་རེ་རེའི་རང་མཚན་གྱི་བསམ་བློའི་སྟེང་ནས་བལྟས་ན་ཡོད་ཚད་ཕ་ཡུལ་དང་འབྲེལ་བ་ཡོད་པར་མ་ཟད། སྤྱི་ཚོགས་དང་། ལོ་རྒྱུས། འཕེལ་རྒྱས། ཡང་ན་མི་དང་མིའི་བར་གྱི་འབྲེལ་བ་དང་དེང་རབས་ཀྱི་རང་གཞན་བར་གྱི་འགལ་ཟླ་ལས་གཞན་ལ་མིག་གིས་བལྟས་ནས་རང་ཉིད་མེ་ལོང་ལས་མཐོང་ཡོད་པ་རེད། དེ་དག་ལ་དབྱེ་ཞིབ་ཅུང་བྱེད་ན། 
1.མི་དང་མིའི་བར་གྱི་འབྲེལ་བའི་སྟེང་གི་བསམ་བློ་གསལ་བྱེད་དུ་ལེགས་བཤད《སྙན་ངག་གི་ཚོམ་བུ》《མཛོ་མོ་བལ་ཁུར》《ཁྱེད་མྱུར་ཏུ་ཕེབས་ཤོག》《སྐྱོ་གླུ་སྙིང་གི་རོལ་མོ》《སྙིང་ནས་ཕུལ་བའི་གླུ》《ཆེས་ཐོག་མའི་མཆོད་བརྗོད》སོགས་ཡོད་དེ་སྐྱེ་རྒ་ན་འཆི་ཁྲོད་ཀྱི་བརྩེ་དུང་དང་འགལ་འདུ་ལས་འཚོ་བའི་གདམ་ཀ་རང་དབང་མེད་པས་མི་སུ་ཡིན་རུང་དགྲ་འདུལ་གཉེན་སྐྱོང་དང་འཁོར་བའི་བདེ་སྣང་ལས་རང་གཅེས་འཛིན་གྱི་ངང་མདུན་དུ་འགྲོ་བཞིན་ཡོད་ནའང་དོན་དུ་འཇིག་རྟེན་གྱི་བདག་པོ་མི་ཡིན་ནམ། མི་ཡི་བདག་པོ་ད་དུང་གཞན་ཞིག་ཡིན། དེས་ན་མི་དང་མིའི་བར་གྱི་འབྲེལ་བ་ནི་དགའ་སྐྱོ་ཆགས་སྡང་ལས་འཚོ་དགོས་དོན་ཅི། འདི་ནི་སྙན་ངག་དེ་དག་ལ་འབྲེལ་ཐབས་མེད་པའི་ཆ་ཤས་ཤིག་རེད།
2.ཕ་ཡུལ་ལས་མངོན་པའི་བསམ་བློ་ནི《ལུག་རྫི་བུ་མོ》《ཟླ་བའི་སྙན་ངག》《སྙན་ཚིག་བྱུ་རུའི་མགུལ་རྒྱན》《རྒྱང་བལྟ》སོགས་ལས་མངོན་ཏེ་ཕ་ཡུལ་དང་ཕ་ཤུལ་བུས་འཛིན་ཐད་ནས་མངར་སྐྱུར་བསྐ་བའི་འཚོ་བའི་བདེ་སྡུག་དང་། མིག་ཆུ། ཟུངས་ཁྲག་ལྷུང་ལྷུང་དུ་བཞུར་བའི་ཁྲོད་ཀྱི་ལུག་རྫི་བུ་མོ་ལ་སོགས་པའི་རང་གི་བརྩེ་དུང་དང་འདོད་བློའི་གདམ་ཀའི་ཁྲོད་ཀྱི་སྣང་ཚུལ་ལ་གདུང་སེམས་སྐྱེས་པ་མིན་པར་དཔལ་འབྱོར་དང་ཚན་རིག་བཅས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་འཕེལ་བས་མིའི་རིན་ཐང་ངང་གིས་ཤོར་བའི་སྐབས་འདིར་མི་ཆོས་གཙང་མ་བཅུ་དྲུག་གི་བསམ་བློའི་བྱིན་རླབས་དེས་རང་གི་མདུན་ལམ་བློས་གཏོང་ཕོད་པའི་སྤྱོད་ཚུལ་འདི་ནི་གོ་ལ་ཟླུམ་པོ་འདིའི་སྟེང་གསེར་དངུལ་ལས་རིན་ཐང་ཆེ་བའི་འདུ་ཤེས་ལས་བྱུང་བ། 
3.ལོ་རྒྱུས་ཐད་ནས་བལྟས་ན་ཡོད་ཚད་དུས་རབས་དང་འབྲེལ་བ་ཡོད་ནའང《འབྲོ་བཟའ་ཁྲི་མ་ལོད》དང《གངས་རི་དཀར་པོ》《ཁྱོད་ཀྱི་རྟོགས་བརྗོད་ཟབ་མོ》《གངས་རིའི་རོལ་དབྱངས》སོགས་ལས་གངས་རིའི་ལྗོངས་འདིར་གཞན་དབང་གི་རླུང་དམར་འཚུབ་ཅིང་ཞི་བདེ་ཡི་ཉི་འོད་དྲོ་མྱོང་བས་འཇིག་རྟེན་ཡོམ་ཡོམ་གཡོ་བའི་སྐབས་ཀྱང་བྱུང་ཡོད་ནའང་མི་རྟག་པའི་ཆོས་ཉིད་ལས་འགོངས་མ་ཐུབ། དེ་ལས་གདུང་སེམས་དང་འཁང་ར། ཡང་ན་ལ་རྒྱ་སོགས་གང་ཞིག་སྐྱེས་ཀྱང་ལོ་རྒྱུས་ནི་འདས་ཟིན་པས་ད་ལྟའི་གནས་བབས་ལ་ཕན་ཐོགས་ཅི་ཡང་མེད། དེ་ལས་སྙན་ངག་ལས་ལོ་རྒྱུས་ལྟ་བ་གླེང་སྟེ་ཕྱི་ཐག་གི་རྗེས་དྲན་ཞིག་བྱས་ནས་འདི་ལས་ཐོབ་པའི་བསླབ་བྱ་དེ་འབྱུང་འགྱུར་རམ་དེ་རིང་གི་དུས་སུ་འཛིན་འོས་པ་ཡིན་པ། 
4.དེང་རབས་དང་འབྲེལ་བའི་བསམ་བློ་ནི་སྙན་དེབ་འདིའི་གཙོ་བོ་ཡིན། དཔེར་ན《མིག་ཟུང་བོད་ལ་འཁོར་བ་ཉུང་ཉུང་ཙམ》དང《ན་ཟླ་ཚོ། གླུ་ཞིག་ལོངས་དང》《ཆེས་ཐོག་མའི་མཆོད་བརྗོད》《རྒ་བའི་ཁུར་གྱིས་མནོན་པའི་ང་རང》《ཁྲོམ་སྲང》《དེ་རིང་གི་ཉི་མ》སོགས་ལས་རང་གི་ཕ་ཡུལ་འདིའམ་ཁྱད་པར་དུ་བོད་གངས་རིའི་ཞིང་འདི་སྤྱི་དང་བྱེ་བྲག་གི་ལམ་ནས་མངོན་པ་སྟེ། ཤེས་རིག་དང་གོམས་སྲོལ། བྱམས་སྙིང་རྗེ་སོགས་འཛམ་གླིང་ན་སྔོན་དུ་ཐོན་པའི་མི་རིགས་འདི་ལོ་རྒྱུས་སམ་རྒྱུ་རྐྱེན་གང་མང་ཞིག་གིས་དཔལ་འབྱོར་དང་ཚན་རིག་སོགས་རྗེས་སུ་ལུས་པ་འདིས་ཞེ་ཤོར་དོན་མེད་ནའང་གཙོ་བོ་མིག་སྔའི་གནད་དོན་འདི་ལས་འབྱུང་འགྱུར་གང་ཞིག་བསུ་མིན་ལ་བསམ་གཞིག་བྱེད་དགོས་པ་དེ་རེད། ཁོང་གིས་བལྟས་ན་མི་དང་མིའི་བར་གྱི་འབྲེལ་བ་དང་ཕ་ཡུལ་གྱི་སྣང་ཚུལ་སོགས་ཀྱང་དེང་རབས་དང་འབྲེལ་བ་ཡོད་པས། (1)རོང་བའི་ཞིང་ཚིགས་བར་གྱི་འགལ་ཟླ་དང་འབྲོག་པའི་རྩྭ་ལོའི་སྟེང་གི་ཞེ་འཁོན་སོགས། དེ་ལས་གཞན་པའི་གྲུབ་མཐའི་ཕྱོགས་རིས། ས་གནས་རིང་ལུགས་སོགས་ཀྱིས་ཐུན་མོང་གི་སྟོབས་ཤུགས་དང་། ཆོད་སེམས་ལ་ཕོག་ཐུག་མི་ཉུང་བ་ཞིག་གཏོང་བ། (2)གངས་རིའི་ཞིང་གི་མི་རྣམས་ཀྱིས་རང་གི་ཕ་མེས་ཀྱི་འུར་ཆ་དང་ལྕགས་ཁེམ་སྙིང་ནོར་དུ་བཟུང་ནས་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་ཐོད་བརྒལ་ཅིག་ནམ་ཡང་མེད་པར། ཕ་ཤུལ་བུས་འཛིན་ལ་བརྩོན་པ་དེ་ནི་སྔངས་འཚབ་སྐྱེས་དགོས་པའི་བྱ་བ་ཞིག་ཡིན་པ། (3)རོང་འབྲོག་གི་སྔོན་ཐོན་གྱི་ས་གནས་མང་བོར་ཤེས་རིག་མེ་ལྕེ་སྦར་བའི་སློབ་གྲྭ་བཙུགས་ཡོད་ནའང་རིག་གནས་དགོས་མཁོ་མེད་པ་དང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་སམ་རྒྱུ་རྐྱེན་གང་མང་ཞིག་གིས་དགེ་རྒན་རྣམས་ཆང་དང་ཤོ་སྦགས་ལ་རོལ་ཅིང་། སློབ་མ་རྣམས་ཀྱིས་ཆད་པ་ཙམ་གསབ་པས་ལད་པར་གྱུར་ཅིང་ཆང་དང་འཕྱོན་མའམ་ཁྲོམ་ནས་མགོ་སྟོང་དུ་འཁོར་བའི་ཡོན་ཏན་པར་གྱུར་པ། (4)གྲོང་ཁྱེར་བའི་བོད་རིགས་དག་རྒྱ་མ་བོད་ཀྱི་སྐད་ལ་བྱང་ཞིང་ཕྱི་མ་ནང་གི་ཆ་ལུགས་ར་མ་ལུག་གི་གོམས་སྲོལ། ཐ་ན་བུ་དང་ཚ་བོས་རང་གི་ཕ་སྐད་གོམས་སྲོལ་ཐད་ལ་བོར་བའི་དཔུང་ཁག་ཅིག་གྲུབ་པའི་ནད་ཡམས་འདི་རིམ་གྱིས་གང་སར་ཁྱབ་ནས་བོད་ཀྱི་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་ཐེབས་པ། (5)ཡོན་ཏན་ཅན་དུ་རློམ་པ་མང་བོས་བོད་ཀྱི་རིག་གནས་དང་ལོ་རྒྱུས། ཆོས་ལུགས། དཔལ་འབྱོར་གྱི་འཚོ་གནས་སོགས་ཡོད་ཚད་རྗེས་ལུས་སུ་བཟུང་སྟེ་མཐའ་གཅིག་དེང་རབས་ཅན་དུ་བསྙེགས་ནས་ལྷ་ས་ཞང་ཀང་ཅན་དུ་བསྒྱུར་བར་བརྩོན་པ། (6)ཕ་ཡུལ་གྱི་སྲིད་དོན་དང་དཔལ་འབྱོར། ཡང་ན་དམངས་དོན་སྒྲུབ་མཁན་གྱི་དཔོན་པོ་དག་གིས་མི་རིགས་ལ་ཕན་ཞིང་ཕ་ཡུལ་ལ་སྨན་པའི་དོན་མཐའ་དག་ལྟག་སྒོ་དང་དེའི་དབང་གིས་དམངས་ཚོགས་ཀྱི་མིག་ཟུང་ཡང་ལྟག་སྒོ་ལ་བྲེལ་བས་བདེན་དྲང་གི་མིག་ཟུང་ཁད་ཀྱིས་འཁྱོགས་པས་དཔོན་པོ་བསྐོ་བཞག་དང་གཞན་དོན་བསྒྲུབ་པ་བཅས་གང་དུ་ཡང་སྤྲེའུ་ཆོ་འཕྲུལ་རྣམ་པར་འགྱུ་བ། (7)སྙིགས་མའི་ལུས་སུ་ཚེ་གཅིག་ཏུ་འཚང་རྒྱ་བའི་གདམས་ངག་སྟེ་འཇིག་རྟེན་ལ་ཞི་བདེ་དང་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྟེར་བའི་ཟབ་མོའི་ཆོས་ལུགས་ཁྱད་པར་ཅན་ཞིག་ཡོད་ནའང་བླ་སྤྲུལ་གྱི་མིང་ཐོབ་འཛིན་པ། གཞན་གྲྭ་བ་དང་ཆོས་དད་པ་མང་བོ་ཞིག་གིས་ཆོས་ལུགས་ཀྱི་རིན་ཐང་ངོས་མ་ཟིན་པར་ཆོས་བརྒྱད་དམ་ཡང་ན་འདི་སྣང་གི་བསླུ་བྲིད་སྣ་ཚོགས་ལས་ཆོས་བསྒྲུབས་པའང་འཁོར་བའི་ཀུན་འབྱུང་དུ་འགྱུར་བའམ་ཆོས་ཉམས་པའི་རྐྱེན་དུ་འགྲོ་བ། མདོར་ན། སྐྱེས་པ་དུ་ཆང་དང་རྒྱུ་རྐྱེན་ལས་མགོ་འཁོར་ཞིང་བུད་མེད་སྒེག་རྫས་དང་འཕྱོར་འདོད་ལས་ཉིན་མོ་གཏོང་བཞིན་ཡོད་དེ། རང་གི་སླད་དུ་ཡོད་ཚད་ལ་མིག་བཙུམ་བཞིན་ཡོད་པ་ནི་ཡོན་ཏན་པའམ་ཡིག་རྨོངས་པ། རོང་འབྲོག་གམ་གྲོང་ཁྱེར་བ་ཀུན་ལ་ཁྱད་པར་མེད་པས་དེ་ལྟ་བུའི་རྨི་ལམ་ལས་སློང་བ་ནི་མི་ཆོས་ཀྱི་རིན་ཐང་དང་ཚེ་སྲོག་གི་དོན་སྙིང་ཡིན་ཞིང་སྙན་དེབ་མི་ཆོས་ཀྱི་རིན་ཐང་ལ་སོགས་སྙེག་པ་ལས་དེ་དག་ལ་ཟུར་ཟའི་མེ་བཙའ་ཙམ་འཇོག་པ་གཏན་ནས་མ་ཡིན། དེའི་ཕྱིར《ན་ཟླ་ཚོ་གླུ་ཞིག་ལོངས》ལྟ་བུས་འབོད་སྐུལ་བྱས་ཤིང《གླིང་ལྔ་ཡོམ་ཡོམ་སྒུལ་བའི་ང་རོ》《གངས་རིའི་རོལ་དབྱངས》ལྟ་བུས་མི་རིགས་ཀྱི་མདུན་དུ་ལངས་ནས་བདེན་དོན་གྱི་མིག་ཟུང་ལས་ཉི་མ་ལྟ་བུའི་འོད་སྣང་བཀྱེས་པའི་སྐྱེས་བུ་ཆེན་པོ་དེ་དག་ལ་རེ་སྨོན་བྱས། ཞར་དང་ཞོར་ལ་མི་རིགས་འདིའི་གོམས་སྲོལ་དང་བསམ་པའི་འཁྱེར་སོ་བཅས་གང་འཚམ་གྱི་ཐོན་ཡོད། 
གོང་དུ་བརྗོད་པ་བཞིན་ལྗོངས་འདིའི་ཞོར་དུ་འཇིག་རྟེན་གྱི་རྙོག་ཟིང་དང་སྡུག་བསྔལ་ལས་འདྲེན་པའི་བསམ་བློ་ཉག་གཅིག་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གནད་དུ་འཛིན་པ་དེ་ཡིན། དེ་ལས་འཇིག་རྟེན་འདིར་སླར་ཡང་མི་ཆོས་གཙང་མ་བཅུ་དྲུག་གི་སྐྱ་རེངས་ཤིག་བསུས་ཏེ་འགྲོ་བ་མི་གཙོ་བྱས་པའི་སྲོག་ཆགས་སྣ་ཚོགས་ལའང་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་པའི་ལྷག་བསམ་མངོན་པའི་གསལ་བྱེད་དུ《དབྱངས་ཅན་མ》《སྤྱན་རས་གཟིགས》《གྲོགས་པོ་ཤམ་བྷ་ལར་ལོག་འགྲོ》ལྟ་བུའི་གསོལ་བ་འདེབས་པའམ་ཡང་ན་མེ་ལྟར་འབར་བའི་རེ་སྨོན་ཞིག་བཟུང་ཡོད། སྐབས་རེར། འཇིག་རྟེན་གྱི་སྐྱེ་རྒ་ན་འཆིའི་ཁྲོད་ཀྱི་སྡུག་བསྔལ་ལས་སྒྲོལ་འདོད་ཡང《ང་རང》དང《འཇིག་རྟེན་དང་དམྱལ་བ》སོགས་སྙན་ངག་འགའ་རེ་ཡོད་པ་ནི་ང་ཚོའི་ཐག་མ་ཆོད་པའི་འཚོ་བའི་ཁྲོད་ཀྱི་སྡུག་བསྔལ་ཏེ་ཤཱཀྱ་ཐུབ་པས་སྔོན་ནས་གསལ་བོར་གསུངས་ཞེས་སྐུ་ཞབས་ལུའུ་ཞུན་གྱིས་བཤད་པ་དེ་རེད། འདི་དག་ནི་འཁོར་བ་རྒྱ་མཚོའི་གྲུབ་ཆ་ཞིག་ཡིན་པས་ལམ་རིམ་ཆེན་མོ་སོགས་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ལུགས་ལ་བརྟེན་ནས་བསམ་གཞིག་བྱེད་དགོས་པ་རེད། སྤྱིར་བཤད་ན་དེ་ལྟ་བུའི་བསམ་བློ་དུས་རབས་འདིར་འབྱུང་དཀའ་བ་ཞིག་ཡིན་ལ་ཕྱག་ན་པད་མོའི་གདུལ་ཞིང་དུ་ཡི་གེ་དྲུག་མ་ལྷན་སྐྱེས་ཀྱི་ངག་གི་གདངས་སུ་སྨིན་པ་དག་ལ་མཚོན་ན་སྐྱེས་འོས་པ་ཞིག་ཀྱང་རེད། འོན་ཀྱང་བསམ་བློ་དེ་དག་བརྗོད་པ་ཙམ་གྱིས་སྙན་དེབ་འདི་མཐོ་རུ་འཕགས་པ་མ་ཡིན་ཏེ་སྙན་ངག་གི་འགྱུར་བ་དང་འགྲོགས་ཏེ་བསྡུས་བརྗོད་དང་འཆར་ཡན། ད་དུང་སྙན་ངག་གི་ངོས་དང་ཟུར། ཡང་ན་སྐབས་ཐོབ་དང་དངོས་ཤུགས་ཅི་རིགས་སུ་ཆུ་ཕྲན་བཞུར་བ་ལྟར་ངང་གིས་བརྡོལ་བ་འདི་ཡིན་ཏེ་མཐར་གཏུགས་ན་སྙན་དེབ་འདིའི་དམིགས་བྱ་ནི་ཞི་བདེ་ཞེས་པའི་རླབས་ཆེ་བའི་ཐ་སྙད་འདིའི་ནང་དུ་འདུས་ཡོད། 
སྙན་ངག་ནི་སྒྱུ་རྩལ་ཡིན་ལ་མཚོན་ཐབས་ཀྱང་ཡིན། འོན་ཀྱང་མཚོན་ཐབས་དང་སྒྱུ་རྩལ་ཞེས་པའང་ཆ་ཤས་དུ་མས་གྲུབ་པ་ལས་སྤྱི་དང་བྱེ་བྲག་གི་ནུས་པ་ཁྱད་པར་ཅན་འདོན་དགོས་པ་ཡིན་པས། གསར་འགྱུར་རྩི་ལྟར་ནུས་པ་བླ་ན་མེད་པ་ཞིག་ཡོད་ནའང་མཐའ་གཅིག་ཏུ་དེ་དག་ལ་བསྙེགས་ཆེས་ན་སྙན་ངག་སྐད་ཆ་མིན་པར་འགྱུར་འགྲོ་བས་སྒྱུ་རྩལ་ལའང་འདོར་ལེན་དང་སྟབས་བསྟུན་བྱ་དགོས། སྤྱིར་བཤད་ན་སྙན་ངག་གི་མཚོན་ཐབས་ནི་སྒྱུ་རྩལ་ཡིན་ལ་མེ་ལོང་མའི་སྒྲ་རྒྱན་དོན་རྒྱན་གཉིས་ཀྱང་སྒྱུ་རྩལ་ཡིན་ཞིང་ཁྱབ་ཆེ་བའི་དབང་དུ་བྱས་ན་སྙན་ངག་གི་སྒྱུ་རྩལ་ཡང་དེ་གཉིས་སུ་རིགས་བསྡུས་སུ་དཔྱད་བཟོད་དུ་གྲུབ་པ་ཡིན། དེའི་ཕྱིར་སྙན་དེབ་འདིའི་སྒྱུ་རྩལ་ཡང་དེ་གཉིས་ལས་དཔྱད་པར་འདོད། སྔོན་བྱོན་མཁས་པས་བརྗོད་བྱ་དོན་གྱི་ལུས་དང་རྗོད་བྱེད་ཚིག་གི་ལུས་ཞེས་བཞེད་པ་དེའི་སྟེང་ནས་བསམ་ན་གོང་དུ་བརྗོད་པ་དག་ནི་སྙན་དེབ་འདིའི་བརྗོད་བྱ་དོན་གྱི་ལུས་ཡིན་ལ་རྗོད་བྱེད་ཚིག་གི་ལུས་ཚིགས་བཅད་དང་རང་མོས་ཀྱི་ལུས་གཉིས་སུ་འདུས་པ་དེ་ནི་གནད་དོན་ཆུང་ཆུང་ཞིག་ཡིན། འོན་ཀྱང་རྩོམ་ལུས་གང་ཞིག་སྤྱོད་མིན་དེ་རང་གི་སྐད་ཀྱི་ཆོས་ཉིད་ལ་བསམ་གཞིག་བྱེད་པ་ལས་ཆོས་ཉིད་དང་མི་མཐུན་པའི་ལུས་ཤིག་སྤྱད་ན་ནི་ཡ་མ་ཟུང་དུ་འགྱུར་འགྲོ། དེའི་ཕྱིར་ཁོང་གིས་ཀྱང་མི་སྐད་ཀྱི་ཆོས་ཉིད་དེར་གཞིགས་ནས་རང་མོས་ལུས་ཀྱང་སྤྱད་ཡོད། དེ་ཡང་ཡིན་ཏེ། བཅད་ལྷུག་གང་ཡིན་རུང་གཙོ་བོ་བརྗོད་འདོད་ལ་རག་ལས་ཤིང་རང་མོས་ལུས་དེ་རང་རེའི་སྐད་དུ་ལྷན་སྐྱེས་སུ་གྲུབ་པས་ན་ཧོས་ཁྲའེ་མན(whitman)གྱིས་གསར་བཏོད་མཛད་ཅེས་པ་ནི་རིགས་པ་དང་འགལ་ཏེ་བེད་སྤྱོད་ཐོག་མར་བྱས་པ་ལས་གསར་བཏོད་མཛད་པར་ག་ལ་འགྱུར། 
སྙན་དེབ་འདིའི་རྒྱན་ལས་སྒྲ་རྒྱན་ནི་གཙོ་བོ་སྒྲའི་སྟེང་ནས་ནུས་པ་འདོན་བྱེད་ཡིན་ཀྱང་དེ་ཙམ་དུ་མ་འདུས་པར་དོན་ལའང་ནུས་པ་ཆེན་པོ་གདོན་ཐུབ། དཔེར་ན། སྒེག་མོ་དང་ལུས་ཕྲ་མ་ཞེས་པ་དག་སྤྱིར་ཚིག་རྒྱན་དུ་བརྩི་ཆོག་ལ་དོན་གཅིག་ཏུ་འབབ་ནའང་སྐབས་བབ་ཀྱི་ཡིད་ཀྱི་འགྱུར་བ་མཚོན་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ་གདུང་བ་དང་སྐྱོ་ཡུལ་དང་འབྲེལ་བ་ཞིག་ཡིན་ཚེ་སྒེག་མོ་ཞེས་པའི་སྒེག་ཉམས་དང་འབྲེལ་བའི་བུ་མོ་ཞིག་གི་སྣང་བརྙན་ལས་རང་གི་འདོད་པ་དང་དབྱེར་མེད་པའི་ནུས་པ་ཞིག་ལས་སྐྱོ་སྨྲེང་དང་འབྲེལ་བའི་འགྱུར་བ་ཞིག་དོན་དཀའ་བས་དེ་ལྟར་སྤྱད་ཚེ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ངེས། དེ་བཞིན་ལུས་ཕྲ་མ་ཞེས་པས་སྨྲ་བ་བོ་ཕར་ཆགས་པའི་འདུ་ཤེས་ཕྲ་མོ་ཞིག་འདྲེན་པར་བྱེད་པས་ཚིག་གི་ནུས་པ་འདོན་སྟངས་ནི་སྙན་ངག་ལེགས་མིན་ལ་རྗེས་འགྲོ་བྱེད་པ་ཞིག་ཡིན། སྙན་དེབ་འདིའི་དེའི་ཕྱོགས་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་པ་ཧ་ཅང་མངོན་གསལ་ཡིན། ཚིག་གི་ཆ་ནས་ངག་ཐོག་ཏུ་རྒྱུགས་ཆེ་ཞིང་བྲོ་བ་ལྡན་ལ་གོ་སླ་བ་ཏག་ཏག་བེད་སྤྱོད་བྱས་འདུག
དེ་ཡང་ཡིན་ཏེ། སྙན་ངག་ནི་འཚོ་བའི་སྐད་ཆ་དྭངས་མ་ཡིན་པ་དེ་སྟེང་ནས་སྙན་ངག་གི་སྐད་ཆ་འཚོ་བ་ལས་བྱུང་བའི་སྤྱི་འགྲོས་སྐད་ཅིག་ཡིན་པ་ལས་མཁའ་འགྲོ་བརྡ་སྐད་དམ་ཤ་ཟའི་རང་སྐད་ཅིག་ཅིས་ནས་ཀྱང་མ་ཡིན། དེའི་ཕྱིར། འདིའི་མིང་དང་ཚིག་ལ་ཚིག་རྒྱན་གཙོར་བསྙེགས་ཀྱིས་བརྡ་སྐད་སྤྱད་ཡོད་ལ་དེ་ཡང་སྔོན་བྱོན་མཁས་པའི་སྙན་ངག་གི་བརྡ་དང་འཚོ་བ་ལས་རྒྱུགས་ཆེ་བའི་སྤྱི་འགྲོས་སྐད་མང་བོ་བཀོལ་འདུག་པ་འདིས་རྣམ་པ་གསར་བ་ཞིག་བསྟེར་ཐུབ། སྡེབ་སྦྱོར་གྱི་ཐད་ནས་ཁོང་གིས་བོད་སྐད་ཀྱི་གདངས་དང་དབྱངས་རྟ་ལ་ཞིབ་འཇུག་བྱས་པ་བཞིན་སྔོན་རྗེས་དང་དབྱངས་བཞི། འདོགས་ཅན་དང་མགོ་ཅན་བཅས་ཀྱི་ཁྱད་པར་སྒྲའི་དྲག་རྩུབ་བར་མ་ཇི་བཞིན་འབྱུང་བའི་གནད་དེ་གཙོ་བོར་བཟུང་ནས་བརྗོད་བྱ་དང་བསྟུན་ཏེ་བཀོལ་སྤྱོད་བྱས་པས་ལྷོད་ཤ་དང་བབ་ཆགས་ཉམས་སྣང་དུ་འདྲེས་པ་སོགས་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཡོད། དོན་གྱི་ཆ་ནས་རང་བཞིན་བརྗོད་པ་དང་དཔེ་རྒྱན། བསྡུས་བརྗོད། རབ་རྟོག ཕྲ་མོའི་རྒྱན། ཆའི་རྒྱན། ཉམས་ལྡན་གྱི་རྒྱན་སོགས་མེ་ལོང་མའི་ཁྱད་ཆོས་གཞིར་བཟུང་ནས་རང་སྐད་ཀྱི་ཆོས་ཉིད་ལས་བཏོན་པའི་མཚོན་ཐབས་དང་སྒྱུ་རྩལ་དམིགས་སུ་བཟུང་ཡོད་ཅིང་། ད་དུང་མི་རིགས་གཞན་པའི་རྣམ་པའི་སྟེང་ནས་ལེགས་ཆ་ཅུང་ཟད་བླངས་ཡོད། སྙན་ངག་ཅིག་གི་ཡོན་ཏན་ནི་མཚོན་ཐབས་དང་སྒྱུ་རྩལ་སྤྱད་ཡོད་པ་དེ་མ་ཡིན་པར་དེ་གཉིས་ཀྱི་སྙན་ངག་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་དེ་ཡིན། དཔེར་ན། 《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》ཞེས་པའི་མིང་འདི་ལས་ཅུང་ཙམ་དཔྱད་ན་དབྱངས་ཅན་མ་ཞེས་པའི་སྲོལ་རྒྱུན་གྱི་རིག་གནས་དང“ཁ་བཏགས་ལྟ་བུའི”ཞེས་པའི་དཔེ་གསར་བ་འདིས་དེང་རབས་མཚོན་པས་ཁོང་གི་སྙན་དེབ་འདི་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བ་ཤེས་ཤིང“ཁ་བཏགས”ཀྱི་བོད་ཀྱི་གོམས་སྲོལ་དང་སེམས་ཁམས་ཀྱི་ཁྱད་ཆོས་དང“དབྱངས་ཅན་མ”ཆོས་ལུགས་མཚོན་པ་དེ་ནས་ཀྱང་བསམ་གཞིག་ཆེན་པོ་གཏོང་རྒྱུ་ཡོད། དེར་མ་ཟད་ཁ་བཏགས་ཀྱི་མདོག་དང་ལྷོད་ཤ་ལས་དབྱངས་ཅན་མ་གསལ་བྱེད་དུ་གོ་བ་བླ་ལྷག་ཏུ་སྟེར་ངེས་པར་མ་ཟད་ཁ་བཏགས་ནི་ཐོག་མའི་སྐྱེས་ཡིན་ལ་དབྱངས་ཅན་མ་སྙན་ངག་གི་ལྷ་མོ་ཡིན་པར་མ་ཟད་བཅུ་དྲུག་ལང་ཚོའི་སྒེག་ཉམས་དང་རྒྱུད་སྟོང་ལྡན་པའི་འཕང་འགྲོ་སྦྲེངས་པར་བྱེད་པས་དེ་གཉིས་ཚོགས་པ་ལས་རྩོམ་པ་བོའི་བརྩེ་དུང་དང་རེ་སྨོན་ཡང་དུང་ལྷང་ངེར་མངོན་ཐུབ་པ་རེད། དེ་བཞིན་སྙན་དེབ་འདིར་ཧ་ཅང་མང་མོད་རེ་རེ་བཞིན་ངོ་སྤྲོད་ཀྱིས་མི་ལང་བས་སྤྱི་མཚན་ལས་བལྟས་ན་ཕྱོགས་འདི་དག་ཏུ་འདུས་སྙམ། 
(1)རང་བཞིན་བརྗོད་པ། སྙན་དེབ་འདིའི་རང་བཞིན་བརྗོད་པ་ནི་མེ་ལོང་མའི་དངོས་བསྟན་ཁོ་ན་མ་ཡིན་པར་ཕྱིའི་ཆོས་ཀྱི་སྣང་ཚུལ་དང་ནང་སེམས་ཀྱི་མྱོང་ཚོར། ལྷག་པར་དེ་གཉིས་འབྲེལ་བའི་ཐད་ནས་མཚོན་ཡོད། དཔེར་ན། རྗེ་བཙུན་སྒྲོལ་མས་ཕྱི་མིག་ལྟ་བཞིན་ནམ་མཁར་འཕུར/ངས་བར་སྣང་དང་བྲག་ཆ་བརྒྱུད་ནས/ནམ་མཁར་འཕུར་བའི་རྗེ་བཙུན་སྒྲོལ་མ་བོས/ལྟ་བུས་འཆར་ཡན་གྱི་རང་བཞིན་བརྗོད་ཅིང“སྣང་བ་ཞིག་ལ། ཁྱེད་ཉེ་འཁོར་ཞིག་ན་ཡོད་སྙམ/འུ་ཚང་གི་ཐབ་ཀའི་གཡས་ཕྱོགས་སམ། ཡང་ན/འུ་ཚང་གི་འོ་ཟོ་ནང་ན་སྦས་ཡོད་འདོད་ནས/མིག་ཟུང་རིག་རིག་གིས་བཙལ/སྐད་ངག་གཉོམ་གཉོམ་གྱིས་བོས/ལྟ་བུ་བརྩེ་དུང་དང་སྣང་བ་རང་བཞིན་བརྗོད་པ། ཁྲོམ་སྲང་ལྟ་བུ་གཟུང་འཛིན་གྱི་འབྲེལ་བའི་སྟེང་ནས་རང་བཞིན་བརྗོད་པ། 《དབྱངས་ཅན་མ》དང《སྤྱན་རས་གཟིགས》ལས་རེ་སྨོན་ཇི་བཞིན་བརྗོད་པ། 《གངས་རིའི་རོལ་དབྱངས》ལས་སྐྱེས་བུའི་ངང་ཚུལ་གྱི་རང་བཞིན་བརྗོད་པ་སོགས་མདོར་ན་བསྡུས་བརྗོད་དང་འཆར་ཡན། འུད་བརྗོད་བཅས་གང་བརྗོད་ནའང་རང་བཞིན་བརྗོད་པའི་ཆ་ཤས་ཤིག་འདུས་ཡོད་དེ་དེ་མེད་ན་བདེན་དོན་གྱི་རྨང་གཞི་མེད་པས་ཀློག་པ་བོས་རོ་མྱོང་བའི་ཚེ་ན་ཆུ་ལ་ཆུ་བཞག་ལྟར་སྙན་ངག་གི་འགྱུར་བ་རང་སེམས་ལ་སིམ་པའི་ནུས་པ་ཡོད་པ་མ་རེད། སྙན་དེབ་འདི་དེ་ལྟ་བུའི་རང་བཞིན་བརྗོད་པའི་སྒྱུ་རྩལ་དང་ཁ་འབྲལ་མེད་པ་འདི་ཁོང་ཉིད་འཚོ་བར་ཟབ་ཞུགས་བྱས་པ་མ་ཟད། མྱོང་བའི་ལག་ལེན་གྱི་ཐད་ནས་ཀྱང་ཉམས་མྱོང་ཐོན་ཡོད་པ་དེ་ཤེས་ཐུབ། 
(2)བསྡུས་བརྗོད། དབྱངས་ཅན་མ་ནི་ཁོང་གི་བསྡུས་བརྗོད་ཀྱི་གཙོ་བོ་ཡིན་ལ་ད་དུང《གྲོགས་པོ། ཤམ་བྷ་ལར་ལོག་འགྲོ》དང《མཛོ་མོ་བལ་ཁུར་གྱི་འཇིག་རྟེན》དང《དམྱལ་བ》《ཁྲུང་ཁྲུང》《དུས་བཞིའི་དྲན་སྣང》《རྨི་ལམ་ལྟ་བུའི་བུ་མོ》སོགས་གང་མང་ཞིག་ཡོད། ཁོང་གི་བསྡུས་བརྗོད་ཀྱི་མཚོན་སྟངས་ནི་སྒྱུ་རྩལ་ཁ་ཡན་པ་ཞིག་མ་ཡིན་པར་བོད་ཀྱི་གོམས་སྲོལ་དང་རང་གི་བརྩེ་དུང་། འཆར་ཡན་སོགས་ལས་མཚོན་ཡོད་དེ“འབུམ་ཕྲག་དང་འབུམ་ཕྲག་གི་རྡོག་སྒྲ་མནོན་དུས/ང་ཚོའི་བར་ཐག་ཧ་ཅང་ཉེ/གདོང་གི་འཛུམ་དཀར་དེ་སྙིང་ལ་སྡུག་ཀྱང/སེམས་ཀྱི་ཁ་དོག་སེར་བོ དམར་བོ ནག་པོ/”མདོར་ན་མིང་མི་ཤེས་པའི་ཁ་དོག་སྣ་ཚོགས/སྣ་ཚོགས་ཀྱི་ཁྲོད་དུ་ངས་རང་ཉིད་མི་འབོར་ཀ་མེད་བྱུང་ཞེས་པ་ལྟ་བུ་དང་། དཀར་ལེབ་ཀྱི་གཤོག་ཟུང་མཉེན་མོ་དེ་དལ་མོར་བསྒྱུར་ཅིང/སྙན་ལྷང་ལྷང་གི་མགྲིན་དབྱངས་ཟབ་མོ་དེ་དལ་མོར་སྒྲོག་དུས/ལོ་རབས་འདིར་ཇི་འདྲའི་མཁོ་ཞིང་དེ་བཞིན་དུངས་པའི་བློ/རི་ཚོགས་ཀྱི་བསམ་གཞིག་ལས་རྙེད་བྱུང/དེ་རིང་ཡང་མཐོང་བྱུང་། ངའི་རྨི་ལམ་ལ་ཡང་ཡང་འཁོར་བའི/རྨི་ལམ་ལྟ་བུའི་བུ་མོ་དེ་མཐོང་བྱུང/གསལ་ལྷང་ལྷང་གི་ཀི་རིང་ཞིག་བཏབ་དུས/ཁོ་མོས། རང་གི་སེམས་པ་ལྟར་ཧ་ཅང་ལྕི་བའི/ཕྱི་མིག་ཅིག་དལ་མོར་བལྟས་བྱུང/ལྟ་བུ་ཧ་ཅང་མང་སྟེ་འདི་དག་ནི་དངོས་ཡོད་ཀྱི་ཉམས་སྣང་སྟེར་བའི་བསྡུས་བརྗོད་ཡིན་ལ་འཆར་ཡན་དང་འབྲེལ་བའི་བསྡུས་བརྗོད་ཀྱང་ཡིན་ཏེ་ཁྱད་ཆོས་གཙོ་བོ་ནི་གོ་བ་ཉིས་འགྲོ་མའི་ཚིག་བཞིན་རང་སྟེང་ནས་མཚོན་བྱེད་ཁྱད་པར་ཅན་ཞིག་ཡོད་པས་སྙན་ངག་ལ་གོམས་མ་གོམས་ཐམས་ཅད་ཀྱིས་རང་རང་གི་སྐལ་བར་འཚམ་པའི་རོ་རེ་མྱོང་ཐུབ་པ་རེད། 
(3)འཆར་ཡན། སྙན་དེབ་འདིའི་སྙན་ངག་མང་བོ་ཞིག་འཆར་ཡན་གྱི་རྩོམ་སྟངས་སྤྱད་ཡོད། དེའང《མེ་ལོང་མའི》ཆའི་རྒྱན་དང་། ཕྲ་མོའི་རྒྱན། རབ་རྟོག་གི་རྒྱན། ཉམས་ལྡན་གྱི་རྒྱན་སོགས་གང་འཚམ་དུ་འདྲེས་ཤིང་ཡོངས་ཁྱབ་ནས་ནང་སེམས་ཀྱི་འགྱུར་བ་དང་བསྟུན་ཡོད། དཔེར་ན《བདག་གི་རྗེ་བཙུན་སྒྲོལ་མ》《དུས་བཞིའི་དྲན་སྣང》《ཁྲུང་ཁྲུང》《ནང་སེམས་ཀྱི་གཏམ་རྒྱུད》《ཁྱེད་མྱུར་དུ་ཕེབས་ཤོག》ལྟ་བུ་སོགས་སྟེ་དེ་དག་ལས། “ཉིན་དཀར། ཁྱོད་ཀྱི་འོ་ཐུག་དང་འདྲ་བའི་ལུག་ཁྱུའི་ངོགས་སུ/ནང་སེམས་ཀྱི་གདུང་ཡུས་ཡོད་ཚད་གཞས་ཆུང་གིས་གསོས་ཤིང/མཚན་མོར། ཁ་ཚུབ་ལས་མངོན་པའི་ཟླ་བ་ལྟ་བཞིན/འདས་ཟིན་པའི་མེ་ཏོག་རེ་རེ/དྲན་ཤེས་ཀྱི་སྣོད་དུ་སྤུངས་ཡོད་ངེས/”ཞེས་དང་། “ཡུན་རིང་གི་རྗེས་སུ/ངའི་རྨི་ལམ་ཇི་བཞིན/ཁོ་མོ་རྫ་ཆེན་གྱི་སྨུག་པའི་ཁྲོད་དུ་ཡལ་འདུག//ཨ། རྨི་ལམ་ལྟ་བུའི་བུ་མོ/ད་ལྟའི་མིག་མདངས་མཐོང་ཚེ། ཁྱེད་ཕེབས་ངེས་ལ/ད་ལྟའི་གདུང་འབོད་ཐོས་ཚེ/ཁྱོད་ཀྱིས་ཨ་ལན་གནང་ངེས/སྤྲིན་པར་རྫུ་ནས་མདུན་ཕྱོགས་སུ་རྒྱུ་བཞིན་ཡོད་དམ/རླུང་བུའི་ཟོལ་གྱིས་ཆང་ཁ་ན་རྩེན་བཞིན་ཡོད་དམ”ཞེས་པ་ལྟ་བུ་མང་བོ་ཐོན་ཞིང་། དེ་ཡང་བརྩེ་དུང་གི་འོ་མའི་རླབས་སུ་ལྟེམ་ལྟེམ་དུ་རྒྱུ་བ་འདྲ་བས་ཀློག་པ་བོ་ལ་འཆར་ཡན་ནམ་རྨི་ལམ་ཞིག་གམ་ཡང་ན་ཐུན་མོང་མ་ཡིན་པའི་ཚོར་བའི་མེ་ཏོག་ཚལ་དུ་ཁྲིད་པའི་ནུས་པ་ལྡན་འདུག སྙན་ངག་རེ་རེའི་ཁྲོད་དུ་གོང་དུ་བཤད་པའི་དེ་གསུམ་དབྱེར་མེད་དུ་འདྲེས་ཡོད་ནའང་ཕྱོགས་ཡོངས་ནས་ཁྱབ་ཆེ་ཆུང་ཡོད་ཅིང་། གཞན་ད་དུང་འདིར་ཐེངས་མང་བོར་མངོན་པ་ནི་དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཡིན་ལ་མང་ཆེ་བ་གསར་བ་གསར་རྐྱང་ཡིན། དཔེར་ན། “སྤྲིན་དཀར་ལྟ་བུའི་མཚར་སྡུག/མེ་ཏོག་ལྟ་བུའི་བསུང་ཞིམ/ཨ་མ་ལྟ་བུའི་བྱམས་བརྩེ”དང“མེ་ལྕེ་ལྟ་བུའི་བུ་མོ”སྐར་ཆེན་ལྟ་བུའི་མིག་འོད/ཟླ་འོད་ལྟ་བུའི་འཛུམ་དཀར/དྲི་བཞོན་ལྟ་བུའི་བསུང་ཞིམ/རྨི་ལམ་ལྟ་བུའི་བུ་མོ/ཡུན་རིང་རྗེས་སུ། ངའི་རྨི་ལམ་ཇི་བཞིན/〈〈ཁ་བཏགས་ལྟ་བུའི་ཁ་བ〉〉ལས། འོ་ཐིགས་དང་འདྲ་བའི་ལུག་ཁྱུ/སོགས་མིག་ལ་འཆར་བའི་གཟུགས་རིས་ཀྱི་ནུས་པ་ལྡན་ཞིང་ཡིད་ལ་རོ་མངར་ཁྱད་པར་ཅན་སྟེར་བའི་རྒྱུས་ཡོད་ཀྱི་དཔེ་དག་སྤྱད་པ་དང་གཟུགས་སུ་འགོད་སྟངས་ནི། མེ་ཏོག་གི་གོས་རྒྱན་ལྡེམ་ལྡེམ/སྨུག་སྤྲིན་གྱི་རྦ་རླབས་ཡོམ་ཡོམ/དང་བེམ་རོའི་དགོད་སྒྲ་དང་ལྐོག་གཡོའི་གླུ་དབྱངས/བརྩེ་དུང་གི་རྒུན་ཆང་ཞིམ་པོ/ཁྱོད་ཀྱི་བྲང་ཁོང་ན། དྲོད་འཇམ་གྱི་འོ་ཇ་ཡོད་མེད་ལ་ལག་པ་བསྲིང་། /ངའི་སེམས་ཁོང་དུ་རིམ་བཞིན་ཁྱོད་ཀྱི་མེ་ཏོག་བཞད་ཅིང/མེ་ཏོག་གི་བསུང་ཞིམ་དེ་ང་ཁོ་ནས་ནམ་རྒྱུན་ཚོར/ དྲོད་འཇམ་གྱི་སྣང་བ་དཀར་བོ་རྒྱང་ལ་གཏད་ཡོད། /དེ་རིང་གི་ཉི་མ/རྨི་ལམ་ལ་བབས་པའི་སྙིང་སྡུག་མའི་འཛུམ་ཆུང་ཡིན་ལ/གདོང་མཆོང་བའི་སེམས་པ་འཆའ་བའི་ལྷགས་རླུང་ཡིན/ལྟ་བུ་སེམས་ཁམས་དང་བསྟུན་པའི་མྱོང་ཚོར་བྲོ་བ་ཅན་གྱི་མཚོན་ཐབས་གསར་བའི་ལམ་ནས་དྲངས་ཡོད་པ་འདིས་བརྗོད་བྱ་དང་བརྩེ་དུང་། མྱོང་ཚོར་བཏོན་པ་ལ་ཕན་ནུས་ངེས་ཅན་ཞིག་ཡོད། ད་དུང་མཚོན་ཐབས་ལས་ཐུན་མིན་ཕྲ་ཞིང་ཞིབ་པ་རེ་ཡོད་མོད་མང་དུ་དོགས་ནས་མ་སྤྲོས་སོ། །
སྙན་དེབ་འདི་ལ་དེ་ལྟ་བུའི་བསམ་བློ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པས་ཀློག་པ་བོ་འཇིག་རྟེན་གསར་བའམ་མྱོང་ཚོར་ཁྱད་པར་ཅན་གྱི་ཁོར་ཡུག་ཏུ་འཁྲིད་པར་གདོན་མི་ཟ། འོན་ཀྱང་གོང་དུ་བརྗོད་པ་ནི་རགས་པའི་མིག་གིས་བལྟས་ཏེ་ཟོར་ཡང་བའི་གཏམ་གྱིས་བཤད་པ་ལས་ཕྲ་ཞིང་ཞིབ་པའི་ཁྱད་པར་དག་ནི་རྣམ་དཔྱོད་ཀྱི་མིག་དཀྱུས་ཡངས་པའི་ཀློག་པ་བོ་དག་གི་བློ་གྲོས་ལ་ཡིད་ཆེས་ཀྱིས་མང་བོ་བརྗོད་པའི་ངལ་བ་མི་བསྟེན་ནོ། ། སྤྱིར་བཤད་ན་ཁོང་གི་གྲུབ་འབྲས་བླ་ན་མཐོ་ཞིང་དགེ་མཚན་ལྡན་པ་ཀློག་པ་བོར་ངེས་གསལ་འབྱུང་ནའང་ཅུང་ཚད་གཞི་ལམ་ནས་བལྟས་ན་སྐྱོན་ཡང་མི་ཉུང་བ་ཞིག་ཡོད་དེ། དཔེར་ན་བསམ་བློ་འདོན་སྟངས་དང་། སྒྱུ་རྩལ་གྱི་མཚོན་ཐབས། ཚིག་རྒྱན་གྱི་སྡེབ་སྦྱོར། རྩོམ་ལུས་ཀྱི་སྒྲིག་རིམ་བཅས་ཕྱོགས་སོ་སོར་མ་ནུས་པ་དང་། མི་འདང་བ། གོ་རིམ་འཆོལ་བ། ལྷག་ཆད་ཤོར་བ་སོགས་ཀྱང་གང་མང་ཞིག་ཡོད། འོན་ཀྱང་འདི་ནི་གསར་རྩོམ་གྱི་ལམ་དུ་འབྱུང་ངེས་པ་ཞིག་ཡིན་པས་ཡ་མཚན་པ་ཅི་ཡང་མེད་ལ་འགེབས་པའི་དགོས་པའང་མ་མཆིས་ཏེ་སྙན་ངག་པ་ཞིག་གི་ཞན་ཆ་ནི་ཁོའི་སྙན་ངག་གམ་ཁོ་ལ་སྐྱོན་ཡོད་པ་དེ་མ་ཡིན་པར་སྐྱོན་ཆ་འགེབས་པ་དང་ཁས་མི་ལེན་པ་དེ་ཡིན། གངས་འཚོར་མཚོན་ན《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》དབུ་མ་བ་ཞིག་ཡིན་པར་གཏན་ནས་ཁས་མི་ལེན་ཏེ་ཁོ་རང་གི་སྙན་ངག་རྟག་ཆད་ཀྱི་མཐའ་ལས་གྲོལ་ཏེ་དབུ་མའི་ལམ་ལ་བསྙེག་པའི་འདུན་པ་ཤིན་ཏུ་བརྟན་ཞིང་སྙན་དེབ་འདི་ནི་མ་འོངས་པའི་སྔོན་འགྲོ་ཞིག་ཡིན་པས་ཁོའི་སྙན་ངག་གི་དངོས་གཞི་ད་དུང་བྱུང་མེད། དེའི་ཕྱིར་ཀློག་པ་བོས་སྙན་དེབ་འདིའི་དགེ་སྐྱོན་ལས་ཁོང་ལ་འབྲེལ་གཏུགས་བྱས་ཆོག སྔོན་འགྲོ་བྲིས་ནས་མཇུག་སྒྲིལ་བའི་དུས་འདིར་ངའི་ཡིད་ལ་སྔོན་འགྲོ་དྭངས་མོ་ཞེས་པའི་སྙན་ངག་ཅིག་བརྡོལ་བྱུང་བ་འདི་ལྟར། 
སྔོན་འགྲོའི་ཁ་བཏགས། ཁ་བཏགས་བཞིན། 
མེ་ཏོག་དང་རྨི་ལམ་གྱི་དགའ་ཚལ་དུ། 
གླུ་ཆུང་ཞིག ཁེར་བཤད་ཅིག ད་དུང་། 
བརྩེ་དུང་བཞིན་དྲོད་ཀྱིས་འཕྱོ་བའི་འཆར་སྣང་དེས། 
དུད་པའི་མིག་ཟུང་ལས་བསུང་ཞིམ་ལྟ་བུའི། 
དུང་སེམས། རེ་སྨོན། ད་དུང་འགྱུར་བ་མང་བོ། 

འཛུམ་ཆུང་ལྟ་བུའི་མེ་ཏོག་གི་གང་བུ་གྲོལ་ཚེ། 
སེམས་པའི་ཚེམས་ཕྲེང་གི་མདངས་སུ་བཞད་པ། 
སྨོན་པ་ཞིག གདུང་བ་ཞིག དེ་ལས། 
ཁ་བཏགས་ལྟ་བུའི་སྙིང་གཏམ་གྱི་མདུད་པ་རེ་རེས། 
སླར་ཡང་བྲིས་བྱུང་། སྔོན་འགྲོའི་ཁ་བཏགས་ཀྱི་ལྷོད་ཤ་ལྟ་བུའི། 
བག་ཆགས་དང་ཕྱི་ཐག ད་དུང་སྐྱོ་སྨྲེང་སྣ་ཚོགས། 

འཆར་ཡན་ཇི་བཞིན། འཆར་ཡན་ཇི་བཞིན་གྱི་སེམས་པ་ཕྲ་མོ།
བག་ཆགས་དང་དུང་ཞེན་ལས་ངང་གིས་རྒྱས་ཚེ། 
སྨྲེང་བ་ཞིག སེམས་ཁྲལ་ཞིག དེ་བས། 
སོམ་ཉི་ལྟ་བུའི་མིག་གི་འོད་མདངས་ལས། 
ཡང་ཡང་མཐོང་བྱུང་། འོ་མའི་རང་གཤིས་ཀྱི་དྲི་བསུང་ལྟ་བུའི།
དགའ་སྐྱོ་དང་། བརྩེ་དུང་། ད་དུང་སྔོན་འགྲོ་དྭངས་མོ། 
1996ལོའི་ཟླ9བའི་ཚེས5ཉིན་མང་རའི་དགོན་ཆེན་གྱི་རང་སྤྱིལ་དཔེ་མང་སྤུངས་པའི་དགའ་ཚལ་དུ་བྲིས། 
 
འབྲེལ་ཡོད་འོས་སྦྱོར།